རྐང་ཚ་རྫོང་གི་དགོན་སྡེའི་བཅུ་བཞི་ཡིས་ཡུལ་ཤུལ་ཁངས་ཆགས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་གནང་བའི་བྱ་འགུལ།

ད་ལོར་རང་ཞིང་གི་ཡུལ་ཤུལ་ས་ཁུལ་ལ་ཚད་མི་འདྲ་བའི་ཁངས་ཆགས་ཀྱི་གནོད་པ་ཐེབས་ནས་ཕྱུགས་ཟོག་དང་དཔལ་འབྱོར་ལ་གྱོང་གུད་ངེས་ཅན་བཟོས་པ་དང་། ཡུལ་དེའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བར་གནོད་པ་ཐེབས་པས། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་བཀོད་སྒྲིག་ལྟར་ཡུལ་ཤུལ་གནོད་ཐེབས་ས་ཁུལ་ལ་རོགས་རམ་གྱི་ཞལ་འདེབས་ཕུལ་བའི་གྲོས་གཞི་བཏོན།

རྐང་ཚ་རྫོང་གི་དགོན་སྡེ་སོ་སོའི་གྲྭ་བཙུན་དག་ལ་ཡང་རོགས་སྐྱོར་གྱི་བསམ་པ་རྒྱ་ཆེན་པོ་ཡོད་སྟབས། དགོན་སྡེ་སོ་སོའི་དོ་དམ་གཞུང་ལས་ཁང་གིས་སྣེ་ཁྲིད་དང་། རྫོང་ནང་བསྟན་མཐུན་ཚོགས་ཀྱིས་གཅིག་གྱུར་གྱི་རྩ་འཛུགས་ཁྲོད། རྫོང་ཡོངས་ཀྱི་གྲྭ་བཙུན་རྣམས་ཀྱིས་ལྷག་བསམ་གཙང་མའི་སྒོ་ནས། ཟླ3པའི11ཉིན་གྱི་ཕྱི་དྲོར་རྫོང་ལས་བཟོ་བའི་རིག་གནས་ཐང་ཆེན་དུ་“སྟོབས་ཤུགས་གཅིག་སྒྲིལ་གྱིས། ཁ་བའི་གནོད་སྐྱོན་སེལ།”ཞེས་པའི་ཞལ་འདེབས་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་ཁྲོད་རྐང་ཚའི་ནང་བསྟན་དགོན་སྡེ་བཅུ་གསུམ་གྱི་གྲྭ་བཙུན་རྣམས་ཀྱིས་ཞལ་འདེབས་དམངས་སྒོར24750ཕུལ་བ་དང་། ཁ་ཆེ་དགོན་པས་དམངས་སྒོར3080ཕུལ།སྤྱི་བསྡོམས་པའི་དམངས་སྒོར27830ཡི་ཞལ་འདེབས་ཕུལ་ཡོད་པ་རེད།

དགོན་སྡེའི་གྲྭ་བཙུན་དག་གིས་བཤད་རྒྱུར། དམངས་སྒོར་གྱི་གྲངས་ཀ་ཉུང་ནའང་། འདི་ནི་ང་ཚོའི་སེམས་ནས་ཕུལ་བའི་རོགས་སྐྱོར་ཡིན་ལ། ཕྱོགས་གཅིག་ལ་གནོད་པ་ཐེབས་ཚེ། ང་ཚོ་ཚང་མས་ནུས་བ་གང་ཡོད་ཀྱིས་རོགས་སྐྱོར་བྱ་རྒྱུ་ནི་ཐོག་མའི་ཀུན་སློང་གཙང་མ་དེ་ཡིན་ལ། མཐར་གནོད་ཐེབས་ས་ཁུལ་གྱི་མི་ཕྱུགས་ཡོངས་གནོད་པ་ལས་ཐར་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སྨོན།

གསར་འགོད་པ། ཚེ་དབང་རིག་འཛིན།