“ལི7ཐེབས་རྩ”ཡིས་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་གནད་སྨིན་དབུལ་སྒྲོལ་གྱི་འབྱོར་འབྲིང་ཕུགས་འདུན་ཇེ་བརྟན་དུ་བཏང་བ། (2)

ཐོན་ལས་ལ་སྐུལ་ཁྲིད་བྱས་ཏེ་འབྱོར་འབྲིང་ལམ་གྱི“སྣེ་ཁྲིད་དམག”བྱེད་པར་ཧུར་བརྩོན་བྱེད་པ། 

ཁྲི་ཀ་རྫོང་ཀ་རང་ཤང་སུམ་པ་གྲོང་ཚོའི་ལྷ་འབུམ་རྒྱལ་དང་པདྨ་མཚོ་བཟའ་ཚོ་གཉིས་ཀྱིས་ཕྱེས་པའི་ཚོང་ཁང་ཆུང་ཆུང་དེ་ནི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་ཉེན་ཡོད་སྡོད་ཁང་རྙིང་པའི་ཁ་གསབ་ལོངས་སྤྱད་ནས་བསྐྲུན་པ་ཡིན་ཞིང་། ཚོང་ཟོག་ཕུན་སུམ་ཚོགས་པས་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། དུས་རྒྱུན་ཚོང་ཁང་ཆུང་ཆུང་དེ་པདྨ་མཚོ་གཅིག་པུས་གཉེར་སྐྱོང་བྱེད་པ་ཡིན་ལ། ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི2ལྷག་ཙམ་རག་ཐུབ་ཀྱི་ཡོད། ལྷ་འབུམ་རྒྱལ་གྱིས་རྫོང་གྲོང་དུ་མཛེས་བཟོ་བྱེད་པ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི4ཙམ་ཟིན་གྱི་ཡོད། 2018ལོའི་ཟླ6པར་ཁོས་རླངས་འཁོར་འདུག་སྟེགས་ཉིས་ཤར་ཅན་ཞིག་ཉོས་པ་དང་རྒྱུ་ཆ་འདྲེན་པའི་ལས་སྒོ་མང་པོ་བྱུང་བས་ཡོང་འབབ་བཅུ་ཆའི་གསུམ་ཇེ་མང་དུ་ཕྱིན་ཡོད། 

“རབ་བརྟན་བཀྲ་ཤིས་ཚང་གིས་ང་ཚོར་ད་ལོར་བསྙལ་བའི་ནས་ཀྱི་ཆང་བཙོས་མ་ཐོག་མ་དེ་བྲོ་བ་མྱོང་དུ་བཅུག་བྱུང་། གྲོང་ཚོའི་རྩིས་གཉེར་གཅོད་པ་ཚེ་རིང་གི་སྣེ་ཁྲིད་འོག་ང་ཚོ་གྲོང་མི་རབ་བརྟན་བཀྲ་ཤིས་ཀྱི་ཁྱིམ་དུ་ཡོང་བ་ཡིན། སེམས་རྩ་འཁོལ་བའི་སྦྱིན་བདག་སྐྱེས་པ་ཞིག་གིས་མི་རིགས་ཀྱི་གྱོན་ཆས་གྱོན་ནས“བཀྲ་ཤིས་བདེ་ལེགས”ཞེས་བརྗོད་བྱུང་། བདག་མོས་ལག་སྡེར(བཟའ་ཆས་ཀྱི་ཤིང་སྡེར་དང་། མགྲོན་པོར་བརྩི་བཀུར་བྱེད་པ་མཚོན་པ)ནང་དངུལ་ཕོར་གསུམ་གྱི་ནས་ཆང་བཏེགས་ནས་མགྲོན་པོ་རྣམས་ཀྱི་མདུན་དུ་ལྷགས་འོང་བ་ལ། དྲི་ཞིམ་འཐུལ་བའི་ནས་ཆང་ནི་གློ་བུར་དུ་ལུས་ཡོངས་ལ་ཚ་རླབས་ཤིག་བསྐྱེད་ནས་དགུན་ཁའི་གྲང་ངར་ཞུ་བ་དང་མཚུངས། 

གཅོད་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིས་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོའི་རོང་མ་འབྲོག་གི་བོད་རིགས་གྲོང་ཚོ106གི་བདེ་སྡོད་ལས་ལ་བརྩོན་པའི་ད་ལྟའི་རྣམ་པ་འདི་བྱུང་བ་ཡིན། “སྐབས་དེ་དུས་ཤང་དུ་བསྐྱོད་དེ་གཞུང་ལ་འབྲུ་ཁྲལ་འཇལ་ཆེད་དགོང་མོའི་ཆུ་ཚོད11ཐོག་རི་བོ་བརྒལ་ཞིང་ལ་མོ་བརྒྱབ་ན་ད་གཟོད་ནམ་ལངས་ཁར་འབྲུ་རིགས་ས་ཚིགས་སུ་འབྱོར་ཐུབ” “ལོ་ཞིག་ལ་ཤང་ནས་ལུད་རྫས་རྒྱ་མ50ཉོས་པ་རྒྱབ་ཏུ་ཁུར་ནས་ལ་རྒྱག་དགོས་པ་མ་ཟད། ལམ་དོགས་ས་དང་ཉེན་ཁ་ཆེ་ས་ནས་ཟུར་གྱིས་བརྒལ་དགོས་པ་དང་། སེམས་ཆུང་མ་བྱས་ཚེ་ལྷུང་ལྷུང་འབབ་པའི་རྨ་ཆུར་ལྷུང་ཉེན་ཆེ། ”ཅེས་བཤད་བྱུང་ལ། སྔོན་ཆད་ཀྱི་འཚོ་བའི་དཀའ་སྡུག་སེམས་ལ་དྲན་ཚེ་གཅོད་པ་ཚེ་རིང་གི་མིག་མཐར་མཆི་ཞགས་འཁོར།

གཅོད་པ་ཚེ་རིང་གིས་མཛུབ་རྩིས་བྱེད་ཞོར་དུ། ཉེ་བའི་ལོ་ཤས་རིང་གྲོང་ཚོར་ལག་བསྟར་བྱས་པའི་གནས་དབོར་ཡུལ་མིའི་ལས་གཞི་ངོ་སྤྲོད་ཅིག་བྱས་ན། 2014ལོར་མ་དངུལ་སྒོར་ཁྲི960བཏང་ནས་དུད་ཚང98ཀྱི་ཉེན་ཡོད་ཁང་རྙིང་སྒྱུར་བཀོད་བྱས་པ་དང་། 2015ལོར་མ་དངུལ་སྒོར་ཁྲི340བཏང་ནས་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ5300ཟིན་པའི་དམངས་སྲོལ་ཐང་ཆེན་བསྐྲུན། 2017ལོར་མ་དངུལ་སྒོར་ཁྲི120བཏང་ནས་སྨི་ངོས་སྙོམས་གྲུ་བཞི་མ300ཟིན་པའི་ཏང་ཡོན་བྱེད་སྒོ་ཁང་དང་རིག་གནས་ཐང་ཆེན་བསྐྲུན་པ་དང་ཆབས་ཅིག མ་དངུལ་སྒོར་ཁྲི2075བཏང་ནས་སུམ་པ་ལུང་པའི་ཆུ་ལོག་འགོག་བཅོས་འདུ་འགོད་སོགས་ཡུལ་སྐོར་སྤྲོ་གསེང་དང་། དཔལ་འབྱོར་ལོ་ཏོག་འདེབས་འཛུགས། རྐང་ཐང་ལུས་སྦྱོང་ལ་སོགས་པའི་ཐོན་ལས་ལག་བསྟར་བྱས་པ་དང་། སུམ་པ་གྲོང་ཚོར་དམིགས་ཏེ་རྒྱལ་ལམ་ནས་གྲོང་ཚོར་དབར་གྱི་སྤྱི་ལེ10ཡི་ལམ་ཐག་ནས་འཕྲལ་མར་སྒོ་ནང་དུ་ཐོན་ཐུབ་ཀྱི་ཡོད་པས་འཚོ་བ་ཡག་པོའི་འགོ་དེ་ལྟར་ཚུགས་ཟེར།

དགོང་མོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་འབྱོར་སྐབས། རྩི་གོར་ཐང་རྩྭ་ཐང་གི་ནུབ་ཁའི་ཉི་མས་གངས་རི་ངུར་སྨྲིག་མདངས་སུ་བསྒྱུར།  

རྩི་གོར་ཐང་གྲོང་རྡལ་གྲོང་སྐོར་ཤར་ལམ་ཏེ་གནས་དབོར་ཡུལ་མི་གྲོང་ཚོའི་ལྟེ་བའི་ཐང་ཆེན་གྱི་གཟེབ་གྲུག་ལུས་རྩལ་ར་བརལྟ་བཟོ་ཆེ་བའི་གཟེབ་གྲུག་འགྲན་བསྡུར་བྱས་པ་སྟེ། གྲོང་མི་དང་མཐོ་རིམ་སློབ་འབྲིང་གི་སློབ་མས་མཉམ་བསྲེས་རུ་ཁག་བཙུགས་ནས་ཁྱོད་ཕམ་ང་རྒྱལ་གྱི་འགྲན་སྡུར་ཛ་དྲག་ཞིག་བྱས་པས་རུ་མི་ཚང་མར་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་གྱི་ཡོད། 

ཐང་ནག་ཤང་ཤྭ་ར་གྲོང་ཚོའི་མཱ་ཅིན་ལུང་གི་ཁྱིམ་དུ་སླེབས་སྐབས་སྨི་ངོས་སྙོམས་གྲུ་བཞི་མ150ཟིན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་མཛེས་བཟོ་གསར་པ་བརྒྱབ་འདུག་ཅིང་། ནང་མི་དྲུག་གིས་ལོ་སར་བསུ་བཞིན་ཡོད་པ་རེད། མཱ་ཅིན་ལུང་གིས་གསར་འགོད་པར་བཤད་རྒྱུར། དུད་ཚང་ཚང་མས་ལོ་སར་བསུ་སྐབས་་ཁང་གསར་ནང་སྡོད་དགོས་བསམ་གྱི་ཡོད་པས་རྒྱན་བཟོའི་བཟོ་པ་རྩ་བ་ནས་འཚོལ་ཁག་པོ་ཡོད། ཁོས་རྒྱན་བཟོ་ཡི་ཐད་ལ་གྲོན་དངུལ་སྒོར་ཁྲི14.2བཏང་བ་ཡིན། རྒྱན་བཟོའི་རིན་གོང་བཟོ་པས་ཅི་བཤད་ལྟར་བྱས་ཏེ་སྔོན་མངགས་བྱས་རྗེས་ད་གཟོད་ལས་མཇུག་འགྲིལ་རྒྱུའི་ཁ་ཆད་བྱས་ཞེས་བཤད་བྱུང་། 

“ཟླ་བ་དེ་དག་ནང་རྒྱན་བཟོ་ཡི་ཚོང་བྲིན་པོ་ཡོད། ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། ང་ཚོའི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་བཀོད་སྒྲིག་བྱ་ཡུལ་དུ་ཤྭ་ར་གྲོང་ཚོ་གོང་མ་དང་ཞོལ་མ། སྐྱ་བོ་གྲོང་ཚོ་བཅས་ཀྱི་དུད་ཚང635ཡུལ་གཞན་དུ་གཅིག་སྡུད་བཀོད་སྒྲིག་བྱས་པ་རེད། སྨི་ངོས་སྙོམས་གྲུ་བཞི་མ90དང་། 120། 150བཅས་ཀྱི་ཁང་པ་རིགས་གསུམ་ལས་ཡོད་པ་ཚང་མ་མཛེས་བཟོ་བྱེད་ཀྱི་ཡོད་པས་རྫོང་གྲོང་གི་རྒྱན་བཟོའི་རྒྱུ་ཆ་ཚང་མ་སྟོང་པར་གྱུར་འདུག་ཟེར། གྲོང་ཚོའི་ཀྲུའུ་རེན་ལི་ཕེ་ཏེ་ཡིས་གསར་འགོད་པ་རྣམས་འཁྲིད་དེ་གྲོང་མི་དུད་ཚང་ཁ་ཤས་ཀྱི་ཁྱིམ་དུ་བཅར་འདྲི་ཕྱིན་པ་ཡིན། ང་ཚོས་གྲོང་མི་མི་ཉུང་བ་ཞིག་གི་ཁྱིམ་དུ་གོང་ཆེ་སྒྲིག་སྦྱོར་རྒྱུ་ཆ་བེད་སྤྱོད་དང་གློག་ཆས་ཉོ་སྒྲུབ་བྱས་པ་མཐོང་དུས། གྲོང་ཁྱེར་གྱི་ཁྱིམ་ཚང་དང་འདྲ་བོ་ཡོད་པ་མ་ཟད། སྤྲོ་ཁང་དུ་སྡོད་པའི་ཚོར་སྣང་ཞིག་སྦྱིན་ཡོང་། 

ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིར“སྤོ་ཐུབ་པ་དང་། བརྟན་པོ་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱ་ཆེད། ཤྭ་ར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དང་གྲོང་མིའི་འཐུས་མིས་གྲོས་མོལ་བྱས་པ་བརྒྱུད་རྩི་གོར་ཐང་གྲོང་རྡལ་དུ་མ་དངུལ་སྒོར་ཁྲི་900ལྷག་ཙམ་བཏང་ནས་ས་ཞིང་མུའུ280བརྒྱུད་བཤུག་བྱས་པ་དང་། སྔོ་ཚལ་ཤིང་འབྲས་འདེབས་སའི་དྲོད་ཁང་ཆེ་མོ72དང་ནོར་ལུག་གསོ་ཚགས་ར་བ21བསྐྲུན་ནས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་བཏང་། དེའི་ནང་ཆུ་མཛོད་ཁུལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི300ཕུད་མ་དངུལ་བྱིངས་གྲོང་མི་རང་ཉིད་ནས་གྲབས་གསོག་བྱས་པ་རེད། 

ང་ཚོ་ཤ་ར་ཞོལ་མ་གྲོང་ཚོའི་འདེབས་འཛུགས་རྟེན་གཞིར་བསླེབས་སྐབས། དྲོད་ཁང་ནང་འགྲམ་ཆུ་ལྡང་བའི་འབྲི་ཏ་ས་འཛིན་གྱིས་གངས་རིའི་འཚོ་བཅུད་བསྡུས་ཏེ་ཁྲོམ་རར་འདོན་རྩིས་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300སྟེང་གི་ཟོག་ལུད་གཏོར་ནས་སྐྱེ་ལྡན་གྱི“གངས་རའི་འབྲི་ཏ་ས་འཛིན”བཏབས་པར། ས་གནས་དེ་གའི་མི་རྣམས་ཀྱིས“ཧ་ཅང་དཀོན་པོའི”ནོར་བུ་ལྟ་བུ་ཞིག་ཏུ་བརྩི་བཞིན་རྒྱ་མ་རེར་སྒོར30ཡི་སྡེབ་ཚོང་རིན་གོང་གཞི་བྱས་ནས་ཐད་ཀར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་ཁྲོམ་རར་བཏོན་ནས་བྲིན་ཁ་རྒྱུག་པོ་ཆགས་ཡོད་པ་རེད། སོ་ལོ་སྔོན་པོས་གར་གྱི་སྟངས་སྟབས་ངོམ་བཞིན་ཤོག་སྦག་གི་འབོད་སྒྲར་ངང་སྒུག་བྱེད་པ་དང་མཚུངས། “ད་ཆ་ཐོན་འབབ་མཐོ་པོ་མེད་ཀྱང་ང་ཚོས་ཧྲན་ཏུང་ཧྲོའུ་ཀོང‘རྨོ་འདེབས་མཁས་པ’གདན་དྲངས་ནས་ཡུལ་མིར་སློབ་ཁྲིད་བྱེད་དུ་བཅུག་པས་འདེབས་འཛུགས་དུད་ཚང་གི་ལག་རྩལ་མགྱོགས་པོར་ཡར་རྒྱས་ཕྱིན་ཡོད” ”ཅེས་ལི་ཕེ་ཏེ་ཡིས་ཡིད་ཆེས་ཆེན་པོའི་ངང་བཤད་བྱུང་། 

2018ལོའི་ཁྱིམ་ཚང་གི་ཡོང་འབབ་སྐོར་གླེང་སྐབས་མཱ་ཝུའེ་ཕུའུ་ཡིད་ཟོལ་མེད་ཀྱི་འཛུམ་ཞིག་སྟོན་བཞིན“འདི་ལོ་ཡོང་འབབ་རག་མེད། ཚང་མས་ལོ་ལྟར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱས་ནས་ད་གཟོད་སྒོར་ཁྲི་བདུན་བརྒྱད་རེ་ཡི་ཡོང་འབབ་རག་ཀྱི་ཡོད། ལོ་རེའི་ཡི་ཟླ་བཞི་བ་དང་ལྔ་པའི་ནང་ནི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་བཟང་ཤོས་ཡིན་པས་ཡོང་འབབ་ཀྱི་ཁུངས་གཙོ་བོ་ཡིན་པ་ཚང་མས་གསལ་པོ་ཤེས་ཀྱི་ཡོད་ཟེར། 

ང་ཚོ་དང་མཉམ་དུ་སྐྱོད་པའི་མཚོ་སྔོན་ཞིང་ཆེན་གནས་དབོར་ཡུལ་མི་བཀོད་སྒྲིག་ཅུས་ཀྱི་ལས་བྱེད་པ་ཡོན་མིང་ལིས་ངོ་སྤྲོད་བྱས་པར་ལྟར་ན། འཛུགས་སྐྲུན་བྱེད་བཞིན་པའི་ཡར་ཀླུང་ཆུ་ཤུགས་གློག་ཁང་ནུབ་ཁུལ་དེ་བྲག་དཀར་རྫོང་གི་ཤང་གྲོང3གྱི་སྲིད་འཛིན་གྲོང་ཚོ12དང་འབྲེལ་བ་ཡོད་པ་དང་། གནས་དབོར་ཡུལ་མིའི་ཤང་གྲོང་2དང་ཤང་གྲོང9ཡི་དུད་ཚང2248དང་མི9238དང་འབྲེལ་ཡོད་པ་རེད། 2018ལོའི་ཟླ10ཚེས31ཉིན་བར་དུ་རིམ་རྩིས་བྱས་ན་ས་ཆ་བསྡུ་ལེན་བྱས་པའི་གནས་དབོར་ཡུལ་མིའི་ཁ་གསབ་རོགས་དངུལ་སྒོར་ཁྲི་83017.09དམིགས་སར་འབྱོར་ཡོད་པ་ལས་སྒོར་ཁྲི71778.3དངོས་སུ་གཤམ་སྤྲོད་བྱས་ཡོད་ཟེར། 

“ང་ཚོས་མི་རིགས་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་དམིགས་ནས་ཐོག་མར་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་ཡིན། དེ་ནས་གནས་དབོར་གྲོང་ཚོའི་དོན་དངོས་ལ་གཞིགས་ནས་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱེད་སྟངས་རིགས་གཉིས་གཏན་འཁེལ་བྱས་ཡོད། དམིགས་ཡུལ་ནི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། ”ཅེས་བྲག་དཀར་རྫོང་གནས་དབོར་ཡུལ་མི་བཀོད་སྒྲིག་ཅུས་ཀྱི་ཅུས་ཀྲང་དབྱང་པེན་ཅ་ཡིས་དེ་ལྟར་བཤད། 

ཅུས་ཀྲང་གཞོན་པ་ལི་ལིན་ལུའུ་ཡིས་ཁ་གསབ་ཀྱིས་ཚུལ་དུ། གྲོང་སྐོར་ཤར་ལམ་གྱི་གནས་དབོར་ཡུལ་མི་གྲོང་ཚོའི་ཡུག་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གཅིག་སྡུད་བཀོད་སྒྲིག་བྱེད་ཁོངས་སུ་གཏོགས་པས“རྨོ་ཞིང་འདེབས་པ་དང་གྲོང་རྡལ་དུ་སྡོད་པ། རྨང་གཞིའི་སྒྲིག་བཀོད་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ། འཚོ་བའི་ཞབས་ཞུ་སྡེ་ཁུལ་དུ་འགྱུར་བ། འཚོ་བ་སྐྱེལ་སྟངས་གྲོང་མི་ཅན་དུ་འགྱུར་བ”བཅས་ཀྱི་གསར་དར་གྲོང་གསེབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་ཟེར། 

ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་བཀོད་སྒྲིག་དང་ཞིབ་བཤེར་རྩིས་ལེན་བྱས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་བསྐྱོད་པ།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་འཛུགས་སྐྲུན་ལོ་རྒྱུས་ལ་བལྟས་ན། ལོ་ངོ43རིང་ལ“ལས་གྲྭ་གཙོ་བོར་འཛིན་པ་དང་གནས་དབོར་ཡུལ་མི་ལ་སྣང་ཆུང་བྱེད་པ”ནས“གསར་སྤེལ་རང་བཞིན་གྱི་གནས་དབོར་ཡུལ་མིའི་ཚོད་ལྟ”དང“ཁྲིམས་ལྟར་གནས་དབོར་ཡུལ་མིའི་ཚོད་ལྟ”“མི་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག”བཅས་དུས་མཚམས་བཞིའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྒྱུད་ཡོད། 

2006ལོའི་ཟླ5པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆུ་མཛོད་ཆེ་འབྲིང་གི་གནས་དབོར་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》(རྒྱལ་སྤེལ[2006]ཡིག་ཨང17པ)ནང་ཆུ་མཛོད་ཀྱི་གནས་དབོར་ཡུལ་མི་རེར་ལོ་རེར་ཁ་གསབ་སྒོར600ཡོད་ལ། དེ་བསྟུད་མར་ལོ20ལ་རོགས་སྐྱོར་བྱེད་དགོས་པ་རེད། ལོ་དེའི་ཟླ9པར《ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་ཁ་གསབ་དང་གནས་དབོར་ཡུལ་མི་བཀོད་སྒྲིག་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་471པ)གསར་དུ་ལག་བསྟར་བྱེད་འགོ་ཚུགས་པ་དེ་ཐོག་ནས་གནས་དབོར་ཡུལ་མིའི་ལས་དོན་དེ“མི་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག”གི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། དུས་སྐབས་དེར་གཅིག་ནས་ཆུ་མཛོད་རྙིང་བའི་གནས་དབོར་སྡོད་དམངས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱས། 

མཚོ་སྔོན་ཞིང་ཆེན་གྱིས་ཚ་རྔ་འགག་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མི་ཁག་གཅིག་གནས་སྤོ་ཐེངས་གཉིས་བྱས་པ་དང་གནས་སྤོས་ཡུལ་མི་བཀོད་སྒྲིག་ཁུལ་ལ་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བསྐྲུན་རོགས་བྱས་ནས་ཆུ་མཛོད་ཁུལ་དང་གནས་སྤོས་ཡུལ་མི་བཀོད་སྒྲིག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུ་དང་། ཆུ་འདྲེན་ཆུ་ཡུར། ཆུ་གློག་འདོན་ལམ་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས2006ལོར་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད《བསམ་འཆར》དང《སྲོལ་ཡིག》སོགས་ཀྱི་རྨང་གཞིའི་ཐོག 《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་ཁ་གསབ་དང་གནས་དབོར་ཡུལ་མི་བཀོད་སྒྲིག་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དང《མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཆེ་འབྲིང་གི་ལས་གྲྭ་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་གྱི་གནས་སྐབས་ལག་བསྟར་ཚད་གཞི》སོགས་ལེ་ལག་ཚང་བའི་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཟོས་ནས་བཏོན་པ་རེད། སྲིད་ཇུས་དེ་དག་བཏོན་པ་ལས་མཚོ་སྔོན་ཞིང་ཆེན་གྱི་གནས་དབོར་ཡུལ་མིའི་བཀོད་སྒྲིག་ལས་དོན་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དང་བསྲུང་བྱའི་སྒྲིག་ལམ་ཡོད་པ་བཅས་འགན་ལེན་ནུས་ལྡན་བྱུང་ནས་གནས་དབོར་ཡུལ་མིའི་བཀོད་སྒྲིག་ལས་དོན་དོ་དམ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་ཐོན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་གི་ས་ཆ་བསྡུ་སྤྱོད་ཁ་གསབ་དང་གནས་དབོར་ཡུལ་མིའི་བཀོད་སྒྲིག་ལས་དོན་བདེ་བླག་ངང་སྤེལ་བར་ཡང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བཏོན་ཡོད་པ་རེད། 

ཟླ1ཚེས22ཉིན་མཚོ་སྔོན་ཞིང་ཆེན་གནས་དབོར་ཡུལ་མི་བཀོད་སྒྲིག་ཅུས་ཀྱི་ཅུས་ཀྲང་ཧ་སི་པ་ཐུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནི་མཚོ་སྔོན་ཞིང་ཆེན་གནས་དབོར་ཡུལ་མི་བཀོད་སྒྲིག་ཅུས་ཀྱིས་གཏན་འཁེལ་བྱས་པའི“རྣམ་གྲངས་ཞིབ་བཤེར་རྩིས་ལེན་གྱི་འགག་སྒྲོལ་ལོ”ཡིན་པ་སྟེ། འཛུགས་སྐྲུན་བྱེད་བཞིན་པའི་སྐྱེས་རི་འགག་དང་། ལ་ཤིས་ཝ། པིང་ལིང་། ཏ་ཧོ་ཅ་དང་རྡོ་ལུང་འགག་སོགས་ཆུ་ཤུགས་གློག་ཁང་ཁྱོན་ཡོངས་ནས་གཙང་བཤེར་བྱས་ནས་ལས་གཞི་རྐྱང་པའི་ལས་གྲྭ97ལ་ཞིབ་བཤེར་རྩིས་ལེན་བྱས་མེད་པ་རྣམས་ཞིབ་བཤེར་རྩིས་ལེན་བྱས། ཞིབ་བཤེར་རྩིས་ལེན་བྱས་མེད་པའི་དུས་མཇུག་གི་རོགས་སྐྱོར་ལས་གཞི་གསེད་བཀྲོལ་ཏེ། མ་དངུལ་ཡོད་པའི་ལས་གཞི152གཤམ་སྤྲོད་བྱས། ཁྲེང་ཏུའུ་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་དང་ནུབ་བྱང་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ལ་མངགས་བཅོལ་བྱས་ནས་རྫོང་ཁག་གི་ལས་གཞི་རྐྱང་པའི་ལས་གྲྭའི་ཡིག་ཚགས་དཔྱད་གཞི་ལེགས་སྒྲིག་དང་། ཞིབ་བཤེར་རྩིས་ལེན་གོ་རིམ་ཚད་ལྡན་དུ་བཏང་། ལས་གཞི་རྐྱང་པའི་ལས་གྲྭ233ཚང་མ་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱེད་ཚད100%ཟིན་པ་དང་། མཐའ་མཇུག་གི་སྒོར་དུང་ཕྱུར1.88གཤམ་སྤྲོད་བྱས། ད་སྔར་ཞིབ་བཤེར་རྩིས་ལེན་བྱས་པའི་རྣམ་གྲངས་ཚང་མ་འབྲེལ་ཡོད་ལས་རིགས་སྡེ་ཚན་ལ་བདེ་བླག་ངང་རྩིས་སྤྲད་པ་དང་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་རྒྱལ་ཡོངས་ཀྱི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་བཀོད་སྒྲིག་དང་ཞིབ་བཤེར་རྩིས་ལེན་སྔ་ན་མེད་པ་ཞིག་བསྒྲུབས།

2018ལོའི་ཟླ12པའི་ཟླ་མཇུག་བར་ཏ་ཧོ་ཅ་དང་། ལ་ཤིས་ཝ། བྲག་ཁུང་སྣ་ཁ་བཅས་ཆུ་ཤུགས་གློག་ཁང་གི་གནས་དབོར་ཡུལ་མི་བཀོད་སྒྲིག་གི་ཆེད་དོན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་པ་དང་ལས་དོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 

2012ལོར་རྒྱལ་ཡོངས་ཀྱི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་2006ལོ་ནས་བཟུང“རྗེས་སྐྱོར”སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བལྟས་ན། “མཚོ་སྔོན་ཞིང་ཆེན་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་ལག་བསྟར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་ཅིང་། ལྷག་པར་དུ་ཆུ་མཛོད་ཁུལ་གྱི་ཐེབས་རྩ་བསྡུ་རུབ་དང་། “ས་གནས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཤུལ་བཞག་གནད་དོན་ཐག་གཅོད་འོས་འཚམ་དང་། གནས་དབོར་ཡུལ་མིའི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་བཅས་གནས་དབོར་ཡུལ་མིའི་གྲོང་གསར་བསྐྲུན་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ཨང17པ་དོན་འཁྱོལ་གྱི་གནད་ས་ཞིག་ཏུ་གྱུར་ཡོད”  ཟེར།

“ལི7ཐེབས་རྩ”ཡིས་གནད་སྨིན་དབུལ་སྒྲོལ་འབྱོར་འབྲིང་གི་ཕུགས་འདུན་ཇེ་བརྟན་དུ་བཏང་བ། 

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ10ཡི་རིང“ཆེད་ལས་མི་སྣ་ཉུང་བ་དང་། དུས་ཚོད་བརྒལ་བ། གནད་དོན་གསོག་འཇོག་མང་བ། འགལ་བ་སེལ་དཀའ་བ”བཅས་ཀྱི་དངོས་ཡོད་གནད་དོན་གྱི་མདུན་དུ་མཚོ་སྔོན་ཞིང་ཆེན་གནས་དབོར་ཡུལ་མི་བཀོད་སྒྲིག་ཅུས་ཀྱི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་བློ་ཁོག་ཆེན་པོས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས། ཚང་མས་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་དམིགས་ནས་ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་ཁ་གསབ་དང་གནས་དབོར་ཡུལ་མི་བཀོད་སྒྲིག་གི་ལས་དོན་བརྟན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་། ད་སྔ་དུས་འགོའི་གནས་དབོར་ཡུལ་མིའི་བཀོད་སྒྲིག་མ་དངུལ་སྒོར་དུང་ཕྱུར45.85ཙམ་གཤམ་སྤྲོད་བྱས་ཡོད་པ་རེད། 

“ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་སྔ་མོ་ནས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་གི་ལམ་དུ་འདྲེན་ཆེད། ང་ཚོས་ཆུ་མཛོད་ཁུལ་གྱི་ཐེབས་རྩའི་འདེགས་ཤིང་གི་ནུས་པ་འདོན་སྤེལ་བྱས་ཏེ་ས་གནས་སྲིད་གཞུང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། གནད་སྨིན་དབུལ་སྐྱོར། གསོ་སྤེལ་ལས་རིགས་སོགས་མ་དངུལ་ཁག་བསྡུ་སྒྲིལ་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཆུ་མཛོད་ཁུལ་གྱི་གནས་དབོར་མི་སེར་ལ་སྲིད་ཇུས་མཉམ་སྤྱོད་ཐུབ་པ་བྱས་ཡོད། ‘ལག་པས་མ་དངུལ་དམ་པོར་བསྡམས་ཏེ། མཉམ་ཤུགས་མཉམ་འདོན་གྱིས་གྲོང་ཚོ་ཧྲིལ་བོར་སྐུལ་འདེད་བཏང་ན་འབྱོར་འབྲིང་གི་ལམ་ལ་བསྙེག་ཐུབ”“ང་ཚོས་གནད་སར་དམ་པོར་དམིགས་ནས་ཆད་པ་ཁ་གསབ་དང་། ཞན་ཆར་སྟོབས་ཤུགས་བསྩལ་ནས་ལས་དངོས་ལྷོད་མེད་ཀྱིས་བསྒྲུབ་པ་དང་། ’ ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་གཟུགས་པར་ཇུས་འགོད་རྩེ་གྲ་བརྒྱབ་ན། མཚོ་སྔོན་གྱི་ཆུ་མཛོད་ཁུལ་གྱི་གནས་དབོར་ཡུལ་མིའི་འབྱོར་འབྲིང་གི་ཕུགས་འདུན་དེ་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་འདི་ནས་མངོན་དུ་འགྱུར་ཐུབ་ངེས་ཅེས་ཧ་སི་པ་ཐུའུ་ཡིས་དེ་ལྟར་ངོ་སྤྲད་བྱུང་། 

ཁོན་ཐར་འཚོས་བསྒྱུར།