ཨེ་ཤ་ཡའི་སྐམ་ས་ཆེན་མོའི་ཨོག་དཀར་ཆེ་གྲས་གཙང་གསུམ་མགོ་ཁུངས་ནས་མངོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྲོག་ཆགས་ཆེད་མཁས་པ་སུ་ཞིག་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་གཏུམ་དྲག་ཅན་པོ་དེ་གང་ཡིན་ཞེས་དྲིས་ཚེ། ཚང་མས་མ་གྲོས་གཅིག་མཐུན་སྒོས་མགྲོན་སེར་ཨོག་དཀར་ལས་མ་འདས་ཞེས་ལན་འདེབས་ངེས། ཉེ་ལམ་གསར་འགོད་པས་རྨ་འབྲི་རྫ་གསུམ་མགོ་ཁུངས་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ཚོགས་པ་ནས་ཤེས་གསལ་ལྟར་ན། ཐེབས་རྩ་ཚོགས་པ་དེ་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་ཐོག་སྨར་ཁོག་ནགས་ཚལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་ཞིབ་བྱས། རྟོག་ཞིབ་ཀྱི་ཁྲོད་དུ་སྨར་ཁོག་ནགས་ཚལ་དུ་མགྲིན་སེར་ཨོག་དཀར་རིགས་ཀྱི་བརྙན་ཕབ་ཐོག་མ་ལག་སོན་བྱུང་། དེ་ནི་རང་རེའི་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ནས་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོར་ཆགས་པའི་ཨོག་དཀར་རིགས་ཆེས་ཤོས་ཕབ་ལེན་བྱས་པའི་བརྙན་ཐོག་མ་རེད།

ཤེས་གསལ་ལྟར་ན། མགྲིན་སེར་ཨོག་དཀར་ནི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིམ་པ་གཉིས་པའི་སྲོག་ཆགས་ཡིན་ཞིང་། ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོའི་ཨོག་དཀར་རིགས་ཤིག་རེད། དེའི་གཟུགས་བོངས་ཨོག་དཀར་སྐྱ་སྨུག་དང་། རྨ་འབྲི་རྫ་གསུམ་དུ་ཡོད་པའི་ཨོག་དཀར་ལས་ལྡབ་གཅིག་གིས་ཆེ་བར་འདུག་ལ་རྩལ་ཆེ་ཞིང་འགྲན་ཕོད་པའི་ནེའུ་ལོའམ་སྲེ་མོང་གི་རིགས་ཚན་དུ་གཏོགས་པ་དང་།   རྟག་ཏུ་ཁྱུ་བྱས་ནས་འཚོ་ཞིང་མང་བ་བཅུ་ཕྲག་ཁ་ཤས་འདུས་པ་སྤྱང་ཚོགས་བཞིན་རི་དྭགས་རྔོན་པ་ཞིག་རེད།

འཛམ་གླིང་ཡོངས་ཀྱི་ཨོག་དཀར་རིགས་མང་ཤོས་བྱང་ཕྱོགས་ཀྱི་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་མོད། ད་ལན་གྱི་མགྲིན་སེར་ཨོག་དཀར་ནི་དེ་དག་དང་མི་འདྲ་བར་ཨེ་ཤ་ཡའི་ཤར་ལྷོ་དང་། ཧི་མ་ལ་ཡའི་ལྷོ་ངོས། ཀྲུང་གོའི་ཆིན་ལིན་རི་རྒྱུད་ཀྱི་ལྷོ་ངོས་ནགས་ཚལ་སོགས་སུ་ཡོད་ལ། སྡོང་མགོར་འཛེག་མཁས་པས་སྤྲེའུ་ཡང་འཛིན་པ་ཞིག་རེད། ཆིན་ལིན་གྱི་ཕར་ངོགས་ཀྲུང་གོའི་ཁྲང་པའེ་ཧྲན་རི་རྒྱུད་དང་ཨུ་རུ་སིའི་ཤར་ཕྱོགས་ཀྱི་ལོ་མ་ཆེན་པོའི་ནགས་ཚལ་སོགས་ཀྱང་མགྲོན་སེར་ཨོག་དཀར་གྱི་བསྟི་གནས་ཡིན་འདུག

རི་སྐྱེས་སྲོག་ཆགས་ཀྱི་ཆེད་མཁས་པས། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འགོ་ཁུངས་ནང་ཁུལ་ནས་དཔེ་མཚོན་ཅན་གྱི་ནགས་གནས་སྲོག་ཆགས་མགྲིན་སེར་ཨོག་དཀར་ཕབ་ལེན་ཐུབ་པ་འདིས་མངའ་ཁོངས་འདིར་སྲོག་ཆགས་ཀྱི་རིགས་མང་ཞིང་། ལྷོ་བྱང་སྲོག་ཆགས་ཀྱི་འདུ་གནས་ཤིག་ཡིན་པ་གསལ་བཤད་བྱས་ཡོད། མགྲིན་སེར་ཨོག་དཀར་གྱི་གནས་ཚུལ་ཐར་ཐོར་ཙམ་དེ་སྔོན་མཚོ་སྔོན་དུ་མཐོང་ཡང་། བརྙན་རིས་ཀྱི་རྒྱུ་ཆ་ཧ་ཅང་ཉུང་བས་ར་སྤྲོད་ཁག་པོར་གྱུར། ཐེངས་འདིའི་རྟོག་ཞིབ་ཀྱིས་བརྙན་གྱི་རྒྱུ་ཆའི་སྟོང་ཆ་བསྐངས་པ་མ་ཟད། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ཁོར་ཡུག་ཉིན་རེར་ཇེ་ལེགས་དང་སྲོག་ཆགས་དང་སྐྱེ་དངོས་སྣ་མང་སྔོན་ཆད་ལས་འཕེལ་བཞིན་པ་ར་སྤྲོད་བྱས་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

ཤེས་གསལ་ལྟར་ན། སྨར་ཁོག་ནགས་ཁུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཁོངས་སུ་ཡོད་ཅིང་། རང་རྒྱལ་གྱི་འབྲི་ཆུའི་འབབ་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སུ་གཞི་ཁྱོན་ཆེས་ཆེ་ཞིང་། ཁྱབ་ཚུལ་ཆེས་ཆེ་བ། ས་བབ་ཆེས་མཐོ་བའི་རང་བྱུང་གི་གདོད་མའི་ནགས་ཁུལ་ཉག་ཅིག་སྟེ། སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་དང་སྲུང་སྐྱོབ་ཀྱི་རིན་ཐང་གཞལ་དུ་མེད་པ་ལྡན། ཐེངས་འདིའི་རྟོག་ཞིབ་ནི་ན་ནིང་གི་ཟླ་བ་བཅུ་གཉིས་པའི་ནང་འགོ་བརྩམས་པ་ཡིན་ཞིང་། སྨར་ཁོག་ནགས་ཚལ་དུ་པར་ཆས60བསྒྲིགས་པ་དང་ཆབས་ཅིག ཤྭ་བ་མཆུ་དཀར་སོགས་ཚུད་པའི་རི་དྭགས་རིགས་བརྒྱད་ཕབ་ལེན་ཐུབ་བྱུང་པས། མཚོ་སྔོན་མངའ་ཁོངས་འདིར་རྨིག་ལྡན་རིགས་ཀྱི་སྲོག་ཆགས་ཆེས་མང་བའི་ས་ཁོངས་ཤིག་ཡིན་པ་གསལ་ལེར་བསྟན་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།