ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། ༣

(ལེ་ཚན་སྔོན་མའི་འཕྲོས་མཐུད།)

རོགས་སྒྲུབ་བརྒྱུད་རིམ་གྱི་གསལ་བརྡ། སྤྱི་ཚོགས་དང་སྤྱི་འབངས་ལ་ཁྲིམས་བསྟུན་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རོགས་སྒྲུབ་གསལ་བརྡ་གཏོང་བའི་ཁེ་དབང་ཡོད།

《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་དུ་མི་ལུས་བདེ་འཇགས་སྲུང་སྐྱོབ་ཀྱི་བཀའ་ཡིག་དང་སྤྱི་བདེ་གསལ་བརྡ། བཙན་ཤེད་སྙན་ཞུ། གཏུམ་སྤྱོད་མཁན་གྱི་ལྟ་སྐྱོང་བདག་དབང་མེད་པར་བཟོ་བ་བཅས་ཀྱི་གཏན་འབེབས་མང་པོ་ཞིག་གིས་གནོད་འཚེ་ཐེབས་མཁན་ལ་སྲུང་སྐྱོབ་བྱས་ནས། ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་གཏན་འགོག་བྱེད་པའི་སྒྲིག་སྲོལ་དེ་གནོད་འཚེ་ཐེབས་མཁན་དང་དེའི་ཁྱིམ་མི་དག་གིས་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱེད་དགོས།

བྱེ་བྲག་གི་ནང་དོན།

——ཉེ་སར་རོགས་སྒྲུབ་བྱེད་པ། གནོད་འཚེ་ཐེབས་མཁན་ཡོད་སའི་ལས་ཁུངས་དང་སྡོད་དམངས་ཨུ་ཡོན་ལྷན་ཚོགས། སྡེ་དམངས་ཨུ་ཡོན་ལྷན་ཚོགས། བུད་མེད་ལྷན་ཚོགས་སོགས་ལས་ཁུངས་ལ་ཞུ་གཏུག་དང་སྙན་ཞུ་ཞུས་ནས་རོགས་སྒྲུབ་བྱེད་པའི་རེ་འདུན་བཏོན་ཆོག

——སྙན་ཞུ་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱིས་དུས་ཚོད24ཡི་རིང་ལ་རོགས་སྒྲུབ་སྙན་ཞུ་དང་ལེན་བྱེད་བཞིན་ཡོད་པས། གནོད་འཚེ་ཐེབས་མཁན་རང་ཉིད་དང་ཡང་ན་ཁྲིམས་བཀོད་འཐུས་ཚབ་མི་སྣ། རང་གི་གཉེན་ཉེ་བཅས་ཀྱིས110ལ་ཁ་པར་བཏང་ནས་སྙན་ཞུ་ཞུས་ཏེ། ཉེན་རྟོག་མི་སྣས་ཁྱིམ་ཚང་གི་གཏུམ་སྤྱོད་གཏན་འགོག་བྱེད་པར་རེ་འདུན་བཏོན་ནས་དུས་ལྟར་བདེན་དཔང་ལེན་དུ་འཇུག་དགོས། གལ་ཏེ་རྨས་སྐྱོན་བྱུང་ཡོད་ན་ཉེན་རྟོག་པ་ལ་རོགས་སྒྲུབ་བྱེད་དུ་བཅུག་སྟེ་སྨན་བཅོས་དང་རྨས་སྐྱོན་གནས་ཚུལ་གསལ་འབྱེད་བྱེད་དུ་འཇུག་དགོས།

——ཉེན་རྟོག་མི་སྣར་གཏུམ་སྤྱོད་མཁན་ལ་གསལ་བརྡ་གཏོང་དུ་འཇུག་དགོས། ཉེན་རྟོག་མི་སྣ་བོས་ནས་གནོད་སྐྱོན་བཟོ་མཁན་ལ་སྐྱོན་བརྗོད་དང་སློབ་གསོ་ལས་གཞན་ད་རུང་ཡིག་ཐོག་གསལ་བརྡ་གཏོང་དུ་འཇུག་དགོས། ཡིག་ཐོག་གསལ་བརྡ་ནི་ཁྲིམས་ཁང་གིས་ཁྱིམ་ཚང་གི་གཏུམ་སྤྱོད་ངོས་འཛིན་བྱེད་པའི་བདེན་དཔང་ཡང་བྱས་ཆོག གལ་ཏེ་ཁྱིམ་ཚང་གི་གཏུམ་སྤྱོད་གནས་ཚུལ་ཚབས་ཆེན་ཡིན་ན་གཏུམ་སྤྱོད་མཁན་དེ་ཁྲིམས་ལྟར་བཀག་སྐྱིལ་དང་ཉེས་ཁྲིམས་ཀྱི་འགན་འཁུར་བའི་རེ་འདུན་བཏོན་ཆོག

——ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་བཀའ་བརྡ་གཏོང་བའི་རེ་འདུན་ཞུས་ཆོག ཁྱིམ་ཚང་གི་དངོས་ཡོད་གཏུམ་སྤྱོད་གཏན་འགོག་བྱེད་པ་ལས་གཞན་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་བརྡ་ཡིས་རེ་འདུན་ཞུ་མཁན་དང་རེ་འདུན་མཁན་གྱི་འབྲེལ་ཡོད་གཉེན་ཉེ་ལ་བར་ཆད་གཏོང་བ་དང་རྗེས་འདེད་བྱེད་པ། ངོ་ཐུག་པ་སོགས་གཏན་འགོག་བྱེད་དུ་བཅུག་ཆོག ད་རུང་རང་ཉིད་ཀྱི་སྡོད་གནས་ནས་གནས་སྤོར་བྱེད་པ། དེ་ལས་གཞན་རེ་འདུན་མཁན་གྱི་མི་ལུས་སྲུང་སྐྱོབ་སོགས་ལ་ཡང་བཀའ་བརྡ་གཏོང་དུ་བཅུག་ཆོག

——གནས་སྐབས་ཀྱི་འགེབས་སྲུང་འཚོལ་བ། གལ་ཏེ་བཙན་ཤེད་ཀྱིས་ཁྱིམ་ནས་སྒོར་ཕུད་པ་ན་སྲིད་གཞུང་གིས་གསར་འཛུགས་བྱས་པའི་གནས་སྐབས་ཀྱི་འགེབས་སྲུང་ཡུལ་དངོས་སུ་སོང་ནས་གནས་སྐབས་ཀྱི་འཚོ་བའི་རོགས་སྒྲུབ་བླངས་ཆོག

——བཅའ་ཁྲིམས་ཀྱི་རོགས་སྒྲུབ་ལ་རེ་འདུན་ཞུས་ཆོག གལ་ཏེ་བཅའ་ཁྲིམས་ཀྱི་རོགས་སྐྱོར་མཁོ་ན། རང་ཉིད་སྡོད་སའི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་འཛུགས་ལ་རིན་མེད་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་རེ་འདུན་ཞུས་ཆོག གལ་ཏེ་ཞུ་གཏུག་བྱེད་ན་ཁྲིམས་ཁང་ལ་རིན་དངུལ་འགྱངས་སྤྲོད་དང་ཉུང་བསྡུ། རིན་མེད་སོགས་ཀྱི་རེ་འདུན་བཏོན་ཆོག

——གཉེན་འཐོར་གྱི་གྱོང་གུད་སྐྱིན་ཚབས་སྤྲོད་པའི་རེ་འདུན། གལ་ཏེ་གཉེན་འཐོར་ཞུ་གཏུག་བྱེད་ན། ཁྲིམས་ཁང་ལ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་མི་སྣའི་འདྲི་གཅོད་ཟིན་ཐོ་དང་ཡིག་ཐོག་གསལ་བརྡ། རྨས་སྐྱོན་གྱི་གནས་ཚུལ་གསལ་འབྱེད་བསམ་འཆར་སོགས་བདེན་དཔང་འདོན་སྤྲོད་བྱས་ཏེ། ཁྱིམ་ཚང་གི་དངོས་ཡོད་གཏུམ་སྤྱོད་ངོས་འཛིན་བྱེད་དུ་འཇུག་པ་དང་གཉེན་འཐོར་གྱོང་གུད་སྐྱིན་ཚབས་སྤྲོད་པའི་རེ་འདུན་ཞུས་ཆོག

1.བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱི་འགན་འཁྲི། སྤྱི་ཚོགས་སྤྱི་འབངས་ལ་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་རོགས་རམ་དང་རྒྱབ་སྐྱོར། དེ་མིན་རོགས་རམ་འཐོབ་ཐབས་དང་རྒྱབ་སྐྱོར་བརྒྱུད་རིམ་གྱི་གསལ་བརྡ།

ཁྱིམ་ཚང་གཏུམ་སྤྱོད་ཁྲོད་དུ་གནོད་འཚེ་ཐེབས་མཁན་ནི་བུད་མེད་ཁོ་ན་ཙམ་མ་ཡིན་པར། ཁྱིམ་ཚང་ཧྲིལ་བོའི་ཁོངས་མི་ཡོད་ཚད་འདུས་ཡོད། འོན་ཀྱང་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། བུད་མེད་དང་བྱིས་པ་ནི་ཁྱིམ་ཚང་གཏུམ་སྤྱོད་ཁྲོད་ཀྱི་གནོད་འཚེ་ཐེབས་མཁན་གཙོ་བོ་ཡིན། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱི་རྩ་བའི་འོས་འགན་ནི་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འཐུས་ཚབ་པ་དང་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་བྱེད་རྒྱུ་དེ་ཡིན། ང་ཚོས་ད་བར་དུ་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་དང་གནོད་འཚེ་ཐེབས་པའི་ལྕམ་སྲིང་དག་ལ་རོགས་རམ་བྱེད་པའི་ནུས་ཚོད་ཀྱི་འགན་ནུས་སྒྲུབ་པ་ཡིན་ལ། ང་ཚོས་གཤམ་གྱི་ཕྱོགས་མི་འདྲ་བ་དག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ངེས།

གཅིག་ནས་བུད་མེད་ལྕམ་སྲིང་དག་གི་འདྲི་རྟོག་དང་ཞུ་གཏུག་མྱུར་དུ་དང་ལེན་བྱེད་པ། བུད་མེད་ལྕམ་སྲིང་དག་རང་གི་ཉེ་འཁོར་གྱི་གཞིས་ཁུལ་དེའི“བུད་མེད་གཞིས་ཁྱིམ”དང་ཡང་ན་རིམ་པ་སོ་སོའི་བུད་མེད་ལྷན་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག་ཁང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སོགས་ལ་སོང་ནས་རོགས་རམ་བྱེད་དུ་བཅུག་ཆོག

གཉིས་ནས་ཐད་གཏོང་ཁ་པར་ཨང་གྲངས་འདོན་སྤྲོད་བྱས་ཏེ་ཞབས་ཞུ་འདྲི་རྟོག་བྱེད་དུ་འཇུག་པ། “12338”ནི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཞབས་ཞུའི་ཐད་གཏོང་ཁ་པར་ཡིན་ལ། དེས་ཧ་ཅང་སྟབས་བདེ་དང་མགྱོགས་མྱུར་སྒོས་བཅའ་ཁྲིམས་འདྲི་རྟོག་དང་སེམས་ཁམས་ཐད་ཀྱི་མཛུབ་སྟོན་སོགས་ཞབས་ཞུ་སྣ་མང་འདོན་སྤྲོད་བྱེད་ངེས།

གསུམ་ནས་བཅའ་ཁྲིམས་རོགས་སྐྱོར་སོགས་བཅའ་ཁྲིམས་ཞབས་ཞུ་མཁོ་སྤྲོད་བྱེད་པ། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་གཏུམ་སྤྱོད་ཐེབས་པའི་བུད་མེད་དག་ལ་ཁྲིམས་མཐུན་སྒོས་རང་ལུས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དུ་འཇུག་པར་རྒྱབ་སྐྱོར་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་ལ་མཉམ་འབྲེལ་བྱས་ཏེ། གནོད་ཐེབས་བུད་མེད་ལྕམ་སྲིང་དག་ལ་བཅའ་ཁྲིམས་ཀྱི་རོགས་སྒྲུབ་སོགས་བཅའ་ཁྲིམས་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།

བཞི་ནས་བཅའ་ཁྲིམས་ཀྱི་ཚབ་བྱས་ཏེ་རེ་འདུན་མི་སྣའི་མི་ལུས་ལ་སྲུང་སྐྱོབ་བྱེད་པའི་བཀའ་བརྡ་གཏོང་བ། དེ་ཡང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པ་དང་བྱ་སྤྱོད་ཀྱི་ནུས་ཤུགས་ལ་ཚད་བཀག་ཐེབས་པ། ཡང་ན་བཙན་ཤུགས་དང་འཇིགས་སྣང་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མི་ལུས་སྲུང་སྐྱོབ་ལ་བཀའ་བརྡའི་རེ་འདུན་ཞུ་བའི་གནོད་འཚེ་ཐེབས་མཁན་ལྕམ་སྲིང་དག་ལ་བུད་མེད་ལྷན་ཚོགས་ཀྱིས་ཁྲིམས་ལྟར་ཁོ་ཚོའི་ཚབ་དུ་རེ་འདུན་ཞུས་ཆོག

(ཡོངས་སུ་རྫོགས་སོ།)

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།