ཁེ་ལས་པ་ཞིག་གི་རིག་གནས་སྙིང་སྟོབས།

ང་ཚོས་ནམ་ཡང་མི་རིགས་ཞེས་ཆེན་པོ་ཞིག་མ་བཤད་པའི་སྔོན་དུ་མི་རིགས་ལ་རང་གི་ནུས་ཚོད་ཀྱིས་ལས་ཀ་ཅི་ཞིག་བསྒྲུབ་དགོས་པ་དེར་བསམ་བློ་གཏང་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ཡིན་པ་འདི་ངོ་འཕྲོད་དགོས་སྙམ། སམ་བྷོ་ཊ་ཀུང་ཟི་ནི་ཏག་ཏག་དེ་ལྟ་བུའི་ལས་ཁོ་ན་ལ་བརྩོན་པའི་བོད་ཀྱི་ཁེ་ལས་ཤིག་ཡིན་ཏེ། བོད་ཀྱི་རིག་གནས་འདི་ཉིད་ཀྱི་སྲོལ་ཙམ་པོ་རྒྱུན་སྐྱོང་བྱེད་པ་ཙམ་མ་ཡིན་པར་རིག་གནས་ཐོན་རྫས་ཅན་དུ་བཏང་ནས་རིག་གནས་ཀྱིས་རང་ཉིད་ཀྱི་འཚོ་བ་ལ་ཕན་བདེ་སྐྲུན་པའི་ཐབས་ལམ་བཙལ་དང་འཚོལ་གྱིན་པའི་རིག་གནས་སྙིང་སྟོབས་ཀྱིས་ཀུན་ནས་ཕྱུག་པའི་ཁེ་ལས་ཤིག་རེད་ཅེས་བཤད་ཆོག 

ཁོང་གི་མིང་ལ་བསྟན་འཛིན་ནམ་འགར་རང་འབར་ཡང་ན་རེབ་གོང་བ་ཞེས་སུ་འབོད་ཅིང་།1981ལོར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཤར་ཕྱོགས་རོང་འབྲོག་ཚོ་ལྔའི་ནང་ཚན་གྱ་ས་མཐེ་བུ་རུ་འབོད་པའི་འབྲོག་སྡེ་ཞིག་ཏུ་སྐྱེས།ཆུང་དུས་ནས་སློབ་གྲྭར་འགྲིམས་ཏེ་སློབ་ཆུང་མཐར་ཕྱིན་རྗེས་འགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དམ་ཆོས་རྒྱ་མཚོ་དང་།ལྔ་རིག་སྨྲ་བ་རྗེ་བློ་གསལ་རྒྱ་མཚོ།འགར་རྩེ་དགོན་པའི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་བསྟན་འཛིན་དང་བསྟན་པ་རྒྱ་མཚོ་སོགས་བསྟེན་ནས་ཚད་མ་དང་།ཕར་ཕྱིན།དབུ་མ།མཛོད།འདུལ་བ་སོགས་ནང་དོན་རིག་པའི་སྐོར་དང་།སུམ་རྟགས།སྙན་ངག མངོན་བརྗོད།སྒྲ་སོགས་ཐ་སྙད་རིག་པའི་ཕྱོགས་ལ་ཐོས་བསམ་བྱས།2004ལོར་འགར་རྩེ་ཆེ་བ་རིན་པོ་ཆེ་མཆོག་གིས་རང་དགོན་པའི་དགེ་རྒན་དུ་བསྐོ་བཞག་བྱས་པ་ནས་བཟུང་གྲྭ་གཞོན་དོན་གཉེར་ཅན་དག་ལ་སྡུས་གྲྭ་དང་སུམ་རྟགས་སོགས་ཀྱི་སློབ་ཁྲིད་བྱས་པ་དང་།2006ལོ་ནས་རིམ་བཞིན་སློབ་ཆུང་དང་།སློབ་འབྲིང་སོགས་ཀྱི་དགེ་རྒན་བྱས་ཏེ་རིགས་ཀྱི་ལོ་ཆུང་མང་པོ་བསྐྱེད་སྲིང་བྱས་ཞོར་གངས་རྒྱན་མེ་ཏོག་དང་ཟླ་ཟེར།རྨ་ལྷོའི་ཚགས་པར།དུས་རབས་ཀྱི་བསམ་གཞིགས།གུར་གུམ་ཆུན་པོ་སོགས་སྒེར་གཞུང་གི་དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱི་སྟེང་དུ་སྙན་ངག་དཔྱད་རྩོམ་བརྒྱ་ལྷག་བཀོད་མྱོང་།2012ལོ་ནས་བཞག་པ་རིན་པོ་ཆེས་ཕྱག་བཏབས་པའི་ཏ་ཆེན་གྱི་དགེ་ལུགས་པའི་དགོན་པ་དེ་ནས་དགེ་འདུན་པ་དག་ལ་བོད་ཡིག་གི་དབྱངས་གསལ་ནས་དབུ་བརྩམས་ཏེ་སློབ་ཁྲིད་བྱེད་ཞོར་ཁོང་གི་གསུང་རྩོམ་བསྡུ་སྒྲིག་གི་བྱ་བ་སོགས་བསྒྲུབས་མྱོང་།

2014ལོར་ཁོང་གིས་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འོག་གྲོང་ཁྱེར་ཟི་ལིང་ནས་སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་དབུ་བརྙེས་པའི་མཛད་སྒོ་ཕྱེས། ཚོགས་ཐོག་ཏུ་བོད་གངས་ཅན་གྱི་རིག་གནས་ལ་བློ་སེམས་དཀར་ཞིང་མཁྱེན་རྒྱ་ཡངས་པའི་བླ་སྤྲུལ་དང་།དགེ་བའི་བཤེས་གཉེན།སྨན་རམས་པ།དགེ་རྒན་ཆེན་མོ།རྩོམ་སྒྲིག་པ།གཞན་ཡང་གྲུབ་མཐའ་མི་འདྲ་བ་དང་།ལས་རིགས་མི་འདྲ་བ་སོ་སོ་ནས་ཕེབས་པའི་མི་སྣ་བརྒྱ་ལ་ཉེ་བ་ཞུགས་ཏེ། ཀུང་ཟིའི་དཔེ་རྙིང་སྡུད་སྒྲིག་གི་བྱ་བའི་གལ་ཆེན་རང་བཞིན་དང་གོ་རིམ་གྱི་སྐོར་སོགས་ནས་བགྲོ་གླེང་མང་དུ་མཛད། བསྟན་འཛིན་ལགས་ཀྱིས་ཐེངས་དེའི་བགྲོ་གླེང་དང་། རྒྱལ་ཁབ་རིམ་པའི་རིག་གནས་སྲུང་སྐྱོབ་ཀྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་དང་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་མ་བཏང་བར་ཀུང་སིའི་ལས་བཟོ་པ་རྣམས་ཀྱི་སྣེ་འཁྲིད་དེ་དཔེ་རྙིང་སྡུད་སྒྲིག་དང་མྱུར་སྐྱོབ་ཀྱི་ལས་ལམ་ལ་དངོས་སུ་ཞུགས། ལས་དེ་ནི་འཛམ་གླིང་གི་ཡན་ལག་ཏུ་གྱུར་བའི་རིག་གནས་མྱུར་སྐྱོབ་དང་ཀྲུང་ཧྭའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ། ནང་སྒོས་སུ་རང་ས་གནས་མཚོན་པའི་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་ཆ་ལ་དོན་སྙིང་ཆེན་པོ་ལྡན། ཀུང་སི་དེས་ད་ལྟ་རེབ་གོང་ས་ཆ་གཙོ་བྱས་མདོ་སྨད་ཡུལ་གྱི་དཔེ་རྙིང་དཀོན་གྲས་འཚོལ་སྡུད་དང་མྱུར་སྐྱོབ་བྱ་ཞོར་ཏུ། ༼རིག་འབྱུང་མཁས་དབང་ཞལ་ཐང་ཆེན་མོ༽ཞེས་རེབ་གོང་ས་གནས་སུ་སྐུ་འཁྲུངས་པའི་མཁས་དབང་རིམ་བྱོན་དག་གི་འདྲ་རིས་ཞལ་ཐང་འབྲི་བཞེངས་དང་། གཞན་རེབ་གོང་ཡུལ་དུ་སྐུ་འཁྲུངས་པའི་དགེ་རྙིང་བོན་གསུམ་གྱི་སྔོན་བྱོན་མཁས་དབང་དག་གི་གསུང་གི་ཉིང་བཅུད་འདུས་པའི་ཞལ་གདམས་མང་པོ་ཁོལ་དུ་བྱུང་ནས་བྲིས་ཡོད་པའི་ཡིག་གཟུགས་ཞལ་ཐང་རིང་མོ། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཛད་འཕྲིན་ཞལ་ཐང་རིང་མོ་བཅས་བྲི་དང་འབྲི་མུས་སུ་མཆིས། དེ་ཡང་རིག་འབྱུང་མཁས་དབང་ཞལ་ཐང་ཆེན་མོ་བཞེངས་སྟངས་ཀྱི་ཁྱད་ཆོས་ལ། སྔོན་བྱོན་མཁས་པ་དེ་དག་གི་སྐུ་པར་དངོས་ཡོད་པ་དག་ལ་བལྟས་ནས་འབྲི་བཞེངས་བྱེད་པ་དང་།སྐུ་པར་མེད་པ་དག་རྒན་རབས་པ་དག་ལ་ངག་འདྲི་བྱས་ནས་བཤད་རྒྱུན་མ་ཡལ་བའི་རྒྱུ་ཆ་འཚོལ་སྡུད་བྱུང་པ་ནང་ལྟར་སོ་སོའི་ཁྱད་ཆོས་གཞིར་བཟུང་སྟེ་འབྲི་བཞེངས་བྱེད་པ། རྟེན་སྐྱ་སེར་གང་ཡིན་ཇི་བཞིན་དུ་འབྲི་བ།རང་རང་གི་སློབ་གཉེར་གནང་སའི་ཡུལ་གང་ཡིན་པ་དེ་ཞལ་ཐང་གི་རྒྱབ་ལྗོངས་སུ་འབྲི་བ། མཛད་པ་པོ་རང་རང་གི་མི་ཚེའི་ལོ་རྒྱུས་གང་ལ་ཤུགས་ཆེ་བ་དེ་གཙོ་བོར་བཟུང་ནས་འབྲི་བ།བཞུགས་སྟངས་ཀྱི་ཆ་ནས་ཀྱང་མིའི་འཚོ་བ་དངོས་ཀྱི་རྣམ་པ་གཙོ་བོར་བཟུང་ནས་འབྲི་བ་བཅས་ལྔ་ཡོད་པ་མ་ཟད། ཞལ་ཐང་རང་ངོས་ལ་བོད་མདོ་དབུས་ཁམ་གསུམ་གྱི་འདྲ་རིས་ཞལ་ཐང་རིང་མོ་ཆེས་ཐོག་མ་ཡིན་པ།གྲུབ་མཐའ་རིས་སུ་མ་ཆད་པའི་འདྲ་རིས་ཞལ་ཐང་གཞི་གཅིག་ཏུ་བཀོད་པ་ཆེས་ཐོག་མ་ཡིན་པ།མཁས་དབང་རྐྱང་རྐྱང་གིས་གྲུབ་པའི་ཞལ་ཐང་རིང་མོ་ཆེས་ཐོག་མ་ཡིན་པ།འདྲ་རིས་དང་ལོ་རྒྱུས་དཀྱིས་གཅིག་ཏུ་བཀོད་པའི་ཞལ་ཐང་ཆེས་ཐོག་མ་ཡིན་པ།རེབ་གོང་གི་དངོས་བྱུང་རིག་གནས་དང་།ལོ་རྒྱུས་མཚོན་པའི་ཞལ་ཐང་ཆེས་ཐོག་མ་ཡིན་པ་བཅས་ཁྱད་ཆོས་ལྡན་པ་རེད།དེ་བཞིན་དུ་རིག་འབྱུང་མུ་འབྲེལ་ཡིག་གཟུགས་ཞལ་ཐང་རིང་མོ་ལ་ཡང་བྲི་ལུགས་ཀྱི་ངོས་ནས་ཡིག་གཟུགས་ཀྱི་ལུགས་འདྲ་མིན་མང་པོ་འདུས་ཡོད་པ།འབྲི་ཚུལ་གྱི་ཕྱོགས་ནས་མཁས་པའི་བྲིས་རྒྱུན་ཇི་བཞིན་དུ་ཐོན་པ།རྣམ་པའི་ངོས་ནས་ཞལ་ཐང་རིང་མོའི་རྣམ་པ་ལྟར་མུ་འབྲེལ་བྱས་ཏེ་འབྲི་བ།བརྗོད་བྱའི་ཐད་ནས་མཁས་དབང་དག་གི་གསུང་གི་ཉིང་བཅུད་འདུས་པ།ཁྱད་ཆོས་ཀྱི་ངོས་ནས་མཁས་མང་གི་ཕྱག་བྲིས་གཅིག་བསྡུས་བྱས་ཡོད་པ་།སྒྱུ་རྩལ་གྱི་ངོས་ནས་ཡིག་གཟུགས་ཀྱི་གནད་འདུས་པའི་རྣམ་པ་མངོན་གསལ་ཅན་ལྡན་པ་བཅས་ཁྱད་ཆོས་ལྡན་པ་རེད།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་གནའ་དཔེ་དག་སྒྲིག་པར་སྐྲུན་མཉམ་འབྲེལ་ལས་ཁུངས་སུ་བདམས་པ།

རྨ་ལྷོ་ཁུལ་དམངས་ཆེན་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་ལགས་སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིར་གཟིགས་ཞིབ་ཏུ་ཕེབས་པ།

སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་རིག་འབྱུང་མུ་འབྲེལ་ཡིག་གཟུགས་ཞལ་ཐང་རིང་མོ།

སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་རིག་འབྱུང་མཁས་དབང་ཞལ་ཐང་ཆེན་མོ།

སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་རིག་འབྱུང་དཔེ་ཚོགས་ལས་སྒྲུབ་ཁང་།

སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་དང་གསར་གཏོད་མཛད་པའི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཛད་འཕྲིན་ཞལ་ཐང་ཆེན་མོ།

ཐུན་རིན་རྫོང་རིག་གནས་ཅུའུ་ཡི་ཅུའུ་ཀྲང་ལིས་ཅོན་སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་བྱ་བར་གཟིགས་ཞིབ་ཏུ་ཕེབས་པ།

སམ་བྷོ་ཊ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིས་དཔེ་རྙིང་དག་སྒྲིག་གི་བྱ་བར་ཞིབ་འཇུག་དང་རྒྱུས་ལོན་བྱེད་བཞིན་པ།

ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ།2007ལོར་པར་དུ་བསྐྲུན་པའི《རང་འབར་གྱི་དཔྱད་རྩོམ》ཞེས་པའི་དེབ་གཉིས་དང་།གྲོགས་པོ་དང་མཉམ་འབྲེལ་སྒོས་བྲིས་པའི《ཚད་མའི་སྐོར་གྱི་དྲི་བ་དྲིས་ལན་བློ་གསལ་བགྲོད་པའི་ཐེམ་སྐས》ཞེས་པ་བཅས་དེབ་གསུམ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པར་མ་ཟད།ད་ལྟ་པར་དུ་བསྐྲུན་རྒྱུར་ལུས་ཡོད་པའི《སུམ་རྟགས་ཀྱི་མཐའ་དཔྱོད》དང་《དྲ་ཐོག་རྩོམ་ཡིག》《བཏུས་རྩོམ་འཐོར་བུ》སོགས་དཔྱད་རྩོམ་དེབ་གསུམ་དང་།《ངག་གི་གདངས》ཞེས་པའི་སྙན་རྩོམ་དེབ་གཅིག་བཅས་ཁྱོན་དེབ་བཞི་ཡོད།གཞན་ད་དུང《ཞལ་གདམས་ཡིག་གཟུགས་ཀུན་འདུས》ཞེས་རེབ་གོང་ཡུལ་དུ་སྐུ་འཁྲུངས་པའི་དགེ་རྙིང་བོན་གསུམ་གྱི་སྔོན་བྱོན་མཁས་དབང་དག་གི་གསུང་གི་ཉིང་བཅུད་འདུས་པའི་ཞལ་གདམས་མང་པོ་ཁོལ་དུ་བྱུང་ནས་བྲིས་ཡོད་པའི་ཡིག་གཟུགས་ཞལ་ཐང་རིང་རིང་མོ་ཞིག་འབྲི་བཞིན་པའི་སྒང་ཡིན།


གསར་འགོད་པ། བསམ་སྤྱོད།