ཙོང་ཆུའི་གསར་སྤེལ་ས་ཁུལ་དུ་ལས་གཞི་གཙོ་བོ་དག་གཅིག་བསྡུས་ཀྱིས་འགོ་རྩོམ་པའི་མཛད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ4པའི་ཚེས9ཉིན། མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་གསར་སྤེལ་ས་ཁུལ་དུ2019ལོའི་མཉམ་འབྲེལ་འཐབ་ཇུས་དང་ལས་གཞི་གཙོ་བོ་འགོ་རྩོམ་པའི་རྨང་བཏིངས་མཛད་སྒོ་སྤེལ་པ་དང་། འདི་ནི་ཙོང་ཆུའི་གསར་སྤེལ་ས་ཁུལ་གྱི་མིང་གསར་དུ་བརྗེས་རྗེས་ཚོང་འགུགས་དངུལ་འཇོག་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གཙོ་བོ་ཞིག་ཀྱང་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ལས་འགོ་ཚུགས་པའི་མཛད་སྒོའི་ཁྲོད་ཙོང་ཆུའི་གསར་སྤེལ་ས་ཁུལ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར55ལྷག་གི་ལས་གཞི་མི་འདྲ་བ9ཡོད་ལ། དེ་ཡང་གཙོ་བོ་ལ་ཀྲུང་གོའི་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྲིན་འདུས་གཞི་གྲངས་ལྟེ་གནས་དང་། ཁེ་སྤོགས་ལྡན་པའི་ཙོང་ཆུའི་ཁང་སའི་ཐོན་ལས། ཧིན་ཞིན་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུའི་ས་ཁུལ་གྱི་ཁང་སའི་ཐོན་ལས། པུའུ་ཡ་ཏེ་སྒུལ་ཤུགས་གློག་རྡུལ་རྒྱུ་ཆའི་ཐོན་སྐྱེད་དང་ཕྱིར་བསྡུའི་བེད་སྤྱོད། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིའི་ཆ་ཤས་བཅས་ཡོད། ལས་གཞི་འདི་དག་ལས་འགོ་བརྩམས་པ་དང་ཆབས་ཅིག་ས་གཞི་ཧྲིལ་བོར་ཡང་ཁྱོན་ཡོངས་ནས་མེ་ཏོག་བཞད་འགོ་ཚུགས་པ་མ་ཟད། བཟོ་སྐྲུན་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་འགོ་བརྩམས་པས། ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་གྱིས་ཙོང་ཆུའི་གསར་སྤེལ་ས་ཁུལ་གྱི་འགོ་ཚུགས་མཛད་སྒོའི་སྒོ་གླེགས་ཡོངས་སུ་ཕྱེས། དེའི་ལྗང་སའི་སྡེ་ཚོགས་ཀྱིས་ཙོང་ཆུའི་གསར་སྤེལ་ས་ཁུལ་དུ་སྒོར་དུང་ཕྱུར100ལྷག་གི་མ་དངུལ་བཏང་ནས་གྲོང་ཁྱེར་གྱི་བར་སྟོང་ས་ཚུགས་ལས་གཞི་བསྐྲུན་པ་དང་། དེ་ནི་ཙོང་ཆུའི་གསར་སྤེལ་གསར་འཛུགས་བྱས་པ་ནས་བཟུང་ལས་འགོ་འཛུགས་སྐྲུན་བྱས་པའི་གཅིག་བསྡུས་ཀྱི་སྡོད་ཁང་དང་ཉོ་འཚོང་། དངུལ་རྩ། སྨན་ཁང་། སློབ་གྲྭ་བཅས་ངོ་བོ་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་གཞི་ཐོག་མ་ཡང་ཡིན་པས། དེས་ཚད་ངེས་ཅན་གྱི་སྒོ་ནས་ཙོང་ཆུའི་གསར་སྤེལ་ས་ཁུལ་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་སོགས་ཀྱི་ཐད་ལ་མི་འདང་བའི་ཆད་ལྷག་མང་པོ་ཁ་སྐོང་བྱས་ཡོད།

དེ་དང་ཆབས་ཅིག་ཙོང་ཆུའི་གསར་སྤེལ་ས་ཁུལ་གྱིས་ཐེངས་འདིའི་ལས་གཞི་གཅིག་བསྡུས་ཀྱི་ལས་ཚུགས་དེ་གོ་སྐབས་སུ་བཟུང་ནས་དམིགས་འབེན་འགན་འཁྲི་དམ་འཛིན་བྱེད་པ། གཙོ་གནད་གལ་ཆེན་འབུར་དུ་ཐོན་པ། འགན་འཁྲིའི་འོས་འགན་བཙན་སྒྱུར་བཅས་ཀྱིས་ལས་གཞི་གང་དེའི་ཆེད་ལ་ལས་གཞིའི་རྩ་དོན་གཞིར་བཟུང་ནས། ལས་གཞི་ནང་འདྲེན་དང་དངོས་འབེབས། ལས་འགོ་ཚུགས་པ་བཅས་ཀྱི་ཐད་ལ་འགན་སྲུང་དང་ཞབས་ཞུའི་ཁག་ཐེག་ཐོབ་པ་མ་ཟད། བློ་སེམས་ཀོང་བུ་གཅིག་ཏུ་སྒྲིལ་ནས་འཛུགས་སྐྲུན་གྱི་ཡུལ་དངོས་འཛུགས་སྐྲུན་དམ་འཛིན་བྱེད་བཞིན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།