གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་བཏང་བའི་གསལ་བརྡ།

2019ལོའི་ཟླ3ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད8སྟེང་། གཅན་ཚ་རྫོང་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་ལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དགའ་ལྡན་གླིང་བྱིས་གཉོར་ཁང་གི་སྒོ་ཁར་དོགས་ཡོད་བུད་མེད་ཅིག་འདུག་ཅེས་མང་ཚོགས་ཀྱི་ཞུ་གཏུག་ཅིག་འབྱོར་མ་ཐག བཀོད་འདོམས་ལྟེ་གནས་ཀྱིས་མྱུར་དུ་སྤྱི་བདེ་ཅུའུ་སྐོར་ཞིབ་རུ་ཆེན་ཡུལ་དངོས་སུ་རྒྱུས་ལོན་བྱེད་དུ་མངགས། ཁོ་ཚོ་ཡུལ་དངོས་སུ་འབྱོར་དུས་དགའ་ལྡན་གླིང་བྱིས་གཉོར་ཁང་གི་སྒོ་འགྲམ་དུ་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་དོགས་ཡོད་བུད་མེད་དེ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག་པ་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་རྩད་འདྲི་བྱས་པ་ན། བུད་མེད་དེས་ཐོབ་ཐང་འཛིན་ཡིག་བཟུང་མེད་པ་ཤེས་རྗེས་མར་ཁུ་ཐང་མངགས་གཏོང་ཁང་དུ་ཁྲིད་པ་རེད།

མངགས་གཏོང་ཁང་གིས་རྩད་ཞིབ་བརྒྱུད། བུད་མེད་དེ་ནི2019ལོའི་ཟླ3ཚེས19ཉིན་གྱི་ཕྱི་དྲོར་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་གཙན་ཚར་ཁམས་གཡེང་བྱེད་དུ་འོང་ཞིང་། ཚེས20ཉིན་གྱི་སྔ་དྲོར་མར་ཁུ་ཐང་གྲོང་རྡལ་དགའ་ལྡན་གླིང་བྱིས་གཉོར་ཁང་གི་ཉེ་འཁོར་དུ་འཆམ་འཆམ་ལ་འགྲོ་སྐབས། སློབ་གྲྭར་འགྲོ་བཞིན་པའི་བྱིས་པར་རང་འགུལ་གྱིས་ཁ་བརྡ་བྱེད་བཞིན་པ་ཁྱིམ་བདག་གིས་མཐོང་ནས་ཕྱིས་སུ་ཁ་རྩོད་དྲག་པོ་བྱུང་བ་རེད། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་བུད་མེད་དེའི་ཐོབ་ཐང་གསལ་པོ་ཞིག་རྩད་ཆོད་བྱུང་བ་སྟེ། བུད་མེད་དེའི་མིང་ལ་ལིག་ག་གེ་མོ་ཟེར་ཞིང་། ད་ལོར་ལོ52རེད། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་བསྡད་ཡོད་པའི་སྨྱོ་ནད་ཅན་གྱི་བུད་མེད་ཅིག་ཡིན་པ་རེད། ད་ལྟ་མོས་ཁྱིམ་དག་ལ་བརྡ་བཏང་ཟིན་པས། ཞིབ་ཕྲའི་གནས་ཚུལ་སྔར་ལས་རྩད་ཞིབ་བྱ་བཞིན་པའི་སྒང་ཡིན།

ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ། སྤྱི་ཚོགས་ལ་འཇིགས་སྣང་མི་ཡོང་བའི་ཆེད་དུ་སྐད་འཕྲིན་གྱི་གྲོགས་ཚོམས་ནང་དུ་ཞིབ་དཔྱད་བྱས་མེད་པའི་བརྙན་དང་གཏམ་གླེང་སོགས་བརྒྱུད་བསྐུར་བྱས་མི་ཆོག་པ་དང་། གལ་ཏེ་བསམ་བཞིན་དུ་འཆལ་གཏམ་གང་སར་དགྲམ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་ངེས་པས་ཆེད་དུ་གསལ་བརྡ་འདི་སྤེལ་བ་ཡིན།

ཞེས་གཅན་ཚ་རྫོང་སྤྱི་བདེ་ཅུའུ་ནས།

2019ལོའི་ཟླ3ཚེས20ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།