རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་ཁ་གསབ་རིགས་མི་འདྲ་བ་གཉིས་སྤྲོད་པའི་གནས་ཚུལ་མ་ལག་དེ་རང་ཞིང་གིས་སྐུད་ལམ་ནས་འཁོར་སྐྱོད་ཤར་གཏོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། དམངས་སྲིད་པུའུ་ཡི་བཀོད་སྒྲིག་ལྟར་རང་ཞིང་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མི་སྣ་ལ་ཁ་གསབ་རིགས་མི་འདྲ་བ་གཉིས་སྤྲོད་པའི་གནས་ཚུལ་མ་ལག་དེ་སྐུད་ལམ་ནས་འཁོར་སྐྱོད་ཤར་གཏོང་བྱེད་མཁན་ཞིང་ཆེན་གསུམ་པ་རུ་བཞག་ཡོད། ཉེ་ལམ་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་དབང་པོ་སྐྱོན་ཅན་ལ་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་ཁ་གསབ་རིགས་མི་འདྲ་བ་གཉིས་སྤྲོད་པའི་གནས་ཚུལ་དེ་སྐུད་ལམ་ནས་འཁོར་སྐྱོད་ཤར་གཏོང་བྱེད་པའི་གསབ་སྦྱོང་འཛིན་གྲྭ་བསྡུས་ཤིང་། དེས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་ཁ་གསབ་རིགས་གཉིས་སྤྲོད་པའི་གནས་ཚུལ་གྱི་མ་ལག་དེ་རང་ཞིང་ནས་དངོས་སུ་སྐུད་ལམ་ཤར་གཏོང་བྱས་པ་མཚོན་ཡོད།

2016ལོར་ཞིང་ཆེན་སྲིད་གཞུང་གིས《དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་མི་སྣ་ལ་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་བདག་སྐྱོང་ཁ་གསབ་སྤྲོད་པའི་ལམ་ལུགས་གསར་འཛུགས་དང་འབྲེལ་བའི་ལག་བསྟར་བསམ་འཆར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས། དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་གྱི་མི་སྣ་ལ་འཚོ་བའི་ཁ་གསབ་སྤྲོད་པའི་རྨང་གཞིའི་སྟེང་དབང་པོ་སྐྱོན་ཅན་ཅུང་ཚབས་ཆེན་གྱི་རིགས་ལ་མི་རེར་ཟླ་རེར་སྒོར100ཡི་གཉོར་སྐྱོང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཐག་གཅོད་བྱས། ལག་བསྟར་བསམ་འཆར་དེས་རང་ཞིང་ལ་མ་གཞི་ནས་དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་གྱི་མི་སྣ་ལ་ཡང་བསྐྱར་འཚོ་བའི་ཁ་གསབ་ལམ་ལུགས་སྙོམས་སྒྲིག་བྱེད་པའི་སྒྲིག་སྲོལ་དེ་ལག་བསྟར་བྱས་ཤིང་། དེས་དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཡོད་ལ། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་མི་སྣའི་ནད་གཡོག་ཁ་གསབ་ལམ་ལུགས་ཡང་གསར་འཛུགས་བྱས་ཡོད།

རྒྱལ་ཡོངས་དབང་པོ་སྐྱོན་ཅན་མི་སྣ་ལ་ཁ་གསབ་རིགས་མི་འདྲ་བ་གཉིས་སྤྲོད་པའི་བརྡ་འཕྲིན་མ་ལག་གིས་གཞི་གྲངས་བདག་དོམ་བྱེད་ཐབས་སྤྱད་དེ། སྡེ་ཁག་དང་ཞིང་ཆེན། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་མི་འདྲ་བ་ལྔ་ཡི་དབང་པོ་སྐྱོན་ཅན་མི་སྣ་ལ་ཁ་གསབ་མི་འདྲ་བ་གཉིས་སྤྲོད་པའི་རེ་འདུན་དང་ཞིབ་བཤེར། བདག་དོམ་བཅས་འདོན་སྤྲོད་བྱས་ཡོད་ལ། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་གྱི་དབང་པོ་སྐྱོན་ཅན་མི་སྣའི་གཞི་གྲངས་མཛོད་ཀྱི་སྤྱི་གཞུང་སྤྱོད་པའི་ལམ་ལུགས་མངོན་འགྱུར་བྱས་ཏེ། རིགས་མི་འདྲ་བ་གཉིས་ཀྱི་ཁ་གསབ་ལམ་ལུགས་ཀྱིས་རྨང་གཞིའི་བྱེད་ཐབས་དང་གཞི་གྲངས་རྒྱབ་འདེགས་ལ་བརྟེན་ནས། དབང་པོ་སྐྱོན་ཅན་མི་སྣའི་ཁ་གསབ་མ་དངུལ་རིགས་མི་འདྲ་བ་གཉིས་ཀྱི་མ་དངུལ་མར་སྤྲོད་པའི་གནས་ཚུལ་ལ་ལྟ་སྐུལ་ནན་མོ་བྱས། མ་ལག་ནང་ཁུལ་གྱི་དབང་པོ་སྐྱོན་ཅན་མི་རྣམས་ལ་ཁ་གསབ་རིགས་མི་འདྲ་བ་གཉིས་ཀྱི་ཚད་གཞི་དང་ཁ་གསབ་ཁ་གཏད་འགུལ་རྣམ་བདག་དོམ་མངོན་འགྱུར་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་འགུལ་རྣམ་བདག་དོམ་ཁ་གསབ་ཚད་ལྡན་དུ་བཏང་། དབང་པོ་སྐྱོན་ཅན་མི་སྣའི་ཁ་གསབ་ལམ་ལུགས་དེ་སྔར་ལས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ཡོད།

བརྡ་འཕྲིན་མ་ལག་དེ་རང་ཞིང་དུ་དངོས་སུ་འཁོར་སྐྱོད་ཤར་གཏོང་བྱས་རྗེས། སྔོན་དཔག་ལྟར་ན་ད་ལོའི་ཟླ3པའི་ཟླ་མཇུག་ལ 2019ལོའི་སྐབས་དང་པོའི་གཞི་གྲངས་ནང་འཇུག་བྱ་བ་ལེགས་འགྲུབ་འབྱུང་ངེས། ད་ལོའི་ཟླ6པའི་ཟླ་མཇུག་གི་ཡར་སྔོན་བར2016ལོའི་ཟླ1པོ་ནས2018ལོའི་ཟླ12བར་གྱི་ལོ་རྒྱུས་གཞི་གྲངས་དེ་ནང་འཇུག་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།