བོད་ལྗོངས་ཉིང་ཁྲི་བྱེ་པ་གྲོང་ཚོས་ཤིང་གཅོད་མཚམས་བཞག་ནས་ཡུལ་སྐོར་ལས་རིགས་གཉེར་བས་མང་ཚོགས་ཕྱུག་པོ་ཆགས་པ།

◆ 2005ལོར་སྡོད་ཁང་སྒྱུར་བཀོད་བྱས་པ།

◆ གྲོང་ཚོའི་དུད་ཚང་120ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ།

◆ གྲོང་ཚོར་སྔ་ས་ནས་གློག་དང་ཆུ་ཀ་ལ་ཤར་གཏོང་ཐུབ་པ།

◆ དྲ་རྒྱ་དུད་ཁྱིམ་ཡོངས་ལ་ཁྱབ་པ།

ཤི་ལོག་དང་བཟའ་ཟླས་བྱེ་བ་གྲོར་ཚོར་གཉེར་བའི་ཁྱིམ་ཚང་མགྲོན་ཁང་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྲག་གསུམ་མཚོའི་ངོགས་སུ་ཡོད་པ་དང་། མགྲོན་ཁང་དེར་ད་ཆ་ཉལ་ཁྲི་20ཡོད་ལ་ཡུལ་སྐོར་བ་མང་བའི་སྐབས་སུ་ཉལ་ཁྲི་སྟོང་པ་གཅིག་ཀྱང་ལུས་ཀྱི་མེད་པས། ནང་མི་བརྒྱད་ཡོད་པའི་ཁྱིམ་ཚང་དེར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་ཡོང་གི་ཡོད།

ཤི་ལོག་གིས་དེར་བློ་ཡིད་ཚིམ་ནས་མི་སྡོད་པ་དང་། མགྲོན་ཁང་དེར་གསང་སྤྱོད་གཅིག་ལས་མེད་པས་ངེས་པར་དུ་མང་དུ་གཏོང་དགོས་པ་སྟེ། སྒོ་རའི་ནང་དུ་གཟན་ཁང་འགའ་ཤས་ཡོད་པ་དག་བཤིག་ནས་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་སྟར་པ་གཅིག་བརྒྱབ་སྟེ་ཐོག་སོ་རེར་ཚད་ལྡན་ཁང་པ་གསུམ་ཡོད་པ་དེ་དག་ཚང་མར་གསང་སྤྱོད་བསྐྲུན་པ་རེད།

ཤི་ལོག་གིས་ཁྱིམ་ཚང་མགྲོན་ཁང་དེ་གཉེར་སྐྱོང་བྱས་ནས་ལོ་བརྒྱད་དགུ་ཙམ་སོང་ཞིང་། སྔོན་ཆད་ཤིང་བཅད་ནས་ཤིང་ཆའི་ཚོང་རྒྱག་གི་ཡོད་ལ། གྲོང་ཚོའི་ནང་གི་ན་ཟླ་མང་པོ་དང་འདྲ་བར་ཕའི་ལག་ནས་སྟ་རེ་བླངས་ཏེ་ལོ་བཅུ་གྲངས་ཤིང་བཅད།

“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲིར་ནགས་ཚལ་ཁེབས་ཚད་47.6%ཟིན་ཞིང་། སྔོན་ཆད་དེ་གའི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཤིང་བཅད་དེ་ཁྱིམ་ཚང་གི་འཚོ་བའི་ཁ་གསབ་བྱེད་ཀྱི་ཡོད། “སྔོན་ཆད་རྫོང་ནོར་སྲིད་ཀྱི་ཡོང་འབབ་གཙོ་བོ་ནི་ཤིང་ལ་བརྟེན་དགོས་ཀྱི་ཡོད། རང་ཉིད་ཀྱིས་1976ལོ་ནས་བཟུང་ནགས་སྲུང་པ་བྱས་པ་ཡིན། སྐབས་དེ་དུས་ཤིང་ཆ་དུམ་བུར་གཅོད་པའི་ལས་འགན་འཁུར་བ་ཡིན”ཞེས་བྱེ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དཔལ་ལྡན་གྱིས་བཤད།

ཉིང་ཁྲིའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དེར་སྲུང་སྐྱོང་བྱ་ཆེད། སྲིད་གཞུང་སྡེ་ཚན་གྱིས་2005ལོར་ཤིང་གཅོད་མི་ཆོག་པའི་བཀའ་བཏང་བ་དང་འབྲེལ། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་དང་དར་སྤེལ་ཤུགས་ཆེན་བཏང་བ་རེད།

འོན་ཀྱང་། སྐབས་དེ་དུས་ཤིང་གཅོད་བྱེད་ཀྱི་སྟ་རེ་དེ་འཇོག་རྒྱུར་མི་མང་པོས་བློ་མོས་དེ་ཙམ་བྱེད་ཀྱི་མེད། ཤི་ལོག་ཡང་སྐབས་དེར་དངངས་འཚབ་ཆེན་པོ་ལངས་ཤིང་། དངོས་འབྲེལ་ཤིང་གཅོད་མཚམས་བཞག་ནས་ཡུལ་སྐོར་ལས་རིགས་གཉེར་ན་གཉེར་སྐྱོང་བྱེད་མི་ཤེས་པའི་ཁར་ད་དུང་རྒྱ་སྐད་ཀྱང་ཡག་པོ་མི་ཤེས་པ་དེ་རེད།

ལོ་66ལ་སླེབས་པའི་བསོད་ནམས་དཔལ་ལྡན་ནི་ལོ་རྒྱུས་དེའི་དཔང་པོ་ཞིག་རེད། “སྐབས་དེ་དུས་རྟག་ཏུ་ཉིན་མོར་ཤིང་གཅོད་མི་ཆོག་པའི་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་དགོང་མོར་མི་འགའ་ཤས་ཀྱིས་ལྐོག་ཏུ་ཤིང་གཅོད་པར་འགྲོ་གི་ཡོད། ཤིང་གཅོད་མཚམས་བཞག་ན་གྲོང་མི་ཚོས་ཡོང་འབབ་ཉུང་དུ་འགྲོ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བསོད་ནམས་དཔལ་ལྡན་གྱིས་བཤད།

སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པ་དང་ནགས་སྲུང་བའི་གླ་ཆ་སྤར་བ་སོགས་ཀྱི་སྲིད་ཇུས་བཏོན་པ་མ་ཟད། ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་གི་དཔེ་སྟོན་ཕན་འབྲས་ཐོན་པ་དང་ཆབས་ཅིག གྲོང་མི་ཚོས་ཀྱང“ཤིང་གཅོད་མི་ཆོག་པའི”བཀའ་རྒྱ་དངོས་སུ་དང་ལེན་བྱེད་འགོ་ཚུགས།

གྲ་སྒྲིག་ལེགས་པོ་བྱས་རྗེས་ཤི་ལོག་གིས་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་ཚུགས་ཤིང་། མགྲོན་ཁང་གཉེར་བའི་ལོ་དང་པོ་དང་གཉིས་པར་འགྲུལ་པ་ཉུང་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ལས་བྱུང་མེད། འོན་ཀྱང་ལོ་གསུམ་པ་དེར་ཞབས་ཞུ་ལེགས་པ་དང་ཚོང་ཤག་མང་དུ་ཕྱིན་པར་བརྟེན་ཁོང་ཚོའི་ཡོང་འབབ་སྔོན་ཆད་ཤིང་གཅོད་པ་ལས་མང་བ་བྱུང་ཡོད།

ད་ཆ་ཤི་ལོག་གི་ཁྱིམ་དུ་བ་གླང་7དང་རྟ་1གསོས་པ་མ་ཟད། ད་དུང་ས་ཞིང་མུའུ་30ལྷག་ཙམ་ཡོད། འོན་ཀྱང་མགྲོན་ཁང་གཉེར་སྐྱོང་བྱས་པའི་ཡོང་འབབ་ནི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད།

སྔོན་ཆད་ཤིང་གཅོད་མཁན་གྲོང་ཚོ་དེ་ད་ཆ་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་གྲོང་ཚོར་གྱུར་ཞིང་། བྱེ་པ་གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་40ལྷག་ཙམ་ཡོད་པ་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་རེར་ལོ་རེར་ཡུལ་སྐོར་ཡོང་འབབ་མང་པོ་ཡོད། ཡུལ་སྐོར་བ་མང་དུ་ཕྱིན་པས་བོད་ཕག་གི་ཤ་བྲིན་ཁ་རྒྱུག་པོ་ཡོད་པ་དང། གྲོང་ཚོས་གོ་སྐབས་དེ་དང་བསྟུན་ནས་བོད་ཕག་གསོ་ཚགས་རྟེན་གཞི་གཉེར་བས་ལོ་ལྟར་གྲོང་མིར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་བྱུང་ཡོད་པ་རེད།

སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བས་བྱེ་པ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། བསོད་ནམས་དཔལ་ལྡན་གྱིས་ཆུང་བྱིས་པའི་དུས་སུ་གྲོང་ཚོར་ཨར་འདམ་ལམ་མེད་སྟབས་དབྱར་ཁ་ཆར་པ་བབས་ཚེ་འདམ་རྫབ་ལངས་ཀྱི་ཡོད། ད་ཆ་གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་ཨང་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་བཏིང་བ་དང་། 2005ལོར་སྡོད་ཁང་སྒྱུར་བཀོད་བྱས་རྗེས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་120ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་ཤིང་། གྲོང་ཚོར་སྔ་ས་ནས་གློག་དང་ཆུ་ཀ་ལ་ཤར་གཏོང་ཐུབ་པ་མ་ཟད་དྲ་རྒྱ་ཡང་ཁྱོན་ཡོངས་ལ་ཁྱབ་ཡོད་ཅེས་སེམས་འགུལ་ཐེབས་བཞིན་བཤད།

ཤི་ལོག་གི་བུ་གཉིས་ན་སོ་དར་ལ་བབས་ནས་ད་ཆ་ཡུལ་སྐོར་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་ཁྱིམ་ཚང་མགྲོན་ཁང་ལེགས་བཅོས་བྱས་རྗེས་ཕྲུ་གུ་གཉིས་ལ་དྲ་ཐོག་ནས་བརྡ་ཆ་བཏང་སྟེ་དྲིལ་བསྒྲགས་བྱེད་ཏུ་འཇུག་རྒྱུ་ཡིན་ཞེས་བཤད།

ཤི་ལོག་གིས་ཤིང་གཅོད་བྱེད་ཀྱི་སྟ་རེ་དེ་བུ་གཉིས་ལ་སྤྲོད་རྩིས་བྱེད་ཀྱི་མེད། གང་ལགས་ཤེ་ན། ཤིང་བཅད་ན་སོ་སོའི་ལྕགས་ཕོར་བཅག་པ་དང་གཉིས་སུ་མ་མཆིས་པས་རེད།