2019ལོར་ཀྲུང་དབྱང་གིས་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར9བཏང་ནས་མཚོ་སྔོན་གྱི་ས་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་དོན་འཁྱོལ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྡེ་ཁག་མང་པོས་ཧུར་ཐག་སྒོས་བརྩོན་ལེན་བྱས་པ་བརྒྱུད། ཉེ་སྔོན། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན2019ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་གཞི། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་བཅས་ལ་ཀྲུང་དབྱང་གིས་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར9བཏང་བ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མ་དངུལ་སྒོར་དུང་ཕྱུར9ཡི་འཛུགས་སྐྲུན་ལས་གཞིའི་ཁྲོད། གཙོ་བོ་བྱེ་འགྱུར་འགོག་བཅོས་དང་ས་ནག་བཅོས་སྐྱོང་། མིས་བཟོས་ནགས་འཛུགས། བརླན་ས་སྲུང་སྐྱོབ། ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། ཚན་རྩལ་དཔེ་སྟོན་དང་ཁྱབ་སྤེལ་བྱེད་པ། དྲིལ་སྒྲོག་དང་གསོ་སྦྱོང་སོགས་ཀྱི་ལས་གཞི་འདུ་བ་རེད། 2013ལོར་ལས་གཞི་གཉིས་ལག་བསྟར་བྱས་པའི་ཚུན་ལ། གཅིག་བསྡུས་མ་དངུལ་དུང་ཕྱུར147དོན་འཁྱོལ་བྱས་ཏེ་ལས་གཞི་སོ་སོ་བདེ་ལེགས་ངང་སྤེལ་པ་རེད། ད་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་ལས་ཅུའུ་སོགས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར། རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་དམ་འཛིན་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱི་ཐོག་མའི་ཇུས་འགོད་ཀྱི་ཞིབ་བཤེར་ཆོག་འཐུས་ལས་དོན་ལེགས་པར་བསྒྲུབ་པར་སྐུལ་འདེད་བྱས་ཤིང་། ནན་ཏན་སྒོས་ཆོག་འཐུས་རྩ་འཛུགས་ལག་བསྟར་ལྟར། ལས་གཞིའི་འཕེལ་ཚད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་དུས་ལྟར་ལེགས་འགྲུབ་བྱུང་བར་འགན་ལེན་བྱེད་བཞིན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།