མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག་ཡང་བསྐྱར་གཟུགས་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན་། གསར་འགོད་པས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། རང་ཞིང་གིས་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་མུ་མཐུད་དུ་འཛུགས་སྐྲུན་བྱས་ཏེ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ་གྱིས་ཙོང་ཆུའི་རིག་གནས་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གསར་སྐྲུན་གྱི་རྨང་གཞིའི་སྟེང་། རེབ་གོང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག་ཡང་འཛུགས་སྐྲུན་བྱ་རྒྱུ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འཛམ་གླིང་གི་རེབ་གོང་སྒྱུ་རྩལ་ཞེས་པའི་མཚན་སྙན་ཐོབ་ཡོད་པས། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། བོད་ཆཱའང་དབྱི་རིགས་ཀྱི་རིག་གནས་ཐོན་ལས་དར་སྤེལ་ལྟེ་གནས་དང་ཀྲུང་གོའི་ཆེས་ཤུགས་རྐྱེན་ཆེ་བའི་རིག་གནས་ཡུལ་སྐོར་ས་ཁུལ་ཞིག་ཡིན་པ་རེད།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་བདམས་དོན་ཡང་། རྨ་ལྷོ་ཁུལ་ལ་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་དང་སྤུས་ལེགས་འཕེལ་རྒྱས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་རྨང་གཞི་ལྡན་པས་ཡིན་ཟེར།

ཐེངས་འདིར་ཡང་། རིག་གནས་ཡུལ་སྐོར་ཐིན་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས《རྨ་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་སྒྲོམ་གཞི་མཉམ་སྐྲུན་ཐད་ཀྱི་གྲོས་མཐུན》ལ་གྲོས་ཆིངས་བཞག་པ་རེད། མཉམ་འབྲེལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་སྐྲུན་མ་དཔེ་གཞིར་བཟུང་སྟེ། རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་མུ་མཐུད་དུ་བདེ་ཐང་ངང་མགྱོགས་མྱུར་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། རྨ་ལྷོ་ཁུལ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་གསར་སྐྲུན་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།