ཁྱིམ་ཚང་གི་བཅའ་ཁྲིམས་སྐོར།༩

(ལེ་ཚན་སྔོན་མའི་འཕྲོས་མཐུད།)

གཉོར་སྐྱོང་རིན་དངུལ་སྤྲོད་པའི་ཚད་གཞི་དང་རིན་དངུལ་སྤྲོད་ཐབས་གང་དག་ཡོད་དམ།

རིན་སྤྲོད་ཚད་གཞི། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་གྱོད་དོན་ཐག་གཅོད་ལས་བུ་ཕྲུག་གི་གཉོར་སྐྱོང་གནད་དོན་ཐད་ཀྱི་བྱེ་བྲག་བསམ་འཆར》ཞེས་པ་ལས་བརྟན་འཇགས་ཀྱི་ཡོང་སྒོ་ཅན་གྱི་གཉོར་སྐྱོང་རིན་དངུལ་ནི་སྤྱིར་བཏང་དུ་ཟླ་རེའི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི་ཉི་ཤུ་ནས་སུམ་བཅུའི་སྡུར་ཚད་ལྟར་སྤྲོད་དགོས། བུ་ཕྲུག་གཉིས་ཀྱི་ཡན་གཉོར་སྐྱོང་བྱེད་པའི་རིན་དངུལ་གྱི་འགན་འཁྲི་ཡོད་ན། སྡུར་ཚད་འོས་འཚམ་གྱིས་ཅུང་མཐོ་ངེས། འོན་ཀྱང་སྤྱིར་བཏང་དུ་ཟླ་རེའི་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་མི་སྲིད། བརྟན་འཇགས་ཀྱི་ཡོང་འབབ་མེད་པའི་གཉོར་སྐྱོང་རིན་དངུལ་གྱི་ཁ་གྲངས་དེ་ལོ་གཅིག་གི་སྤྱིའི་ཡོང་འབབ་དང་ལས་རིགས་དེའི་ཆ་སྙོམས་ཡོང་སྒོ་ལྟར་དུ་དཔྱད་གཞིར་བཟུང་ནས་གཏན་ཁེལ་བྱེད་དགོས།

གཉོར་སྐྱོང་རིན་དངུལ་སྤྲོད་པའི་ཐབས་ལམ། 

སྤྱིར་བཏང་དུ་དུས་ཚོད་གཏན་ཁེལ་བྱས་ཏེ་སྤྲོད་དགོས་ཤིང་། ཆ་རྐྱེན་ལྡན་ན་སྤྲོད་ཐེངས་གཅིག་གིས་སྤྲད་ཆོག ཁྲིམས་ཁང་གིས་ཕ་རོལ་བོའི་དོན་དངོས་རིན་སྤྲོད་ནུས་པ་དང་དེ་མིན་དོ་བདག་མི་སྣའི་རྣམ་འགྱུར་ལ་ལྟ་ངེས། སྤྱིར་བཏང་དུ་བཤད་ན། གལ་ཏེ་ཕ་རོལ་དོ་བདག་མི་སྣས་སྤྲོད་ཐེངས་གཅིག་གིས་སྤྲོད་པ་དང་ལེན་མི་བྱེད་ཚེ། ཁྲིམས་ཁང་གིས་སྤྲོད་ཐེངས་གཅིག་ལ་ཡོད་ཚད་སྤྲོད་དགོས་པ་ཐག་གཅོད་བྱེད་པའི་བཀའ་བརྡ་སྒྲོག་པའི་དགོས་གལ་རང་བཞིན་མི་ཆེ་བ་རེད།

གནས་ཚུལ་ཇི་འདྲའི་འོག་ཕྱོགས་གཅིག་གིས་ཁྲིམས་ཁང་ལ་བྱིས་པའི་གཉོར་སྐྱོང་རིན་དངུལ་ཁ་གསབ་བྱེད་པའི་རེ་འདུན་བཏོན་ཆོག

མ་གཞི་གཏན་ཁེལ་བྱས་པའི་གཉོར་སྐྱོང་རིན་དངུལ་དེས་ས་གནས་དེའི་དོན་དངོས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་འཁྱོངས་བྱེད་མི་ཐུབ་པ།

བུ་ཕྲུག་ནད་ཀྱིས་མནར་བ་དང་སློབ་གྲྭར་འགྲོ་བ། དོན་དངོས་དགོས་མཁོ་དེ་མ་གཞི་གཏན་ཁེལ་བྱས་པའི་ཁ་གྲངས་ལས་བརྒལ་ཡོད་པ།

དེ་ལས་གཞན་པའི་རྒྱུ་རྐྱེན་ཡོད་ན་དེར་བསྟུན་སྒོས་ཁ་སྣོན་བྱས་ཆོག

(ཡོངས་སུ་རྫོགས་སོ།)

ལོ་ཙཱ་བ། ལྷ་དཔལ་སྐྱབས།