ཁྱིམ་ཚང་གི་བཅའ་ཁྲིམས་སྐོར།༧

(ལེ་ཚན་སྔོན་མའི་འཕྲོས་མཐུད།)

གཉེན་སྒྲིག་གན་རྒྱ་དང་དགའ་རོགས་ཀྱི་འབྲེལ་བ་མེད་པར་བཏང་རྗེས་སྔོན་ཆད་ལེགས་སྐྱེས་སུ་གནང་བའི་རྒྱུ་ནོར་ཕྱིར་སྤྲོད་བྱེད་པའི་རེ་འདུན་བཏོན་ཆོག་གམ།

《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས>སྐོར་གྱི་གནད་དོན་འགའི་འགྲེལ་བཤད། (གཉིས)》ཞེས་པའི་དོན་ཚན་བཅུ་པའི་གཏན་འབེབས་ལྟར་ན། “དོ་བདག་གིས་ཡུལ་སྲོལ་ལྟར་སྤྲད་པའི་གཉེན་སྒྲིག་སློང་རྟེན་ཕྱིར་སློག་པའི་རེ་འདུན་བཏོན་ན། གལ་ཏེ་ཞིབ་བཤེར་ལས་གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་སྲིད།(གཅིག)ཕྱོགས་གཉིས་ཀའི་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་པ། (གཉིས།)ཕྱོགས་གཉིས་ཀའི་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་སྒྲུབ་ཡོད་ན་ཡང་མཉམ་དུ་འཚོ་བ་རོལ་མྱོང་མེད་པ། (གསུམ། )གཉེན་སྒྲིག་མ་བྱས་པའི་ཡར་སྔོན་དུ་སྤྲད་པ་མ་ཟད། སྤྲོད་མཁན་གྱི་འཚོ་བར་དཀའ་ཁག་ཡོད་པ། གཏན་འབེབས་འདི་ལས(གཉིས)དང(གསུམ)ལ་གཏོགས་ན་ཕྱོགས་གཉིས་ཀར་གཉེན་འཐོར་བྱེད་པའི་ཆ་རྐྱེན་ལྡན་ཡོད། ”

དགའ་རོགས་སྒྲིག་པའི་སྐབས་ཀྱི་གཉེན་སྒྲིག་བཅའ་ཁྲིམས་གནད་དོན།

དུས་ཆད་བྱས་ཏེ་བཙན་གཡེམ་བྱས་པ། དགའ་རོགས་སྐབས་ཀྱི་ཕོ་མོ་དང་གྲོགས་པོ་ཕོ་མོ་གཉིས་ཀྱིས་དུས་ཆད་སྐབས་སུ་སྐྱེས་མ་དག་ལ་སྐྱེས་པ་དག་གིས་གཏུམ་ཤུགས་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་གཞན་པར་བརྟེན་ནས་བཙན་གཡེམ་བྱས་པ་ན། དེ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན།

གཉེན་སྒྲིག་མ་བྱས་པའི་ཡར་སྔོན་དུ་མཉམ་སྡོད་བྱེད་པ་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་མི་ཐོབ། གཉེན་སྒྲིག་མ་བྱས་པའི་ཕོ་མོ་གཉིས་ཀས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་མཉམ་གཅིག་ཏུ་བསྡད་ནས་འཚོ་བ་རོལ་ན་སྔོན་ཆད་དེ་ནི་ཁྲིམས་འགལ་ཡིན་མོད། ད་ལྟ་ཁྲིམས་འགལ་ལས་བླངས་ཟིན་པས། འདིས་སྤྱི་ཚོགས་ཀྱི་དཀྱེལ་ཡངས་གསལ་བཤད་བྱས་ཡོད་མོད། འོན་ཀྱང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཁྱབ་ཁོངས་སུ་མི་འདུ། དེའི་མི་ཚད་བཟའ་ཟླའི་བར་གྱི་ཁེ་དབང་དང་འོས་འགན་མེད་པ་མ་ཟད། གཙོ་བོ་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ལོངས་སྤྱོད་བྱེད་པའི་ཁེ་དབང་མེད།

སྦྲུམ་འདེད་སྐྱིན་ཚབས་གནད་དོན། གཉེན་སྒྲིག་མ་བྱས་པའི་ཕོ་མོ་གཉིས་ཀའི་བར་དུ་ལུས་འབྲེལ་བྱུང་སྟེ་སྐྱེས་མར་མངལ་ཆགས་ནས་སྦྲུམ་འདེད་བྱེད་དགོས་བྱུང་ན། སྐྱེས་པའི་ཕྱོགས་ཀྱིས་སྐྱེས་མ་དང་མཉམ་དུ་སྐྱེས་མའི་སྦྲུམ་འདེད་ཐད་ཀྱི་སྨན་རིན་དང་འཚོ་བཅུད་རིན་དངུལ་བཅས་ཀྱི་འགན་འཁུར་དགོས་མོད། འོན་ཀྱང་སྐྱེས་མའི་ཕྱོགས་ཀྱིས་བཏོན་པའི་ལང་ཚོའི་དུས་ཡུན་བརླག་པའི་སྐྱིན་ཚབས་རིན་དངུལ་སྤྲོད་མི་དགོས།

གཉེན་ཉེ་བརྗེ་རེས་བྱས་ཏེ་གཉེན་སྒྲིག་བྱེད་པ་གཏན་འགོག་བྱེད་དགོས།

མཉམ་སྡོད་དང་ཁྱིམ་ཚང་ལ་གཏུམ་སྤྱོད་བཀོལ་མི་རུང་།

གཉེན་སྒྲིག་མ་བྱས་སྔོན་གྱི་བུ་ཕྲུག་གི་གསོ་སྐྱོང་། འདིས་གཉེན་སྒྲིག་འབྲེལ་བ་མེད་པའི་ཕོ་མོ་གཉིས་ཀར་སྐྱེས་པའི་བུ་ཕྲུག་བསྟན། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། གཉེན་སྒྲིག་མ་བྱས་པའི་ཕོ་མོའི་ཕྲུ་གུ་ལ་གཉེན་སྒྲིག་བྱས་པའི་བུ་ཕྲུག་དང་འདྲ་བའི་ཁེ་དབང་ཡོད་པས། མི་སུ་དང་གང་གིས་ཀྱང་གནོད་འཚེ་དང་མཐོང་ཆུང་བྱས་མི་ཆོག ཐད་ཀར་དུ་ཕྱོགས་གཅིག་གིས་བུ་ཕྲུག་གི་གཉོར་སྐྱོང་རིན་དངུལ་འགན་ལེན་བྱེད་མི་དགོས། གལ་ཏེ་ཕྱོགས་གཅིག་གིས་རང་འགུལ་སྒོས་བྱིས་པའི་གཉོར་སྐྱོང་རིན་དངུལ་འགན་ལེན་མི་བྱེད་ན། ཕྱོགས་གཞན་པ་དེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་ཕ་རོལ་བོར་གཉོར་སྐྱོང་རིན་དངུལ་སྤྲོད་པའི་རེ་འདུན་བཏོན་ཆོག

གཉེན་འཐོར་གྱོད་དོན་གྱི་ཞུ་གཏུག་རིན་དངུལ་སྤྲོད་པའི་ཚད་གཞི།

གཉེན་འཐོར་གྱོད་དོན་རེ་ལ་སྒོར50ནས300སྤྲོད་དགོས། རྒྱུ་ནོར་བགོ་བཤའ་རྒྱག་པ་ལ་རྒྱུ་ནོར་གྱི་སྤྱིའི་ཁ་གྲངས་སྒོར་འབུམ2ལས་བརྒལ་མེད་ན་རིན་དངུལ་གཞན་པ་སྤྲོད་མི་དགོས། སྒོར་འབུམ2ལས་བརྒལ་པའི་ཆ་དེར0.5%ཡི་རིན་དངུལ་སྤྲོད་དགོས།

དོ་བདག་མི་སྣ་ལ་ཞུ་གཏུག་རིན་དངུལ་སྤྲོད་རྒྱུའི་ཐད་དངོས་གནས་དཀའ་ཁག་ཡོད་ཚེ། མི་དམངས་ཁྲིམས་ཁང་ལ་འགྱངས་སྤྲོད་དང་ཉུང་འཕྲི། ཡང་ན་རིན་མེད་བཟོ་བའི་ཁྲིམས་འཛིན་རོགས་སྐྱོར་རེ་འདུན་ཞུས་ཆོག

བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཞུང་ཡིག་ལག་བསྟར་བྱེད་པའི་རིན་སྤྲོད་རེ་འདུན་གྱི་ཡར་སྤྲོད་ཚད་གཞི།

དངུལ་སྒོར་དང་ཡང་ན་དངུལ་སྒོར་གྱི་རིན་ཐང་མེད་པའི་གྱོད་དོན་ལག་བསྟར་བྱེད་པ་ལ་སྒོར50ནས་སྒོར500སྤྲོད་དགོས། དངུལ་སྒོར་དང་ཡང་ན་དངུལ་སྒོར་གྱི་རིན་ཐང་སྒོར་ཁྲི1ལས་མི་བརྒལ་པའི་གྱོད་དོན་ལག་བསྟར་བྱེད་པ་ལ་སྒོར50སྤྲོད་དགོས། སྒོར་ཁྲི1ནས་སྒོར་འབུམ5ཡི་ཆ་ལ1.5%ཡི་རིན་དངུལ་སྤྲོད་དགོས། སྒོར་འབུམ5ནས་སྒོར་ས་ཡ5ཡི་ཆ་ལ1%ཡི་རིན་དངུལ་སྤྲོད་དགོས། སྒོར་ས་ཡ5ནས་སྒོར་བྱེ་བ1གི་ཡན་ལ་བརྒལ་བ་ན0.5%ཡི་རིན་དངུལ་སྤྲོད་དགོས། སྒོར་བྱེ་བ1གི་ཡན་ལ་བརྒལ་བའི་ཆ་ལ0.1%ཡི་རིན་དངུལ་སྤྲོད་དགོས།

(མུ་འགོད།)

ལོ་ཙཱ་བ། ལྷ་དཔལ་སྐྱབས།