གཏེར་ལེན་ཁ་གྲོང་ཁྱེར་གྱི་སྒྲོག་འགྲེལ་ཚོགས་པ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་སྲིད་ཇུས་དྲིལ་སྒྲོག་ལ་འབད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉིན་འདི་དག་གི་རིང་ལ་བསྟུད་མར། གཏེར་ལེན་ཁ་གྲོང་ཁྱེར་གྱིས་གཅིག་སྒྲོག་གཉིས་སྒྲུབ་དང་སྐུལ་འདེད་གསུམ་གྱི་བྱེད་སྒོ་སྤེལ་བ་དང་། ཞིང་སྡེ་དང་འབྲོག་ཁུལ་ཏུ་ཟབ་ཞུགས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་ནང་གཏན་འཁེལ་བྱས་པའི་དམངས་དར་ཞིང་ཕན་དང་ཕྱུག་འགྱུར་གྱི་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་བྱས་ཏེ། དོན་དངོས་ཀྱི་སྟེང་ནས་དོན་བཟང་བསྒྲུབས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་དང་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་རླིང་བཅས་ལ་སྐུལ་འདེད་བཏང་།

དྲིལ་སྒྲོག་བྱ་འགུལ་ལས་འབངས་མི་སེར་དང་ཉེ་བར་བཅར་བ་དང་།སྒྲོག་འགྲེལ་ནང་དོན་དེ་བས་གོ་བདེ་ཞིང་ཤེས་སླ་བ་ཡོང་ཆེད། རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ་རྣམ་པའི་ཐབས་ལམ་སྤྱད་དེ། མང་ཚོགས་སྒྲོག་འགྲེལ་རླངས་འཁོར་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ས་གནས་ཁག་གི་ཤང་དང་གྲོང་བརྡལ། སྡེ་བ་དང་སྡེ་ཁུལ་སོགས་སུ་བསྐྱོད་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་གྲོང་གསེབ་བྱ་བའི་ཚོགས་འདུ། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་བཅས་ལ་མངོན་པར་བསྟོད་པ་དང་གསལ་བཤད་བྱེད་པ་བྱ་ཐབས་སྤྱད་དེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་རེད།ད་སྔའི་བར་དུ་རིགས་ཁག་གི་སྒྲོག་འགྲེལ་ཚོགས་འདུ་ཐེངས21འཚོགས་པ་དང་།དེའི་ནང་ཞུགས་མཁན་གྱི་མི་ཐེངས2420ཟིན་པ་དང་། དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་ཐེངས200ལྷག་ཙམ་བྱས་པ་དང་། དྲིལ་སྒྲོག་དཔྱད་ཡིག་སྣ་ཚོགས1320ལྷག་ཙམ་མར་བྱིན་པ་དང་འབྲོག་ཁྱིམ227ལ་བཅར་འདྲི་བྱས་པ་རེད། 

སྒྲོག་འགྲེལ་ཚོགས་ཆུང་ཁག་གིས་མང་ཚོགས་ཀྱི་དོན་དངོས་གནས་ཚུལ་རྒྱུས་ལོན་གསལ་པོ་བྱེད་པ་དེ་བྱ་བའི་དམིགས་འབེན་དུ་བཟུང་ནས། གཞི་རིམ་དུ་བསྐྱོད་པ་དང་ཁྱིམ་ནང་ཟབ་ཞུགས་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་དང་ཐད་ཀའི་དངོས་ཡོད་ཁེ་ཕན་གནད་དོན་ལ་རྐང་བཙུགས་ནས་རྟོག་ཞིབ་ལས་དོན་སྤེལ་ཏེ། རོང་འབྲོག་ཁུལ་གྱི་གནས་ཚུལ་གསར་པར་ཤེས་རྟོགས་གཏིང་ཟབ་བྱས་ནས་ཁྱོན་ཡོངས་ནས་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་གསར་པར་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་པ་དང་། དམངས་ཀྱི་གནས་ཚུལ་འདྲི་རྟོགས་དང་། དམངས་ཀྱི་འདོད་བློར་ཉན་པ། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་ནས། རོང་འབྲོག་མང་ཚོགས་ལ་བསམ་ཕྱོགས་དང་འཕེལ་རྒྱས་དོན་གཉེར་བྱེད་རོགས་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱས།

ལོ་ཙཱ་བ། ཀླུ་མོ།