རང་ཞིང་གིས་གློ་གཅོང་ནད་ཀྱི་འགོག་བཅོས་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3པའི་ཚེས24ཉིན་ནི“འཛམ་གླིང་གི་གློ་གཅོང་ནད་འགོག་བཅོས་ཀྱི་ཉིན་མོ”ཡིན་པས། གསར་འགོད་པས་ཞིང་ཆེན་རིམས་འགོག་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་མུ་མཐུད་དུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་འདོན་སྤྲོད་བྱས་ཤིང་། དེང་རབས་གློ་གཅོང་རིམས་ནད་སྔོན་འགོག་ཐབས་ཇུས་དེ་ལ་རང་ཞིང་གིས་ཁྱོན་ཡོངས་ནས་འགན་སྲུང་ནུས་ལྡན་ཐོབ་པ་རེད། “སྲིད་གཞུང་གི་མཐོང་ཆེན་དང་སྡེ་ཁག་གི་རམ་འདེགས། སྤྱི་ཚོགས་ཧྲིལ་བོ་ཟབ་ཞུགས”བཅས་ཀྱིས་བྱ་བའི་སྒྲིག་གཞིར་འགོག་བཅོས་དང་གློ་གཅོང་ནད་ཀྱི་འགོག་བཅོས་སྒྲིག་གཞི་ལ་བརྟེན་ནས། སྨན་ཁང་གཏན་ཁེལ་གྱིས་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་། སྡེ་བ་བཅས་རིམ་པ་མི་འདྲ་པ་དག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དེ་རྨང་གཞི་རུ་བྱས་ནས། ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་གསར་འཛུགས་སྒོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་ཁྱོན་ཡོངས་ནས་ཁག་ཁུར་ནན་མོ་ཐོབ་ཡོད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། ལོ་འདི་དག་གི་རིང་ལ་རང་ཞིང་གིས་སྲིད་ཇུས་ཀྱི་དམ་བཅའ་དང་ནོར་སྲིད་ཀྱིས་མ་དངུལ་གཏོང་པ། འཆར་འགོད་གཏན་འབེབས། སྨན་བཅོས་རྩིས་ཞུ་བཅས་ཀྱི་སྡུར་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་ལ། རིམས་ནད་འགོག་བཅོས་བྱ་བའི་ཚད་གཞི་ཆེས་ཆེར་བཏང་ཞིང་། ཚད་གཞི་ཆེས་ཆེ་བའི་སྒོ་ནས་གློ་གཅོང་ནད་པའི་འགན་འཁྲི་ཇེ་ཡངས་སུ་བཏང་ནས། གློ་གཅོང་ནད་ཀྱི་སྨན་བཅོས་དང་འགོག་བཅོས་བྱ་བའི་ཐད་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྟེང་གི་མི་སྣ་དག་གིས་ངོས་འཛིན་ཟབ་མོ་ཐེབས་ཡོད། དེ་ཡང2017ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གློ་གཅོང་ནད་ཀྱི་འགོག་སྲུང་སྨན་བཅོས་འཆར་འགོད་ཞེས་པ་གཞིར་བཟུང་སྟེ། རིམས་འགོག་སྨན་བཅོས་རིགས་མི་འདྲ་བ་སོ་སོའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཡོད། དེ་ཡང“གློ་གཅོང་ནད་པ་གསར་དུ་ཤེས་རྟོག་ཐུབ་པའི་ཚད་གཞི་མཐོར་འདེགས་དང་ནད་པར་སྨན་བཅོས་བྱས་ནས་དྲག་སྐྱེད་འོངས་བའི་ཚད་གཞི”དེ་གློ་གཅོང་ནད་ཀྱི་སྨན་བཅོས་སྔོན་འགོག་བྱ་བའི་སྲོག་ཤིང་གི་དམིགས་འབེན་དུ་བཞག་ནས། ཤེས་རྟོག་བྱུང་བ་ཡོད་ཚད་བསྒྲུབ་ཐུབ་པ་དང་ཡོད་ཚད་ལ་སྙན་ཞུ་བྱེད་པ། ཡོད་ཚད་ལ་བདག་དོམ་བྱེད་པ། ཡོད་ཚད་ལ་སྨན་བཅོས་ཡོངས་འགྲུབ་བྱེད་པའི་ཚད་གཞིར་སླེབས་ཡོད།

རང་ཞིང་གིས་གློ་གཅོང་ནད་པའི་ནད་ངོས་འཛིན་གྱི་ཚད་གཞི་ཆེས་ཆེར་བཏང་ནས། གློ་གཅོང་ནད་ཀྱི་ནད་པའི་སྨན་བཅོས་བདག་དོམ་བྱ་བར་སྐུལ་འདེད་དང་སློབ་གྲྭའི་གློ་གཅོང་ནད་ཀྱི་ཚོད་འཛིན་ལ་ཤུགས་སྣོན་བྱེད་པ། ཡོངས་ཁྱབ་ཀྱིས་གློ་གཅོང་ནད་ཀྱི་བདེ་ཐང་བདག་དོམ་གྱི་གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུ་ལ་བརྟེན་ནས། ཡོངས་ཁྱབ་སྣ་མང་སྒོས་གློ་གཅོང་ནད་ཀྱི་འགོག་བཅོས་དང་བདེ་ཐང་སློབ་གསོའི་བྱ་བ་ཁྱོན་ཡོངས་ནས་སྤེལ། མི་དམངས་མང་ཚོགས་ཀྱི་ནད་རྟགས་སྨན་བཅོས་བྱ་བར་སྟབས་བདེ་གང་ལེགས་སྐྲུན་པ་དང་རང་ཞིང་གིས་ཁྱོན་ཡོངས་ནས་སྨན་བཅོས་སྒྲིག་གཞིའི་གཏན་ཁེལ་ལག་བསྟར་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཅས་ཀྱི་རྣམ་པ་གསར་བའི་གློ་གཅོང་ནད་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་བ་ལེགས་པོར་སྒྲུབ། ད་ལྟའི་ཆར་རང་ཞིང་ལ་གློ་གཅོང་ནད་ཀྱི་སྨན་བཅོས་གཏན་ཁེལ་སྒྲིག་གཞི49བཙུགས་པ་དང་། རྫོང་རེ་རེ་ལ་ཆེས་མ་མཐའ་ཡང་གློ་གཅོང་ནད་ཀྱི་གཏན་ཁེལ་སྨན་བཅོས་སྒྲིག་གཞི་གཅིག་རེ་གཏན་ཁེལ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།