ལས་ཤོར་འགན་བཅོལ་དངུལ་ལེན་པའི་རེ་འདུན་ཞུ་ཡིག་ཇི་ལྟར་འབྲི་དགོས་སམ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། བུད་མེད་ཡེས་ལགས་ཀྱིས་ལས་ཤོར་འགན་བཅོལ་རིན་དངུལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་གཉིས་ལྷག་འགོར་ཟིན་ལ། ལས་ཁུངས་བར་བཞག་པའི་ངལ་རྩོལ་གན་རྒྱ་ཡང་མེད་པར་བཏང་ཡོད། ཡིན་ན་ཡང་ལས་ཞུགས་ལས་ཤོར་ཐོ་འགོད་དཔང་ཡིག་གི་འགྲོ་ལུགས་ཅི་ཡང་བསྒྲུབས་མེད་པས། ཁོ་མོས་དགོང་དྲོའི་ཚགས་པར་ཀྱི་ཐད་གཏོང་ཁ་པར་ལ་ཁ་པར་བཏང་འོངས་ནས་དེ་འབྲེལ་གྱི་གནས་ཚུལ་ལ་འདྲི་རྟོག་དང་རྒྱུས་ལོན་བྱས་པ་རེད། ཁོ་མོའི་གནས་ཚུལ་འདི་ལྟ་བུའི་ལས་ཤོར་འགན་བཅོལ་རིན་དངུལ་ལེན་པའི་ཐད་ལ་རེ་འདུན་ཞུ་ཡིག་བཏོན་ཆོག་གམ།

གསར་འགོད་པས་རྟ་ཐང་རྫོང་ལས་ཞུགས་ཅུའུ་དང་རྟ་ཐང་རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར། 《སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་ལས་ཤོར་འགན་བཅོལ་དངུལ་ལེན་པའི་རེ་འདུན་ཞུ་མཁན་ལ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་ལྡན་དགོས།

གཏན་འབེབས་ནང་བཞིན་ལས་ཤོར་འགན་བཅོལ་ཁྲོད་དུ་ཟབ་ཞུགས་བྱས་ཡོད་པ། རང་གི་ལས་ཁུངས་དང་མི་སྒེར་གྱིས་གཏན་འབེབས་ནང་བཞིན་རྩིས་སྤྲོད་རིན་དངུལ་སྤྲད་དེ་ལོ་གཅིག་འགོར་ཡོད་པ། མི་སྒེར་གྱི་འདོད་མོས་དབང་གིས་ལས་ཤོར་བྱུང་བ་མིན་པ། ལས་འཚོལ་ཐོ་འགོད་འགྲོ་ལུགས་བསྒྲུབས་ཟིན་པ་མ་ཟད། ལས་ཀ་འཚོལ་བའི་འདོད་མོས་ཡོད་ན། ད་གཟོད་ལས་ཤོར་རིན་དངུལ་ལོངས་སུ་སྤྱད་ཆོག

གོང་གསལ་གྱི་ཆ་རྐྱེན་ལྡན་ན། ལས་ཤོར་འགན་བཅོལ་རིན་དངུལ་ལ་རེ་འདུན་སྙན་ཞུ་ཕུལ་སྐབས་གཤམ་གསལ་གྱི་ཡིག་ཆ་དག་མཁོ་སྤྲོད་བྱ་དགོས།

ལས་ཤོར་མི་སྣས་ངལ་རྩོལ་གན་རྒྱའི་འབྲེལ་བ་མེད་པར་བཟོས་རྗེས་ཀྱི་ཉིན60ཡི་ནང་དུ་ཁྱིམ་ཐོ་ཡོད་སའི་ས་ཁུལ་དང་གཞིས་ཁུལ། ཤང་དང་གྲོང་རྡལ་དུ་སོང་ནས་ལས་ཞུགས་ལས་ཤོར་ཐོ་འགོད་དཔང་ཡིག་ལེན་པའི་འགྲོ་ལུགས་བསྒྲུབ་དགོས། དེའི་འཕྲོར་ལས་ཞུགས་ལས་ཤོར་ཐོ་འགོད་དཔང་ཡིག་དེ་ཁྱེར་ནས་སྤྱི་ཚོགས་འགན་སྲུང་སྡེ་ཁག་དུ་སོང་ནས་ལས་ཤོར་འགན་བཅོལ་རིན་དངུལ་ལེན་པའི་རེ་འདུན་ཞུ་ཡིག་ཕུལ་དགོས། དེས་མི་ཚད་ལས་ཤོར་མི་སྣ་དང་མི་བཀོལ་ལས་ཁུངས་བར་གྱི་ལས་རྩོལ་འབྲེལ་བ་མཚམས་བཞག་པའི་བདེན་དཔང་དང་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར། ཁྱིམ་ཐོ། ཚུན་གཉིས་ཅན་གྱི་ཚོན་ལྡན་འདྲ་པར2 ཁྱིམ་ཐོ་ཡོད་སའི་ངལ་རྩོལ་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་ཡིས་འགན་སྒྲུབ་བྱས་པའི《ལས་ཤོར་ལས་ཞུགས་ཐོ་འགོད་དཔང་ཡིག》དང་ལས་ཤོར་འགན་བཅོལ་རིན་དངུལ་གྱི་བདེན་དཔང་དང་འགན་བཅོལ་རིན་དངུལ་རྩིས་སྤྲོད་ལག་དེབ། མི་སྒེར་གྱི་ཡིག་ཚགས། གཏན་ཁེལ་བྱས་པའི་དངུལ་ཁང་གི་དངུལ་བྱང་བཅས་མཁོ་སྤྲོད་བྱ་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།