རང་རེའི་ཞིང་ཆེན་གྱིས་སློབ་གྲྭའི་མཐའ་འཁོར་གྱི་མི་གཙང་ཞོར་ཟས་ལ་ཕྱོགས་ཡོངས་ནས་རྩད་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས18ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱིས་སྔ་གཞུག་ཏུ་སློབ་གྲྭའི་མཐའ་འཁོར་གྱི་མི་གཙང་ཞོར་ཟས་ཐད་ཀྱི་རྩད་བཤེར་ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱས་པར་གནོད་དོན་ཅན་གྱི་ཁ་ཚའི་ཞོར་ཟས་གཅིག་ཀྱང་མི་འདུག་པ་རེད།

ཚེས18ཉིན།མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྡ་ཁྱབ་སྤེལ་དོན། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སོ་སོའི་མཐའ་འཁོར་གྱི་སྨི200མཚམས་སུ་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཚོང་ཁང་ཆུང་བ་སོགས་ཀྱིས་ཁ་ཚའི་ཞོར་ཟས་སོགས་གཞོན་ནུ་ལོ་ཆུང་གི་བདེ་ཐང་ལ་གནོད་པའི་མི་གཙང་་ཟས་རིགས་བཙོང་མི་ཆོག་པ་དང་། ཐོན་སྐྱེད་དུས་ཚོད་དང་། རྒྱུ་སྤུས་ཚད་ལྡན་དཔང་ཡིག(ཐོན་སྐྱེད་འཐུས་ཡིག)། བཟོ་གྲྭའི་མིང་བཅས་གསུམ་མེད་ཐོན་རྫས་ཡོད་ཚེ་ཐད་ཀར་བཀག་ཉར་ཐོག་གཞུང་བཞེས་གཏང་རྒྱུ་ཞེས་བསྒྲགས།

ཚེས22ཉིན། གྲོང་དབུས་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་པས་ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་ལྔའི་ཉེ་འཁོར་དུ་ཕྱེས་པའི་སྒོ་རྩིས་ཚོང་ཁང་དང་། ཚོང་ཁང་དག་ཏུ་ཞིབ་བཤེར་བྱེད་དུས། བཟའ་ཆས་གཉེར་ཚོང་ཁང69ལ་ཞིབ་བཤེར་བྱས་ནས་ཁ་ཚའི་རིགས་ཀྱི་ཞོར་ཟོས་ཁུག་མ894སྒྲོམ་སྟེགས་ནས་བླངས། དེའི་ནང3·15དགོང་ཚོགས་ཐོག་ཐེར་འདོན་བྱས་པའི་ཁེ་ལས་བཞིའི་ཐོན་སྐྱེད་བྱས་པའི་ཁ་ཚའི་ཐོན་རྫས་གཅིག་ཀྱང་མི་འདུག་མོད། དེར་འཚོང་བཞིན་པའི“ཤེལ་ཉོག”(“水晶泥”)སྒམ་ཆུང 30དང་། འོད་སྨྱུག20བཅས་ཐོན་རྫས་ཁག་བསྡུ་ལེན་བྱས།

ཡུལ་ཤུལ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་ཅུའུ་ཡིས་ཀྱང་དུག་ལྡན་ཁ་ཚ་རིགས་ཀྱི་ཞོར་ཟས་ལ་ཞིབ་བཤེར་དག་ཐེར་བྱས། གཙོ་བོ་སློབ་གྲྭ་དང་དེའི་མཐའ་འཁོར་གྱི་བཟའ་ཆས་ཚོང་ཁང་གཙོ་བྱས་ཏེ། ཐེར་འདོན་བྱས་པའི“虾扯蛋”དང“亲嘴牛筋”། “爱情王子”“黄金口味棒”ཁ་ཚ་ཅན་གྱི་དུག་ལྡན་ཞོར་ཟས་ལ་གཙང་བཤེར་བྱས་པ་མ་ཟད། གཉེར་སྐྱོང་དཔང་ཡིག་མེད་པ་དང་། ཕྱིར་འཚོང་དུས་ལས་འདའ་ཞིང་ངོ་བོ་འགྱུར་བའི་བཟའ་ཆས། གསུམ་མེད་ཐོན་རྫས། བཟའ་ཆས་རྫུན་མ་སོགས་ཁྲིམས་འགུལ་ལུགས་འགུལ་གྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་མོ་བྱས།

ད་སྔའི་བར་དུ། ཡུལ་ཤུལ་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྱོན་སྡོམ་ཁྲིམས་འཛིན་པ་མི་ཐེངས50མངགས་ཏེ་བཟའ་ཆས་གཉེར་སྐྱོང་ཚོང་ཁང127ལ་ཞིབ་བཤེར་བྱས་པར་ཚོང་ཁང་བཞིས་ཁ་ཚའི་ཞོར་ཟས་འཚོང་བ་རྩད་ཆོད། ཁྲིམས་འཛིན་པས་ཚོང་བདག་དེ་དག་ལ་སོ་སོས་ཡིད་རྟོན་རང་གཅུན་དང་རང་སྐྱོན་རང་བཅོས་ཀྱི་འདུ་ཤེས་ལ་ཤུགས་བསྣན་ནས་ཚད་ལྡན་གྱི་ཚོང་ལམ་བརྒྱུད་ནས་དངོས་ཟོང་ནང་འདྲེན་བྱེད་དགོས་པ་དང་། དགོས་ངེས་ཀྱི་ལག་འཁྱེར་དང་སྤ་སེ། དངོས་ཟོང་འདྲེན་དུས་ཀྱི་ཞིབ་བཤེར་རྩིས་ལེན་ལམ་ལུགས་སོགས་བསྒྲུབས་ནས་དུག་ལྡན་ཁ་ཚའི་རིགས་ཀྱི་ཞོར་ཟས་ཚོང་ཁང་དུ་མ་བླངས་ན་ལེགས་ཞེས་བརྗོད།

དེ་དང་ཆབས་ཅིག་ཏུ། ཁྲི་འདུ་རྫོང་ཁྲོམ་རའི་ལྟ་སྐུལ་ཅུའུ་ཡིས་རྫོང་ཁོངས་ཀྱི་བཟའ་ཆས་སྡེབ་ཚོང་ཁེ་ལས་དང་སློབ་གྲྭ་ཁག་གི་མཐའ་འཁོར་གྱི་ཚོང་ཁང་ལ་ཞིབ་བཤེར་བྱས། གཙོ་བོ་འབྲེལ་ཡོད་ཞོར་ཟས་རིགས་ཀྱི་མ་བཅོས་ཟུར་སྣོན་གྱི་རྒྱུ་ཆ་དང་། འབྲེལ་ཡོད་ལག་འཁྱེར་དང་སྤ་སེ། བཟའ་ཆས་ཟུར་སྣོན་རྫས་རིགས་ཀྱི་བཀོད་སྤྱོད། ཟས་རིགས་ཀྱི་ཤོག་བྱང་དང་མཚོན་རྟགས། འཕྲོད་བསྟེན་གྱི་ཆ་རྐྱེན། རྩིས་ཁྲའི་ཟིན་ཐོ་སོགས་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཚོང་བདག་དེ་དག་གིས་རང་འགུལ་གྱིས་ཁ་ཚའི་ཞོར་ཟས་དང་།“五毛食品” རིགས་སྒྲོམ་ལས་བླངས་ནས་ཕྱིར་འཚོང་གི་ཚོང་རྟགས་མི་གསལ་ཞིང་། རྒྱུ་སྤུས་ལ་ཁག་ཐེག་མེད་པ། ཕྱི་ཐུམ་བརྒྱབ་མེད་པའི་ཟས་རིགས་དང་འབྲེལ་ཡོད་རྒྱུ་ཆ་སོགས་ཉོ་སྒྲུབ་དང་བཀོལ་སྤྱོད་མི་རུང་བའི་བླང་བྱ་བཏོན།

ཟླ3ཚེས26ཉིན། ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་སློབ་གསོ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་། གྲོང་དབུས་ཁུལ་མང་ཇ་སྲང་ལམ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་། ཡན་མཱ་སྲང་ལམ་ལས་དོན་ཁང་རིག་གནས་ལམ་སྡོད་ཁུལ་བཅས་མཉམ་འབྲེལ་ཐོག“ཁ་ཚའི་ཞོར་ཟས་སོགས་དུག་ལྡན་ཟས་རིགས་གཏན་འགོག་བྱེད་དགོས”ཞེས་སློབ་ར་གཞི་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ། ཉིན་དེར་ཁྲིམས་འཛིན་པ་བྱང་ལམ་ཆེན་མོའི་སློབ་ཆུང་གི་དྲིལ་སྒྲོག་བྱེད་སྒོར་ཞུགས།

ཁོན་ཐར་འཚོས་བསྒྱུར།