ཆེད་ལས་མི་སྣས་ཆང་གི་བདེན་རྫུན་ཇི་ལྟར་འབྱེད་ཐབས་བཤད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས12ཉིན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་གྱི་བཟའ་ཆས་དང་སྨན་རྫས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། གྲོང་དབུས་ཁུལ་གྱི་འཛད་སྤྱོད་པའི་མཐུན་ཚོགས་བཅས་ཀྱིས་ནུབ་མཚོ་གྲོང་ཁྱེར་ཚགས་པར་གྱི་སྡོད་ཁུལ་འབྲེལ་གཏུག་ས་ཚིགས་དང་མཉམ་དུ་བརྗོད་བྱང་ལ“འཛད་སྤྱོད་ཡིད་རྟོན་དར་སྤེལ་བཏང་ནས་མཛེས་པའི་མ་འོང་མཉམ་སྐྲུན་བྱེད”ཅེས་པའི3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་མཚོན་པའི་བྱེད་སྒོ་སྤེལ།


བྱེད་སྒོའི་སྟེང་དུ་གྲོང་དབུས་ཁུལ་གྱི་བཟའ་ཆས་དང་སྨན་རྫས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་གྲོང་དབུས་ཁུལ་གྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ལས་བྱེད་པས་སྡོད་དམངས་ཀྱི་ཁྲོད་ལ་དྲིལ་སྒྲོག་རྒྱུ་ཆ་བཀྲམས། ཆང་རྫུན་མ་འགྲེམ་ཁུལ་དུ། སྡོད་དམངས་རྣམས་གཅིག་རྗེས་གཉིས་མཐུད་ལས་བཟོ་པའི་གམ་དུ་བཅར་ནས་ཆང་གི་བདེན་རྫུན་འབྱེད་ཐབས་རྩད་འདྲི་བྱེད། དེར་གྲོང་དབུས་ཁུལ་གྱི་བཟའ་ཆས་དང་སྨན་རྫས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཞིབ་བཤེར་རུ་ཁག་གི་ལས་བཟོ་པས་སྡོད་དམངས་ཀྱི་དྲི་བ་རེ་རེ་དང་དུ་བླངས་ནས་གསལ་ལན་བསྐྱོན། ཆང་གི་བདེན་རྫུན་ལ་ལྟ་དུས། ཐོག་མར་ཆང་དཀར་གྱི་ཕྱི་ཐུམ་ནས་བལྟ་དགོས། ཆང་ངོ་མའི་ཚོས་གཞི་སྣུམ་ཆེ་ལ། རྫུན་མའི་ཚོས་གཞི་ཅུང་སྐྱ་བོ་ཡིན། དེ་མིན་ཕྱི་ཐུམ་གྱི་འཇམ་རྩུབ་དང་ཁ་དམ་པོ་ཡིན་མིན་ལ་བལྟས་ན་ཡང་ཤེས་ཐུབ། གལ་ཏེ་དེ་ལྟར་བྱས་རུང་དབྱེ་བ་འབྱེད་དཀའ་ན། ཆང་ཕང་གི་རྫུན་འགོག་སྦྱར་རྟགས་བྲད་དེ་ཁ་པར་བརྒྱུད་འབྲེལ་ཡོད་མི་སྣར་སྟོན་དང་དེས་ཆང་དག་མ་དང་རྫུན་མའི་དབྱེ་བ་འབྱེད་ཐུབ་ཅེས་དང་། གཞན་ཡང་ཆང་ཕང་གི་ཁ་མ་ཕྱེ་སྔུན་ལ་གསལ་ས་ཞིག་ནས་ཆང་དྭངས་མིན་ལ་བལྟ་ཆོག གལ་སྲིད་ཆང་ཕང་ནང་ཁར་གཡེང་བའི་དངོས་པོ་མཐོང་ན་དེ་ནི་རྫུན་མ་ཡིན་ཤོས་ཆེ། གལ་ཏེ་ཆང་ཕང་ཕར་གཡུག་ཚར་གཡུག་བྱས་རྗེས་ཝུ་བ་ཡོད་པ་དང་། ཝུ་བ་དེ་དལ་གྱིས་ཞི་བ་ཡིན་ན་ཆང་སྤུས་ལེགས་པའི་རྟགས་ཡིན་ཞེས་ཟེར།

ཁོན་ཐར་འཚོས་བསྒྱུར།