དོན་ལས་ཚན་པའི་སྒྲིག་ཁོངས་ཟེར་བ་ག་འདྲ་ཡིན།

དང་པོ། སྒྲིག་ཁོངས་ཀྱི་དབྱེ་བ།

སྤྱིར་བཏང་སྒྲིག་ཁོངས་ནི་སྒྲིག་འཛུགས་ལས་ཁུངས་ཀྱི་ཇུས་སྒྲིག་དང་དེའི་ལས་མིའི་གྲངས་འབོར་གྱི་ངེས་གཏན་གྲངས་ཀ་དང་ལས་བགོས་ལ་ཟེར་བ་ཡིན་ཞིང་། གཙོ་བོ་ནོར་སྲིད་ནས་མ་དངུལ་གནང་པའི་སྒྲིག་ཁོངས་ཀྱི་ངེས་གཏན་གྲངས་ཀ་ལྟར་རིམ་ཁག་ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་ནས་གཏན་ལ་འབེབས་པ་དང་། སྒྲིིག་ཁོངས་སུ་བཀོད་སྒྲིག་བྱས་པའི་མི་ལ་ནོར་སྲིད་སྡེ་ཚན་ནས་མ་དངུལ་གནང་བ་ཞིག་རེད། སྒྲིག་ཁོངས་ལ་དབྱེ་ན་སྤྱིར་བཏང་སྲིད་འཛིན་སྒྲིག་ཁོངས་དང་། དོན་ལས་སྒྲིག་ཁོངས་གཉིས་ཡོད་ཅིང་། 《གཞུང་ཞབས་པའི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན་གཞུང་ཞབས་པ་རྣམས་ནི་སྲིད་འཛིན་སྒྲིག་ཁོངས་ཡིན་པར་བརྗོད།

གཉིས་པ། དོན་ལས་སྒྲིག་ཁོངས།

རྒྱལ་ཁབ་ལ་ཐོན་སྐྱེད་ཆ་རྐྱེན་བསྐྲུན་པ་དང་། སྤྱི་ཚོགས་ཀྱི་ཕན་བདེ་ཇེ་མང་དུ་གཏོང་བ། མི་དམངས་ཀྱི་རིག་གནས་དང་སློབ་གསོ། འཕྲོད་བསྟེན་ལ་སོགས་པའི་དགོས་མཁོ་ཅི་རིགས་བསྐང་ཆེད། དོན་ལས་ཚན་པའི་འགྲོ་གྲོན་རྣམས་སྤྱིར་བཏང་རྒྱལ་ཁབ་དོན་ལས་ནས་གཏོང་སྤྲོད་བྱེད་པ་ཡིན། ལས་ཁོངས་དེ་དག་ནི། ཚན་ཞིབ་ལས་ཁུངས། སློབ་གསོ་ལས་ཁུངས། རིག་གནས་ལས་ཁུངས། གསར་འགྱུར། རླུང་འཕྲིན། དཔེ་སྐྲུན་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། ལུས་རྩལ་ལས་ཁུངས། རྩད་ཞིབ་ཇུས་འགོད་ལས་ཁུངས། ཞིང་ལས། ནགས་ལས། ཆུ་བེད་དང་གནམ་གཤིས་རྟོག་དཔྱོད་ལས་ཁུངས། སྤྱི་ཚོགས་ཕན་བདེ་ལས་ཁུངས། ཁོར་ཡུག་སྲུང་སྐྱོབ་ལས་ཁུངས། འགྲིམ་འགྲུལ། གྲོང་ཁྱེར་སྤྱི་སྤྱོད་ལ་སོགས་པའི་དོན་ལས་ཚན་པའམ་ལས་ཁུངས་གཞན་རྣམས་རེད། ལས་ཁུངས་དེ་དག་གི་ལས་མི་དོན་ལས་ཚན་པའི་སྒྲིག་ཁོངས་སུ་ཚུད་རྗེས། ལས་མི་དེ་དག་གི་གླ་ཕོགས་དང་འགྲོ་གྲོན་རྣམས་རྒྱལ་ཁབ་དོན་ལས་ལས་ཁུངས་ཀྱིས་གཏོང་སྤྲོད་བྱེད་པ་ལས་གཞན། དོན་ལས་ལས་ཁུངས་ཁ་ཅིག་གི་འགྲོ་གྲོན་དེ་རང་བསྡུ་རང་གཏོང་དང་། ཆད་དངུལ་ཁ་གསབ་ལ་སོགས་ཀྱི་བྱེད་ཐབས་སྤྱོད་པ་ཡང་ཡོད།

གསུམ་པ། དོན་ལས་ཚན་པའི་ཕོགས་ཐོབ།

སྤྱིར་བཏང་དོན་ལས་ལས་ཁུངས་ཀྱི་ལས་མི་ལ་སྒྲིག་ཁོངས་ནང་གི་ལས་མི་དང་སྒྲིག་ཁོངས་ཕྱིའི་ལས་མི་ཞེས་རིགས་གཉིས་བགར་ཡོད་ལ། དེ་ཡང་སྒྲིག་ཁོངས་ཕྱིའི་ལས་མིའི་ཕོགས་ཐོབ་དེ་སྒྲིག་ཁོངས་ནང་གི་ལས་མིའི་ཕོགས་ཐོབ་ལས་མང་ཡང་སྲིད། ད་སྔ་བཅོས་སྒྱུར་བྱས་རྗེས་ཀྱི་དོན་ལས་ལས་ཁུངས་མང་པོས་གསར་དུ་བསྡུས་པའི་ལས་མི་དང་། སྒྲིག་ཁོངས་ནང་གི་ལས་མི་གང་ཡིན་རུང་དེ་དག་གི་ཡིག་ཚགས་ལ་དཔྱད་ཞིབ་བྱས་རྗེས་ཡིག་ཚགས་རྣམས་འཇོན་མི་ལྟེ་གནས་སུ་སྤྲད་དེ་དེ་གར་བདག་དོམ་བྱེད་དུ་འཇུག་པ་ཡིན། གཞན་རྒྱལ་ཁབ་ཀྱིས་དོན་ལས་ལས་ཁུངས་སུ་ལས་མི་གླ་བའི་ལམ་ལུགས་ལག་ལེན་བྱེད་བཞིན་ཡོད་ཅིང་། དེས་དོན་ལས་སྒྲིག་ཁོངས་དང་ཁེ་ལས་སྒྲིག་ཁོངས་ཀྱི་བར་ཁྱད་ལ་རིམ་བཞིན་འགྱུར་བ་གཏོང་གི་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།