རང་ཞིང་གིས་དྲ་སྟེང་ལྟ་རྟོག་ཆེད་ལས་འཇོན་མི1000ལྷག་གསོ་སྐྱོང་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་པར་སྐྲུན་འགྲེམས་སྤེལ་བྱས་པའི《དྲ་སྟེང་འཇོན་མི་གསོ་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི》ཞེས་པའི་ནང་དུས་ཡུན་ལོ་གསུམ་གྱི་ནང་དྲ་སྟེང་ལྟ་རྟོག་བདག་དོམ་ཁྱབ་ཁོངས་ཀྱི་ཆེད་ལས་འཇོན་མི1000ལྷག་གསོ་སྐྱོང་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་དང་ས་ཁུལ་བཅས་རིམ་པ་མི་འདྲ་བ་བཞི་ཡི་དྲ་སྟེང་ཁྲོམ་རའི་ལྟ་རྟོག་ཚད་ལེན་ཞིབ་བཤེར་སྒྲིག་གཞི་གསར་འཛུགས་བྱེད་རྒྱུ་ཡིན་པ་རེད།

དེའི་ཁྲོད་གློག་རྡུལ་གཞི་གྲངས་ལ་རྩད་གཅོད་དང་དབྱེ་ཞིབ་མཁན100གསོ་སྐྱོང་བྱེད་རྒྱུ་ཡིན་ལ། དེ་ཡང་ལས་ཀ་གཙོ་བོ་ནི་དྲ་སྟེང་ཚོང་རྫས་ཀྱི་ཉོ་འཚོང་བརྗེ་རེས་དང་གློག་རྡུལ་ཚོང་དོན་ལྟ་རྟོག་བདག་དོམ་བྱ་བ་སྒྲུབ་པ། ཡང་ན་ཆེད་དུ“ཆ་འཕྲིན་དྲ་རྒྱ+”གཞི་གྲངས་ཀྱི་ཤེས་རབ་ལ་ལྟ་སྐུལ་བདག་དོམ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན། དྲ་སྟེང་ཁྲིམས་བསྟར་རྐང་འཛིན་མི་སྣ300གསོ་སྐྱོང་གིས་རྩིས་འཁོར་སྒྲིག་ཆས་ཀྱི་སྒྲིག་གཞི་བེད་སྤྱོད་བྱེད་པར་བྱང་ཆ་ལྡན་པ། དྲ་སྟེང་གཞི་གྲངས་གྱོད་དོན་རྩད་གཅོད་ཐུབ་པ་བཅས་ཀྱིས་དྲ་སྟེང་དོགས་གཞི་ཅན་གྱི་གྱོད་དོན་ལ་རྩད་གཅོད་ཐུབ་པ་དང་ཤེས་བྱའི་འདུས་ཚད་མོད་པོའི་གྱོད་དོན་སྒྲུབ་མཁན་གྱི་རྐང་འཛིན་མི་སྣ་ཡིན་པ་རེད། གཞི་རིམ་དྲ་སྟེང་ལྟ་ཞིབ་ཚད་ལེན་མཁན600གསོ་སྐྱོང་བྱེད་རྒྱུ་ཡིན་ལ། རྩིས་འཁོར་འཕྲུལ་ཆས་ཀྱི་སྒྲིག་གཞི་དང་གནས་སྤོར་བརྡ་འཕྲིན་སྒྲིག་ཆས་ཀྱི་བེད་སྤྱོད་ལ་བྱང་ཆ་ལྡན་པ། དྲ་སྟེང་གི་ཁྲིམས་འགལ་བྱ་སྤྱོད་གསར་རྙེད་ཐུབ་པ་ནས་ཁྲིམས་ལྟར་གྱོད་དོན་གྱི་ཁུངས་སྣེ་རྩད་གཅོད་བྱས་ཏེ་སྒྲུབ་ཐུབ་མཁན་ཞིག་བྱེད་དགོས།

འགུལ་སྐྱོད་འཆར་གཞི་དེ་དུས་ཡུན་ལོ་ངོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་དྲ་སྟེང་གི་ཆེད་ལས་ཁྱབ་ཁོངས་སུ་གནས་པའི་ལས་དོན་ལ་བྱང་ཆ་ལྡན་པའི་དྲ་སྟེང་ལྟ་སྐུལ་བདག་དོམ་པ་དག་གི་སྣེ་ཁྲིད་ཀྱི་བྱེད་ནུས་མངོན་གསལ་དོད་པོ་ལྡན་ཞིང་འབྲེལ་ཡོད་ཀྱི་ལས་རྐང་ཐོབ་ཐང་ཐོབ་པ། དེ་མིན་ཆེད་ལས་ཀྱི་ཤེས་བྱའི་རྒྱབ་ལྗོངས་ལེགས་པོ་འཐུས་ཚང་ལྡན་པ། བྱེད་ནུས་ངེས་ཅན་ཐོན་པའི་སྒོ་ནས་དྲ་སྟེང་གི་ཉིན་རྒྱུན་འཚོ་བར་ལྟ་ཞིབ་ཚད་ལེན་ཐུབ་པ། གྱོད་དོན་གྱི་འགོ་ཁུངས་ལ་རྩད་གཅོད་བྱེད་པའི་ཆེད་ལས་རང་བཞིན་གྱི་ལག་རྩལ་ལྡན་པའི་འཇོན་མི་དང་ཕྱོགས་བསྡུས་རང་བཞིན་གྱི་བདག་དོམ་འཇོན་མིའི་རུ་དཔུང་གསར་འཛུགས་སྒོས་རང་ཞིང་གི་དྲ་སྟེང་ཁྲོམ་རའི་ལྟ་སྐུལ་བདག་དོམ་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།