དེ་རིང་ནས་བཟུང་། རིན་འདི་དག་མར་འཕབ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ3ཚེས29ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྡ་སྦྱོར་བཞི་སྤེལ་ཏེ། ཟླ4ཚེས1ཉིན་ནས་བཟུང་རླངས་སྣུམ་རིན་གོང་དང་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན། རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་། ཞིང་ཆེན་བརྒལ་བའི་རང་བྱུང་སོལ་རླངས་སྦུག་ལམ་སྐྱེལ་འདྲེན་གྱི་རིན་གོང་བཅས་ཇེ་དམའ་རུ་གཏང་རྒྱུ་རེད།

རླངས་སྣུམ་གྱི་རིན་གོང་ཇེ་དམའ་རུ་གཏང་རྒྱུ་རེད།

ཟླ3ཚེས29ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། རླངས་སྣུམ་གྱི་དཔྱ་ཁྲལ་ཚད16%ནས13%ལ་ཇེ་དམའ་རུ་སོང་བ་རེད། དེ་བས་རྒྱལ་ནང་གི་རླངས་སྣུམ་དང་ས་སྣུམ་གྱི་ཆེས་མཐོའི་སིལ་འཚོང་གི་རིན་གོང་ཏུན་རེ་ལ་སྒོར225དང་སྒོར200ཡིས་ཇེ་དམའ་རུ་བཏང་སྟེ། ཟླ3ཚེས31ཉིན་གྱི་དུས་ཚོད24སྟེང་ལག་བསྟར་བྱ་རྒྱུ་རེད། དབྱེ་ཞིབ་ལས་ཁུངས་མང་པོས་སྔོན་རྩིས་ལྟར་ན། རླངས་སྣུམ་ཨང92པ་ཧྲིན་རེར་སྒོར0.18དང་ས་སྣུམ་ཨང0ཧྲིན་རེར་སྒོར0.17གྱིས་ཇེ་དམའ་རུ་འགྲོ་རྒྱུ་རེད།

སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་ཇེ་དམའ་གཏང་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་དཔར་འགྲེམ་བྱས་པའི《གློག་དྲའི་ཁེ་ལས་ཀྱི་རིན་འཕར་དཔྱ་ཁྲལ་ཚད་ལེགས་སྒྲིག་བྱས་ཏེ་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་ལྟོས་བཅས་ཀྱིས་ཇེ་དམའ་རུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར 》བླང་བྱ་ལྟར་ན། གློག་དྲའི་ཁེ་ལས་ཀྱི་རིན་འཕར་དཔྱ་ཁྲལ་ཚད16%ནས13%ལ་ལེགས་སྒྲིག་བྱས་རྗེས། ཞིང་ཆེན་རིམ་པའི་གློག་དྲའི་ཁེ་ལས་ཀྱི་དཔྱ་ཁྲལ་ཇེ་དམའ་རུ་བཏང་ནས་གློག་རིན་ཇེ་ཉུང་བུ་བཏང་བ་དེ་ཚང་མ་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་ཇེ་དམའ་རུ་གཏོང་བའི་ཐད་ལ2019ལོའི་ཟླ4ཚེས1ཉིན་ནས་བཟུང་སྤྱོད་རྒྱུ་རེད།

ཞིང་ཆེན་བརྒལ་བའི་རང་བྱུང་སོལ་རླངས་སྦུག་ལམ་སྐྱེལ་འདྲེན་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་ལྟར་ན། 2019ལོའི་ཟླ4ཚེས1ཉིན་ནས་བཟུང་ཀྲུང་གོ་རྡོ་སྣུམ་པེ་ཅིང་རང་བྱུང་སོལ་རླངས་སྦུག་ལམ་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་བརྒལ་བའི་སྦུག་ལམ་སྐྱེལ་འདྲེན་ཁེ་ལས13གྱི་སྦུག་ལམ་སྐྱེལ་འདྲེན་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ་རེད།

རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་ཇེ་དམའ་རུ་གཏང་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། རིན་འཕར་དཔྱ་ཁྲལ་ཚད་ལེགས་སྒྲིག་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ། 2019ལོའི་ཟླ4ཚེས1ཉིན་ནས་བཟུང་། ཞིང་ཆེན་སོ་སོའི(ས་ཁུལ། གྲོང་ཁྱེར།)རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་ཇེ་དམའ་རུ་གཏང་རྒྱུ་རེད།

རིན་འཕར་དཔྱ་ཁྲལ་ཇེ་དམའ་རུ་གཏང་རྒྱུ་རེད།

ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུའུ། མཚོ་འགག་སྤྱི་ཁྱབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་དཔར་འགྲེམ་བྱས་པའི《རིན་འཕར་དཔྱ་ཁྲལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཐད་ཀྱི་སྤྱི་སྒྲོག》ལྟར་ན། ཟླ4ཚེས1ཉིན་ནས་བཟུང་ལས་རིགས་ཁག་ཅིག་གི་རིན་འཕར་དཔྱ་ཁྲལ་ཇེ་དམའ་རུ་གཏང་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།