མཚོ་སྔོན་ཞིང་ཆེན་གྱི་ལྕགས་རྟ་མཉམ་འགྲན་གྱི་འགྲན་ཚིགས་དང་པོའི་མིང་ཐོ་འགོད་མགོ་བརྩམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་ལུས་རྩལ་སྤྱིའི་ལྷན་ཚོགས། བ་ཡན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། ཞིང་ཆེན་ལྕགས་རྟའི་ལུས་རྩལ་མཐུན་ཚོགས་དང་བ་ཡན་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ་ཡིས་རོགས་སྒྲུབ་མཛད་པའི2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྕགས་རྟའི་རིམ་མཚུངས་མཉམ་འགྲན་ཟླ4པའི་ཚེས5ཉིན་མགོ་རྩོམ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་ཚིགས་ཆོས་འཁོར་གསར་ཁུལ་དུ་གཏན་འཁེལ་བྱས་ཡོད། ཟླ3པའི་ཚེས29ཉིན་ནས་བཟུང་མི་སྒེར་དང་རོལ་རྩེད་སྡེ་ཁག རླངས་འཁོར་རུ་ཁག་སོགས་ཀྱིས་དྲ་ཐོག་དང་འགྲན་སྡུར་ས་ཚིགས་སོ་སོ་ནས་མིང་ཐོ་འགོད་ཆོག་ལ། ཟླ4པའི་ཚེས2ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་རེད། ཟླ4པའི་ཚེས5ཉིན་འགྲན་སྡུར་གྱི་མགོ་བརྩམས་ཏེ་འགྲན་ཡུན་ཉིན་གཅིག་རེད།

ཐེངས་འདིའི་འགྲན་སྡུར་ཚན་ཆུང4རུ་བགོད་ཡོད། དེ་དག་ནི་སྐྱེས་པའི་རི་ཁུལ་སྤྱི་སྒྲོག་ཚན་ཆུང་དང་སྐྱེས་པའི་རི་ཁུལ་འཇོན་མིའི་ཚན་ཆུང་། སྐྱེས་མའི་རི་ཁུལ་སྤྱི་སྒྲོག་ཚན་ཆུང་། མང་ཚོགས་ལྕགས་རྟའི་སྐོར་བསྐྱོད་ཚན་ཆུང་བཅས་བཞི་ཡོད། གསལ་འདེབས་བྱ་རྒྱུ་ཞིག་ལ། ཀྲུང་གོ་ལྕགས་རྟའི་མཐུན་ཚོགས་དང་ཞིང་ཆེན་ཆུ་ཁག UCIཐོ་འགོད་བྱས་པའི་ལུས་རྩལ་པ་དང་ལུས་རྩལ་མངའ་ཁོངས་ལས་བུད་ནས་ལོ་གཉིས་འགོར་མེད་པའི་ལུས་རྩལ་པ་འགྲན་ཞུགས་བྱེད་མི་ཆོག

ཐེངས་འདིའི་འགྲན་ཚིགས་གྱི་འགྲན་སྡུར་མཇུག་རྫོགས་རྗེས། ཟི་ལིང་གྲོང་ཁྱེར་མཁར་ལྷོ་ཁུལ་ནས་འགྲན་ཚིགས་གཉིས་པའི་འགྲན་སྡུར་བསྡུ་རྒྱུ་རེད། དེ་ནས་རིམ་བཞིན་ཐོག་མར་གཏན་འཁེལ་བྱས་པའི་ཁྲི་ཀའི་འགྲན་ཚིགས་དང་འབའ་རྫོང་འགྲན་ཚིགས། གཅན་ཚའི་འགྲན་ཚིགས། སྟོང་སྐོར་འགྲན་ཚིགས། ཙོང་ཁའི་འགྲན་ཚིགས་སོགས་ཀྱི་འགྲན་སྡུར་དང་ཟི་ལིང་གི་རྟིང་རྩོད་འགྲན་སྡུར་བཅས་བསྡུ་རྒྱུ་རེད། ཞིབ་ཕྲའི་འགྲན་སྡུར་གྱི་དུས་ཚོད་དང་ས་གནས་གཅིག་རྗེས་གཉིས་མཐུད་ངང་སྤྱི་སྒྲོག་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།