ཝང་ཡུས་པོ་ཡིས་ལས་རིགས་སློབ་གསོ་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནན་གྱིས་བསྟན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཟླ4པའི་ཚེས4ཉིན། རྒྱལ་ཡོངས་སུ་ལས་རིགས་སློབ་གསོར་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་རྗེས།  ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་ཚོགས་འདུ་འཚོགས་ནས་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲེང་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ལས་རིགས་སློབ་གསོ་ནི་དམངས་ཕྱུག་སློབ་གསོ་དང་། ལས་གཏོད་སློབ་གསོ། ཤེས་ལྡན་པར་འགྱུར་བའི་སློབ་གསོ་བཅས་ཡིན་པས། དམིགས་ཚད་སྟོན་ཕྱོགས་མཐའ་འཁྱོངས་དང་སྒྱུར་བཅོས་བྱེད་ཐབས་ཡག་པོ་སྤྱད་དེ་ལས་རིགས་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་པའི་ཐོན་ཁུངས་སྤུས་ལེགས་མཁོ་འདོན་བྱེད་དགོས་པའི་གསུང་བཤད་གནང་བ་རེད། ཝང་ཡུས་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་རིགས་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་རང་ཞིང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི“གང་བྱེད་པ”དང“གང་འདྲ་བྱེད་པ”དང“སུས་བྱེད་པ”སོགས་ཀྱི་གནད་དོན་ལ་སྤྱི་འདོམས་ཞིབ་འཇུག་བྱས་ནས་ལས་རིགས་སློབ་གསོ་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། གོ་རྟོགས་ཇེ་མཐོར་བཏང་ནས་ལས་རིགས་སློབ་གསོའི་ཐུན་མོང་མ་ཡིན་པའི་ནུས་པ་དང་རིན་ཐང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། གཞི་ཁྱོན་ཆེ་རུ་བཏང་ནས་ཁྲིད་སྟོན་དང་དྲིལ་སྒྲོག སྒྲིག་འཛུགས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་འཕར་ངལ་རྩོལ་ནུས་ཤུགས་དེ་བས་མང་བས་ལས་རིགས་སློབ་གསོ་དང་ལེན་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་ལག་བསྟར་ཇུས་གཞི》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བསམ་ཕྱོགས་ཀྱི་འདུ་ཤེས་དང་། སྒྲིག་སྲོལ་ལམ་སྲོལ། སློབ་གཉེར་བྱེད་སྟངས་བཅས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དངོས་སྦྱོང་གི་ནང་དོན་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རོགས་སྐྱོར་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་བྱས་ནས། འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་སློབ་གསོའི་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་ཀྱི་མཐུན་རྐྱེན་མང་དུ་གཏོང་བ། སྤྱི་ཚོགས་ཀྱིས་སྣ་མང་སློབ་གཉེར་བྱ་རྒྱུར་ལྕག་སྐུལ་བཅས་བྱས་ཏེ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏང་དགོས་ཞེས་བསྟན།