འབྲོག་པ་མི་དམངས་རིམ་བཞིན་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་བདག་པོར་གྱུར་པ།

ཞིན་ཧྭ་གསར་འགྱུར་གློག་འཕྲིན་ལྟར་ན། ཉེ་ལམ་གསར་འགོད་པས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་བདག་དོམ་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྤྱི་ཕན་གོ་གནས་ལས“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་རྣམ་བཞག་ལ་སྐུལ་འདེད་ཀྱིས་ས་གནས་འབྲོག་དམངས་ཁྲི1.7སྐྱེ་ཁམས་བདག་དོམ་རུ་ཁག་ལ་ཞུགས་པ་དང་། རིམ་བཞིན་སྐྱེ་ཁམས་སྲུང་སྐྱོབ་བདག་པོར་གྱུར་ཏེ། ཕྱི་ནང་ཟུང་ལྡན་གྱི་སྒུལ་ཤུགས་ཁྱོན་ཡོངས་ནས་དར་སྤེལ་བཏང་།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་པའི་རྨ་འབྲི་རྫ་གསུམ་ས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འགོ་ཁུངས་ཡིན་ལ། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཞིག་ཀྱང་ཡིན། 2016ལོར་རང་རྒྱལ་གྱིས་ཐོག་མར་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་དེ་ས་གནས་དེར་བཙུགས། འཆར་འགོད་ལྟར་སྤྱི་གླིང་ནང་ཁུལ་དུ་ཤང་གྲོང་རྡལ12ཀྱི་སྲིད་འཛིན་སྡེ་བ53ལ་ཁེབས་ཡོད་པ་མ་ཟད། འབྲོག་དམངས་ཁྲི7.2ལ་འབྲེལ་བ་ཡོད།

འདས་ཟིན་པའི་ལོ་ངོ3གྱི་རིང་ལ། མཚོ་སྔོན་གྱིས་སྤྱི་གླིང་ནང་ཁུལ་གྱི་དངོས་ཡོད་འབྲོག་ཁྱིམ་གྱི་ཁ་གྲངས་གཞིར་བཟུང་སྟེ། རིམ་པ་བཀར་ནས་སྐྱེ་ཁམས་བདག་དོམ་གོ་གནས་གསར་དུ་བསྣན་ཞིང་། དེ་ཡང་ཐོག་མར་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་ནས་ལས་བསྡུ་བྱས་པ་དང་དེ་ནས་རིམ་བཞིན“ཁྱིམ་ཚང་རེ་ལ་ལས་རྐང”རེ་ཡོད་པ་ཡོངས་ཁྱབ་དུ་བཏང་། ད་ལྟ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་ཁྱོན་བསྡོམས་འབྲོག་དམངས17211ལ་ལས་གནས་སྤྲད་དེ་སྐྱེ་ཁམས་སྲུང་སྐྱོབ་རུ་དཔུང་དུ་ཞུགས་ཡོད།

རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་བདག་དོམ་བྱ་བའི་དུས་སྐབས་སུ་ཚད་ལེན་དཔྱད་འབྲས་ཡོངས་འགྲུབ་བྱས་པའི་འབྲོག་པ་དག་ལ་ཟླ་རེར་སྒོར1800ཡི་ཡོང་སྒོ་བསྣན་པས། མི་གྲངས5མན་གྱི་ཁྱིམ་ཚང་དག་ཕལ་ཆེར་དབུལ་ཐར་བྱུང་བ་དང་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཡང་ཉིན་རེ་ལས་ཉིན་རེར་ཇེ་མཐོར་སོང་ཡོད།

“ཕྱོགས་གཞན་ཞིག་ནས་རྨ་འབྲི་རྫ་གསུམ་འབྲོག་དམངས་ཀྱིས་རང་སྟེང་ནས་འདས་ཟིན་པ་དང་ད་ལྟའི་སྐྱེ་ཁམས་ཞན་འགྱུར་གྱིས་བསྐྱལ་འོངས་པའི་འཚོ་བའི་དཀའ་ཁག་ཉམས་ལེན་བྱས་རྗེས། ད་ལྟ་སྐྱེ་ཁམས་ཀྱི་དཀར་ཡོལ་ལ་བརྟེན་ནས་ལྷད་མེད་པའི་ཟས་མཆོག་ཁ་ཟས་སུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིམ་མངར་ལ་མྱངས་པ་མ་ཟད། ནང་གི་སྒུལ་ཤུགས་ཁྱོན་ཡོངས་ནས་བསྐྱེད་འདུག”ཞེས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་བདག་དོམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་པ་རེད།

རྒྱུས་ལོན་པ་ལྟར་ན། ལོ་འདི་དག་གི་རིང་ལ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་དོམ་མཁན་དག་གིས་ཆ་སྙོམས་ཟླ་རེར་བདག་དོམ་སྲུང་སྐྱོབ་ས་ཁུལ་ལ་ཁྱོན་བསྡོམས་སྐོར་ཞིབ་ཐེངས3བྱེད་དགོས་ཤིང་། རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཚད་མཇལ་ཕྱོགས་སྡོམ་དང་རྩྭ་ཐང་མེ་སྐྱོན་སྔོན་འགོག ཁྱབ་ཁོངས་ཀྱི་ཁོར་ཡུག་གཙང་སེལ་ཐད་ལ་འབད་བརྩོན་གང་མང་བྱེད་ལ། དེའི་སྐབས་སུ་སྐྱེ་ཁམས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཁུངས་སྣེ་བདག་དོམ་མཁན་གྱིས་ཤེས་རྟོག་བྱུང་བ་ན་དུས་ལྟར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཞུས་ནས་ཐག་གཅོད་བྱེད་དུ་འཇུག་དགོས་པ་རེད།

“ཁྱིམ་ཚང་རེ་ལ་ལས་རྐང་རེ”ཡོད་པའི་སྒྲིག་འཛུགས་འོག“མི་གཅིག་སྐྱེ་ཁམས་བདག་དོམ་མཁན་དུ་བདམས་པ་ན་ཁྱིམ་མི་ཡོངས་རྫོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་པའི”སྤྱོད་བཟང་ཞིག་རྨ་འབྲི་རྫ་གསུམ་ས་ཁུལ་དུ་དར་ཁྱབ་བྱུང་། གསར་འགོད་པས་ལོ་འདི་དག་གི་རིང་ལ་བཅའ་འདྲི་བྱས་པ་ལས་མཐོང་པ་ལྟར་ན། གཞུང་ལམ་གྱི་ལམ་རྒྱུད་དུ་རང་སྟེང་ནས་གད་སྙིགས་འཐུ་སྒྲུགས་བྱེད་པའི་འབྲོག་པ་ཡང་མི་ཉུང་པ་ཞིག་ཡོད། འོན་ཀྱང་དེའི་ཁྲོད་ཀྱི་མི་རེ་འགའ་ནི་སྐྱེ་ཁམས་བདག་དོམ་མཁན་མིན་ངེས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།