མཚོ་སྔོན་འཐུས་ཚབ་ཚོགས་པས་གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་དུས་རིམ་གསུམ་པའི་འཛུགས་སྐྲུན་འཆར་གཞི་བཟོ་འགོད་ལ་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་དུས་གསུམ་པའི་འཛུགས་སྐྲུན་འཆར་གཞི་བཟོ་འགོད་ལ་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་བཏོན་པ་རེད།

གྲོས་གཞི་ཁྲོད་དབྱེ་ཞིབ་བྱས་པར། 2005ལོའི་གཙང་གསུམ་མགོ་ཁུངས་ཀྱི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཐེངས་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱས་པ་ནས། ལོ13རིང་གི་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་མགོ་ཁུངས་ཀྱི་ས་ཁུལ་གྱི་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་ཅང་། སྣོད་བཅུད་འཛུགས་སྐྲུན་ལས་གྲྭ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་གྱིས་ལེགས་སུ་ཕྱིན་ཡོད་ལ། ཡིན་ནའང་། གཙང་གསུམ་མགོ་ཁུངས་ཀྱི་ས་ཁུལ་གྱི་ཁྱབ་ཁོངས་ཆེ་བ་དང་། ས་ཁོངས་ཁོར་ཡུག་རྙོག་འཛིང་ཡིན་པ། གནམ་གཤིས་རྩིབ་པོ་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ནི་ཡུན་རིང་ཞིང་། རྙོག་འཛིང་ཡིན་ལ། མ་ལག་རང་བཞིན་ལྡན་པའི་ལས་ཀ་ཞིག་ཡིན་པའི་ཆ་ནས། ད་སྔ་གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་ད་དུང་གནད་དོན་དང་དཀའ་ངལ་ཁ་ཤས་གནས་ཡོད་ཟེར།

གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བར། རང་ཞིང་གིས་སྔོན་ལ《གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་བདེ་འཇགས་འཛུགས་སྐྱོང་གྲུབ་ཚུལ་ཞིབ་འཇུག》དང《གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཚེ་མེད་འཕེལ་རྒྱས་ཀྱི་དམིགས་ཚད་མ་ལག་ཞིབ་འཇུག》《གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་དུས་རིམ་གསུམ་པའི་ལས་གྲྭ་འཛུགས་སྐྱོང་གི་འཆར་འགོད་ལས་འགན་གཙོ་བོའི་བྱ་ཐབས་ལ་ཞིབ་འཇུག་བྱེད་པ།》《གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་སྣོད་བཅུད་དཔལ་ཡོན་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཞིབ་འཇུག》བཅས་དུས་འགོའི་ཞིབ་འཇུག་ལས་དོན་ཁག་བཞི་སྤེལ་བ་དང་། ལས་དོན་རྗེས་མར་དུས་འགོའི་ཞིབ་འཇུག་གྲུབ་འབྲས་ལ་གཞིགས་ནས་འཆར་འགོད་བཟོ་འགོད་ལས་དོན་སྤེལ་རྒྱུ་རེད།

འཐུས་ཚབ་ཚོགས་པའི་རེ་བ་ལྟར་ན། འཆར་གཞི་སྒྲིག་བཟོའི་རྒྱུད་རིམ་ཁྲོད་དུ། རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། འཆར་འགོད་གཉིས་པ་དང་གསུམ་པ་བདེ་ལེགས་ངང་རྒྱུན་མཐུད་མངོན་འགྱུར་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱོགས་གཅིག་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་མ་ལག་གཞུང་ལུགས་དང་ལག་བསྟར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱལ་ཁབ་རིམ་པའི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱེད་པ་བཅས། འཆར་འགོད་བྱས་རྗེས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་འཆར་འགོད་ལ་ཆོག་མཆན་འགོད་པའི་ཕྱོགས་ནས་རྒྱབ་སྐྱོར་ཚད་མེད་གནང་བར་རེ་ཞུ་བཅངས་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།