རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུང་ཐིང་གིས་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉིས་མཉམ་སྤྱོད་བྱ་བའི་སྐོར་ནས་བསམ་འཆར་བཀྲམས་པ།

ཟླ3ཚེས25ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉིས་མཉམ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་འདུག 《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་དང་། སྔར་བཞིན་མི་དམངས་ལྟེ་བར་བཟུང་ནས་འཕེལ་རྒྱས་གསར་པའི་བསམ་བློ་སྲ་བརྟན་བཏང་ཐོག འགན་བཅོལ་གྱི་ཆོས་ཉིད་དང་བསྟུན་ཞིང་། ཕོགས་ཐོབ་ལ་འགན་སྲུང་། གཅིག་གྱུར་དོ་དམ། མ་རྩ་ཉུང་གཏོང་བཅས་ཀྱི་བསམ་ཕྱོགས་ལ་བརྩི་སྲུང་གིས་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་མཉམ་སྤྱོད་ལ་སྐུལ་འདེད་གཏང་དགོས་པ་དང་། དེ་ལ་བརྟེན་ནས་འགན་བཅོལ་སྣ་གཉིས་མཉམ་དུ་ཐོ་འགོད་དང་ཐེབས་རྩ་མཉམ་དུ་འཁོར་སྐྱོད། ཁྲལ་དངུལ་མཉམ་དུ་དོ་དམ། ལྟ་སྐུལ་དོ་དམ་གཅིག་གྱུར། འགྲོ་རིམ་ཞབས་ཞུ་གཞི་གཅིག་ཅན་དུ་བསྒྱུར་དགོས་ཚུལ་དང་། དེ་མིན་འགན་བཅོལ་སྣ་གཉིས་ཀྱི་ཐེབས་རྩ་དང་དོ་དམ་ཐོན་ཁུངས་ལེགས་སྒྲིག་ལ་བརྟེན་ནས་ཐེབས་རྩ་མཉམ་འདོན་ནུས་པ་ཇེ་དྲག་དང་དོ་དམ་གྱི་ཕྱོགས་བསྡུས་ཕན་ཕྱོད་ཇེ་མཐོ། དོ་དམ་འཁོར་སྐྱོད་ཀྱི་མ་རྩ་ཇེ་ཉུང་བཅས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་ཞིང་། འགན་བཅོལ་དོ་དམ་ཐོན་ཁུངས་ལེགས་སྒྲིག འགན་བཅོལ་སྣ་གཉིས་ཀྱི་གཏན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་དང་འཚམ་པའི་ལམ་ལུགས་མ་ལག་དང་འཁོར་སྐྱོད་མ་ལག་གཟུག་དགོས་ཞེས་བསྟན་ཡོད་པ་རེད།

《བསམ་འཆར》ནང་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་མཉམ་སྤྱོད་ཀྱི་སྲིད་ཇུས་གཙོ་བོ་བཏོན་ཡོད་པ་སྟེ། གཅིག གཅིག་གྱུར་ཐོག་འགན་བཅོལ་ཐོ་འགོད་བྱེད་དགོས། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་ཐོག་ལས་བཟོ་པ་བུ་བཙའི་འགན་བཅོལ་ནང་ཞུགས་ཆོག དེ་ལ་ནང་ཞུགས་ཀྱི་ཁྱབ་ཁོངས་ཆ་ཚང་པོ་ཞིག་བཟོས་ནས་འགན་བཅོལ་དགོས་པ་རྣམས་འགན་བཅོལ་བྱ་དགོས། གཉིས། ཐེབས་རྩའི་ཁྲལ་བསྡུ་དང་དོ་དམ་གཅིག་གྱུར་བྱ་དགོས། བུ་བཙའི་འགན་བཅོལ་ཐེབས་རྩ་དེ་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩར་བཅུག་ནས་དཔྱ་ཁྲལ་གཅིག་གྱུར་ཐོག་བསྡུ་དགོས་པ་མ་ཟད། གཅིག་གྱུར་གྱི་རིམ་པ་གཅིག་མཚུངས་ཡིན་དགོས། མི་བཀོལ་ལས་ཁུངས་ཀྱི་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྲལ་བསྡུའི་བསྡུར་ཚད་གཉིས་གཅིག་ཏུ་བསྣན་ནས་མཉམ་དུ་འཇལ་དགོས། གསུམ། སྨན་བཅོས་ཞབས་ཞུ་དོ་དམ་གཅིག་གྱུར་བྱ་དགོས། འགན་བཅོལ་སྣ་གཉིས་པོ་འདི་མཉམ་སྤྱོད་བྱས་རྗེས་སྨན་བཅོས་ཀྱི་ཞབས་ཞུ་དོ་དམ་གཅིག་གྱུར་ཐོག་གཏན་འཁེལ་བྱས་ཏེ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་། དེ་མིན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བརྟག་དཔྱད་དང་སྨན་བཅོས། ཞབས་ཞུ་སྒྲིག་ཆས་བཅས་ཀྱི་ཁྱབ་ཁོངས་ནས་ལག་བསྟར་བྱ་དགོས། དེ་ཡང་བུ་བཙའི་སྨན་བཅོས་ཀྱི་འགྲོ་གྲོན་དེར་རྩ་བའི་ཆ་ནས་སྨན་བཅོས་འགན་བཅོལ་སྒྲུབ་མཁན་ལས་ཁུངས་དང་གནས་གཏན་སྨན་བཅོས་ལས་ཁུངས་ནས་ཐད་ཀར་རྩིས་རྒྱག་ཆོག མ་ཟད་བུ་བཙའི་སྨན་བཅོས་ཞབས་ཞུའི་བྱེད་སྤྱོད་ཚད་ལྡན་ཡིན་མིན་ལ་ལྟ་རྟོག་དང་ཞིབ་དཔྱད་ནན་མོ་བྱ་དགོས། བཞི། སྒྲུབ་གཉེར་དང་ཆ་འཕྲིན་ཞབས་ཞུ་གཉིས་གཅིག་གྱུར་ཡོང་དགོས། སྒྲུབ་གཉེར་ཐད་ཀྱི་དོ་དམ་གཅིག་གྱུར་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་སྒྲུབ་མཁན་ལས་ཁུངས་ཀྱིས་འགན་འཁུར་དགོས་པ་མ་ཟད། ཆ་འཕྲིན་མ་ལག་སོགས་གཞི་གཅིག་ཅན་དུ་བཏང་ནས་འཁོར་སྐྱོད་བྱ་དགོས། ལྔ། ལས་བཟོ་པས་བུ་བཙའ་བའི་སྐབས་ཀྱི་འགན་བཅོལ་གྱི་ཐོབ་སྐལ་ལ་འགྱུར་བ་མི་འབྱུང་བར་འགན་ལེན་བྱ་དགོས། བུ་བཙའི་འགན་བཅོལ་ཡོད་པ་དག་གི་བུ་བཙའི་སྨན་བཅོས་ཀྱི་འགྲོ་གྲོན་དང་། བུ་བཙའི་ཕོགས་སྣོན་སོགས་བུ་བཙའི་འགན་བཅོལ་གྱི་ཐོབ་སྐལ་ཚང་མ་བཅའ་ཁྲིམས་ཁྲིམས་སྲོལ་ནང་བཞིན་ལག་བསྟར་བྱས་ཏེ། ཉེར་མཁོའི་མ་དངུལ་དག་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ནང་ནས་བླངས་ཆོག དྲུག ལམ་ལུགས་རྒྱུན་མཐུད་ཡོང་བར་འགན་ལེན་བྱ་དགོས། ས་གནས་སོ་སོས་ཐེབས་རྩ་གཅིག་བསྡུ་མཉམ་འདོན་གྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཉེན་ཁ་སྔོན་འགོག་གི་འདུ་ཤེས་དང་ལམ་ལུགས་འགན་སྲུང་གི་ནུས་པ་ཇེ་ལེགས་སུ་བཏང་ནས་སྔོན་དཔག་དང་ཁྲིད་སྟོན་ལུགས་མཐུན་རེ་དང་། བུ་བཙའི་འགན་བཅོལ་གྱི་ལྟ་སྐུལ་ཚད་ལེན་བྱ་བའི་དམིགས་ཚད་ཆ་ཚང་བ་ཞིག་བཅོས་ནས་བུ་བཙའི་འགན་བཅོལ་གྱི་འགྲོ་གྲོན་དངོས་ཀྱི་དགོས་ངེས་ལ་གཞིགས་ནས་གྲོན་ཚད་སྙོམས་སྒྲིག་མ་ལག་གཟུག་དགོས་ཞེས་བསྟན་ཡོད་པ་རེད།

《བསམ་འཆར》ནང་དུ། ས་གནས་ཁག་གིས་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་མཉམ་སྤྱོད་ཀྱི་ལས་ལ་མཐོང་ཆེན་པོ་གནང་ནས་ས་གནས་རང་གི་བུ་བཙའི་འགན་བཅོལ་དང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཡོད་མཁན་གྱི་ཁྱད་པར་དང་། ཐེབས་རྩའི་མ་དངུལ་སྤྲོད་པའི་ནུས་པ། ཕོགས་ཐོབ་འགན་སྲུང་གི་ཆུ་ཚད་སོགས་ཕྱོགས་བསྡུས་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་བགྱིས་ཏེ། སྒྲིག་འཛུགས་བཟང་པོ་དང་ལས་ཀ་ཞིབ་ཚགས་བསྒྲུབ་ནས་འབྲེལ་ཡོད་མི་སྣའི་ཕོགས་ཐོབ་ཇེ་ཉུང་དུ་མི་འགྲོ་ཞིང་། ཐེབས་རྩ་བསྡུ་གཏོང་དོ་མཉམ་པ་ཞིག་ཡོང་བར་འགན་ལེན་ཐོག་གཏན་འཇགས་ངང་བསྒྲུབ་དགོས་ལ། ཞིང་ཆེན(རང་སྐྱོང་ལྗོངས། ཁོངས་གཏོགས་གྲོང་ཁྱེར)ཁག་གིས་ལས་ཀ་བཀོད་སྒྲིག་དམ་འཛིན་ནན་འཛིན་བྱས་ནས་ས་ཁུལ་སོ་སོར་གཅིག་གྱུར་འཆར་འགོད་ལྟར་མྱུར་དུ་དོན་འཁྱོལ་བྱེད་པར་སྐུལ་སློང་ཁྲིད་སྟོན་ཐོག 2019ལོའི་ལོ་མཇུག་ལ་འགན་བཅོལ་འདི་གཉིས་མཉམ་གཅིག་སྤྱོད་ཐུབ་པ་བཟོ་དགོས་ཞེས་བསྟན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།