ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། ༢

(ལེ་ཚན་སྔོན་མའི་འཕྲོས་མཐུད།)

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། གྲོང་ཁྱེར་ག་གེ་མོ(ཁུལ)ཞིག་གི་བུད་མེད་ལྷན་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་འགའ་ལག་བསྟར་བྱས་ཡོད་པ་སྟེ། (དཔེར་ན་ཆེད་གཉེར་བྱ་བའི་ཚོ་ཆུང་བཙུགས་པ་དང། ཀྲུའུ་ཞི་ག་གེ་མོ་ཡི་སྣེ་ཁྲིད་འགོག་སྲུང་ཁེ་དབང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་དག་ཟབ་ཞུགས་བྱས་ཡོད་པ། )འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་གྱོད་དོན་བྱུང་ཡུལ་ལ་བུད་མེད་ལྷན་ཚོགས་དང་སེམས་ཁམས། གཞིས་ཁུལ་ལས་བཟོའི་དང་བླངས་པ་སོགས་འོངས་ནས་གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་མ་ཟད། གནོད་འཚེ་ཐེབས་ཡུལ་གྱི་ཁྱིམ་མི་དག་ལ་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་བཅའ་ཁྲིམས་སོགས་ཀྱི་ཐད་མཛུབ་སྟོན་དང་རོགས་སྐྱོར། དེ་མིན་གྱོད་དོན་གྱི་འཕེལ་རིམ་ལ་ལྟ་སྐུལ་བྱེད་པར་མོས་མཐུན་བྱུང་ཡོད།

1.གོ་འཛོལ་མེད་པར་གཏོང་བ། སྤྱི་ཚོགས་དང་སྤྱི་དམངས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ཐད་ཀྱི་ངོས་འཛིན་གོ་འཛོལ་དེ་གཙང་སེལ་བྱས་ནས། སྤྱི་ཚོགས་དང་སྤྱི་དམངས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ཡང་དག་པའི་སྒོ་ནས་ངོས་འཛིན་བྱེད་པར་མཛུབ་སྟོན་བྱེད་དགོས།

གོ་འཛོལ་དང་པོ། ཁྱིམ་ཚང་ལ་གཏུམ་སྤྱོད་ཐེབས་པ་དེ་ནི་ངོ་ཚ་དགོས་པའི་དོན་དག་ཅིག་ལ་སེམས་ནས། “ཁྱིམ་ཚང་གི་དོན་དག་ངན་པ་ཕྱིར་མི་སྒྲོག་པ།”བསམ་ཚུལ་འདིས་ཁྱིམ་ཚང་གང་མང་ཞིག་ལ་དུས་ཡུན་རིང་བོར་གཏུམ་སྤྱོད་ཐེབས་པ་དེ་གསང་སྤས་བྱེད་པའི་ཤུགས་རྐྱེན་ཐེབས་སྲིད། གཏུམ་སྤྱོད་གསང་སྤས་དེས་གཏུམ་སྤྱོད་མཁན་གྱིས་རང་ཉིད་ལ་འགྱོད་བཤགས་བྱེད་པའི་རེ་ལྟོས་བཅངས་མོད། གསང་སྤས་དེས་དཀྱེལ་ཡངས་མི་ཐེབས་པ་མ་ཟད་གཏུམ་སྤྱོད་ཀྱི་ཤུགས་རྐྱེན་ཆེས་ཆེར་འགྲོ་ངེས།

གོ་འཛོལ་གཉིས་པ། ཁྱིམ་ཚང་གི་གཏུམ་སྤྱོད་སྤེལ་མཁན་དེ་ཁོང་ཁྲོ་ལངས་སླ་ཞིང་། གློ་བུར་བའི་ཧོལ་རྒྱུགས་ཀྱིས་གཏུམ་སྤྱོད་ལག་བསྟར་བྱས་པས་དོན་དག་གི་རྗེས་སུ་འགྱོད་བཤགས་ཞུས་པ་ན་རང་ཤུགས་ཀྱིས་བཅོས་སྒྱུར་བྱེད་པར་སེམས་པ། ཁྱིམ་ཚང་མི་ཉུང་བ་ཞིག་གི་གཏུམ་སྤྱོད་མཁན་གྱིས་ཐེངས་གང་མང་ལ་གཏུམ་སྤྱོད་སྤེལ་བ་དང་རྗེས་སུ་འགྱོད་གཤགས་བྱས་ཏེ་བཅོས་སྒྱུར་བྱེད་པའི་རྣམ་འགྱུར་བསྟན་མྱོང་། ལ་ལས་ཐ་ན་མངལ་ཤོར་དང་རུས་བཅག་སོགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོས་ཡོད་ན་ཡང་ཚང་མར་གནོད་འཚེ་ཐེབས་མཁན་གྱི་ཀུ་ཡངས་ཐོབ་ནས་ཡ་ང་བའི་སྐྱོ་གར་བྱུང་ཡོད། དོན་དངོས་སུ་ཁྱིམ་ཚང་གི་གཏུམ་སྤྱོད་ངོ་བོ་ནི་གཏུམ་སྤྱོད་མཁན་གྱིས་གནོད་འཚེ་ཐེབས་མཁན་གྱི་ཁེ་དབང་ལ་ཚོད་འཛིན་བྱེད་པའི་བྱ་སྤྱོད་ཅིག་ཡིན། ཕར་ལྟོས་ཚོད་ཀྱིས་གཏུམ་སྤྱོད་མཁན་གྱིས་སེམས་ཁམས་ཚོད་འཛིན་མ་ཐུབ་པ་དང་ཡང་ན་ཆང་འཐུང་རྗེས་ཧོལ་རྒྱུགས་བྱས་པ་ཡིན་མོད། འོན་ཀྱང་དོན་དངོས་ཐོག་ཁྱིམ་ཚང་གི་གཏུམ་སྤྱོད་ནི་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པའི་སྐྱེས་པའི་དབང་ཆའམ་ཡང་ན་ཕ་དབང་བསམ་བློ་ལས་བྱུང་བའི་ཚོད་འཛིན་གྱི་བྱ་སྤྱོད་ཅིག་ཡིན། ནང་སྒོས་སུ་དུས་ཡུན་རིང་བོར་ཁྱིམ་ཚང་གི་གཏུམ་སྤྱོད་རིམ་འཕར་བྱེད་མཁན་དག་གིས་ངེས་པར་དུ་ཁྱིམ་ཚང་གི་གཏུམ་སྤྱོད་ངོ་བོར་ངོས་འཛིན་གཏིང་ཟབ་སྒོས་བསམ་བློའི་སད་རྟོག་མཐོར་འདེགས་དང་ཡ་ང་བའི་སྐྱོ་གར་མི་འབྱུང་བ་སྔོན་འགོག་བྱེད་དགོས།

གོ་འཛོལ་གསུམ་པ། གཉེན་འཐོར་བྱས་ན་བྱིས་པར་གནོད་འཚེ་ཐེབས་པར་སེམས་ནས་གཉེན་འཐོར་བྱེད་མ་འདོད་པར་གཏུམ་སྤྱོད་ལ་བཟོད་བསྲན་བྱེད་པ། བྱིས་པ་ཡོད་པའི་གནོད་ཐེབས་བུད་མེད་མི་ཉུང་བ་ཞིག་གིས་གཉེན་འཐོར་བྱས་ན་བྱིས་པར་མི་ལེགས་པ་དང་བྱིས་པ་ལ་ཁྱིམ་ཚང“འཐུས་ཚང”ཞིག་འདོན་སྤྲོད་བྱེད་ཆེད། དུས་ཡུན་རིང་བོར་ཁྱིམ་ཚང་གི་གཏུམ་སྤྱོད་ཁ་རོག་གེར་བསྲན་ནས་བསྡད་ཡོད། འོན་ཀྱང་དུས་ཡུན་རིང་བོར་ཁྱིམ་ཚང་གི་གཏུམ་སྤྱོད་མཐོང་བ་དེས་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་དང་མི་གཤིས་ཀྱི་འཚར་ལོངས་ལ་གནོད་འཚེ་དེ་ལས་ཆེ་བ་ཞིག་ཐེབས་སྲིད་པ་གཏན་ནས་ཤེས་མེད། དེ་ལས་གཞན་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལྟར། ཁྱིམ་ཚང་ལ་གཏུམ་སྤྱོད་ཐེབས་པ་དང་ཡང་ན་ཁྱིམ་ཚང་ལ་ཐེབས་པའི་གཏུམ་སྤྱོད་ཀྱི་དངོས་ཡོད་ཉེན་ཁ་ཆེ་ན། ཚང་མ་མི་དམངས་ཁྲིམས་ཁང་ལ་སྙན་ཞུ་ཞུས་ནས་མི་ལུས་སྲུང་སྐྱོབ་བྱེད་དུ་བཅུག་ཆོག་ཤིང་དེ་ནི་གཉེན་འཐོར་ཞུ་གཏུག་དང་འབྲེལ་བ་ཅི་ཡང་མེད།

གོ་འཛོལ་བཞི་བ། “སྤྱོད་བཟང་དཔོན་གྱིས་ཁྱིམ་དོན་ཐག་གཅོད་བྱེད་པར་དཀའ”བར་སེམས་ནས་ཁྱིམ་ཚང་གི་གཏུམ་སྤྱོད་དེ་ནམ་རྒྱུན་ཁྱིམ་དོན་ལ་ངོས་བཟུང་ནས། གཏུམ་སྤྱོད་མཁན་ལ་གནས་ལུགས་ཡོད་པ་དང་གནོད་འཚེ་ཐེབས་མཁན་གྱིས་འབྲེལ་ཡོད་སྡེ་ཁག་ལ་རོགས་སྒྲུབ་རེ་འདུན་མི་ཞུ་བ། ནོར་འཁྲུལ་གྱི་ངོས་འཛིན་འདི་དག་གི་ཐད་ལ《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་ནང་དུ་གཏན་ཁེལ་གསལ་བོ་བྱས་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་ཚང་རེ་རེ་ཚང་མའི་ཐུན་མིང་གི་འགན་འཁྲི་ཡིན་པ་ལས་ཁྱིམ་ཚང་ཁོ་ན་ཙམ་གྱི་འགན་འཁྲི་ཞིག་གཏན་ནས་མིན། དེའི་རྐྱེན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་དང་ནང་སྒོས་སུ་ཁྱིམ་ཚང་གི་གཏུམ་སྤྱོད་ཚབས་ཆེན་ཐད་གནོད་འཚེ་ཐེབས་མཁན་གྱིས་ཁེར་རྐྱང་ཁེར་འཐབ་བྱེད་མི་དགོས་ལ། དེ་ལས་ཀྱང་ཁ་རོག་གེར་བཟོད་བསྲན་ཡང་བྱེད་མི་དགོས་པར་དཔའ་ངར་ཆེར་སྐྱེད་ཀྱིས་ཁྱིམ་མི་གྲོགས་པོ་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས། བུད་མེད་ལྷན་ཚོགས་བཅས་ལ་རོགས་རམ་བྱེད་པའི་རེ་འདུན་ཞུས་པ་ན། དེ་དག་གིས་དུས་ལྟར་གནས་ཚུལ་སྙན་ཞུ་དང་མི་དམངས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོབ་ཀྱི་བཀའ་བརྡ་གཏོང་དུ་འཇུག་དགོས། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཁག་དང་རྩ་འཛུགས་དག་གིས་ཁྱིམ་ཚང་གི་གཏུམ་སྤྱོད་དེ་ངེས་པར་དུ་ཁྲིམས་བསྟུན་ལག་བསྟར་གྱིས་བཀག་འགོག་བྱེད་དགོས།

(མུ་འགོད།)

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།