མཚོ་ཤར་གྲོང་ཁྱེར་གྱིས་དཔྱིད་ཚུགས་སྡོང་འཛུགས་ལྗང་སྒྱུར་གྱི་གཞི་ཁྱོན་ཆེན་པོའི་སྒོ་འཕར་ཕྱེས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ལོ་གཅིག་གི་འགོ་མ་དཔྱིད་ཡིན་ལ། སྡོང་འཛུགས་ལྗང་སྒྱུར་བྱེད་པའི་སྐབས་ལ་ཡང་ཁེལ་ཡོད། ཟླ4པའི་ཚེས2ཉིན། མཚོ་ཤར་གྱི་ས་ཁུལ་དང་རྫོང་སོ་སོའི་ས་སྟོང་རི་སྟོང་དང་གཞུང་ལམ་གྱི་འགྲམ་གཉིས་སུ་གོ་རིམ་ལྡན་པའི་ངང་ནས་ས་དོང་བརྐོས་ཏེ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་པ་དེས། མཚོ་ཤར་གྲོང་ཁྱེར་གྱི2019ལོའི་དཔྱིད་ཚུགས་སྡོང་འཛུགས་ལྗང་སྒྱུར་བྱ་བའི་སྒོ་འཕར་དངོས་སུ་ཕྱེས་པ་མཚོན་ཡོད།

2019ལོ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་གཞི་ལྗང་སྒྱུར་ཁྱོན་ཡོངས་ནས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པའི་ལོ་གསུམ་འཆར་གཞིའི་བྱ་འགུལ་གྱི་ཆེས་གནད་འགག་གི་ལོ་ཤིག་ཡིན་ལ། མཚོ་ཤར་གྲོང་ཁྱེར་གྱིས“ལྗང་མདོག་གི་སྒྲིབ་ཡོལ་དང་ལྗང་མདོག་གི་གྲོག་རོང་། ལྗང་མདོག་གི་མཁར་གྲོང་འཛུགས་སྐྲུན”བྱེད་པར་ཡང་སྐུལ་འདེད་བྱས་ཡོད། ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པར་ཤུགས་སྣོན་པ། ནགས་ཚལ་གྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་པ། དེ་མིན་མུ་མཐུད་དུ་མི་ཚོགས་ཁྲི་སྟོང་གིས་སྡོང་འཛུགས་ནགས་སྐྲུན་གྱི་གཡུལ་འཐབ་ཆེན་པོ་བཤམས་པའི་བྱ་འགུལ་སྤེལ་པ་དང་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་བྱེད་པ་གཞིར་བཟུང་ནས་གྲོང་ཁྱེར་གྱི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱས་ཏེ། དཔྱིད་ཚུགས་ཀྱི་སྡོང་འཛུགས་ལྗང་སྒྱུར་གྱི་དུས་སྐབས་ལེགས་པོ་དམ་འཛིན་བྱེད་པ། དཔྱིད་ཚིགས་ཀྱི་སྡོང་འཛུགས་ལྗང་སྒྱུར་གྱི་ཚ་རླབས་དང་བསྟུན་ནས་མཚོ་སྔོན་ཤར་རྒྱུད་ཀྱི་ལྗང་མདོག་སྒྲིབ་ཡོལ་གསར་འཛུགས་བྱེད་དགོས་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་ལོ་ཧྲིལ་བོར་རྒྱལ་ཁོངས་ས་གཞི་སྤྱི་ཆིངས54300ལ་ལྗང་སྒྱུར་བྱེད་པའི་འགན་འཁྲི་ཡོངས་འགྲུབ་བྱེད་པ་གཞིར་བཟུང་སྟེ། མུ་མཐུད་དུ་དཔྱིད་སྟོན་དུས་ཚིགས་གཉིས་ཀར་སྡོང་འཛུགས་ནགས་སྐྲུན་གྱི་གཡུལ་འཐབ་ལེགས་པོ་བཤམས་ནས། ཙོང་ཆུའི་འབབ་རྒྱུད་ཁྱབ་ཁོངས་སུ་གཞི་ཁྱོན་ཅན་གྱི་རྒྱལ་གཉེར་ནགས་ར་འཛུགས་སྐྲུན་བྱེད་པ། མུ་མཐུད་དུ་བྱང་གསུམ་བྱེ་འགོག་ནགས་ར་འཛུགས་སྐྲུན་བྱེད་པ། རང་བྱུང་ནགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བཟོ་སྐྲུན་སོགས་ནགས་ལས་བཟོ་སྐྲུན་གལ་ཆེན་ཏུ་བཟུང་ནས། ལྷོ་བྱང་རི་ངོས་གཉིས་ཀྱི་ལྗང་སྒྱུར་བཟོ་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ། དེ་ཡང་ཙོང་ཆུའི་འབབ་རྒྱུད་ཀྱི་གྲོག་རོང་ཆེ་མ་ཆུང་གསུམ་གཙོ་བོར་བཟུང་ནས་སྐྱེ་ཁམས་ས་ཁུལ་མི་འདྲ་བ10ལྷག་ལ་སྐྱེ་ཁམས་མཛེས་ལྗོངས་ལྗང་སྒྱུར་བྱེད་པ། མཁར་གྲོང་གི་ལྗང་སྒྱུར་ནུས་ཤུགས་ཆེས་ཆེར་གཏོང་བ་དང་མཁར་གྲོང་གི་ལྟེ་གནས་མཛེས་ལྗོངས་མཐོར་འདེགས་སུ་གཏོང་པ། ཧུར་ཐག་སྒོས་ནགས་ཚལ་གྱི་མཁར་གྲོང་གསར་འཛུགས་དང་ནགས་ཚལ་གྱི་སྡེ་གྲོང་གིས་མཛེས་སྡུག་གི་སློབ་ར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཆེས་ཆེར་གཏོང་བ། ནགས་ཚལ་གྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་པ་བཅས་ཀྱིས་དཔྱིད་ཚུགས་ཀྱི་རྒྱལ་གཉེར་ས་ཁོངས་ལྗང་སྒྱུར་འགན་འཁྲིའི65%ཡོངས་འགྲུབ་བྱ་རྒྱུ་ཡིན་པ་རེད།

ད་ལྟའི་བར་མཚོ་ཤར་གྲོང་ཁྱེར་གྱིས་དཔྱིད་ཚུགས་ཀྱི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། ས་བབ་དང་བསྟུན་ནས་སྡོང་ཕྲུག་གི་སྐྱེ་སྟོབས་ལ་ཁག་ཐེག་བྱས་ནས་སྡོང་འཛུགས་ཀྱི་དུས་རིམ་ད་ལྟ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།