ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཀྱི་ནང་དོན་མི་འདྲ་བ་བཞི་གཏན་ཁེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་གྱིས་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན། ཁྲོམ་རའི་ལྟ་སྐུལ་ཅུའུ་སོགས་སྡེ་ཁག6གིས《2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཇུས་གཞི》ཞེས་པ་གཏན་འབེབས་བྱས་ཏེ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། 《བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཇུས་གཞི》ཞེས་པ་དེས་ད་ལོ་རང་ཞིང་གི་ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་གསལ་འབྱེད་ཀྱི་ནང་དོན་གལ་ཆེན་དེ་ཟས་རིགས་འགོ་ཁུངས་ཀྱི་རིམས་ནད་ཚད་ལེན་གསལ་འབྱེད་དང་ཟས་རིགས་སྦགས་བཙོག་དངོས་རྫས། དེ་མིན་གནོད་ལྡན་གཞི་རྒྱུ་བཅས་ལ་ཚད་ལེན་གསལ་འབྱེད་བྱས། ཟས་རིགས་ཁྲོད་དུ་འགྱེད་འཕྲོ་རང་བཞིན་གྱི་སྦགས་བཙོག་ཚད་ལེན་གསལ་འབྱེད་དང་དབུལ་ཕོངས་ས་ཁུལ་གྱི་ལས་གཞིའི་འཚོ་བཅུད། དེ་མིན་མི་མང་གི་གཙོ་ཟས་སུ་གྱུར་བའི་ཟས་རིགས་ཀྱི་འཚོ་བཅུད་བདེ་འཇགས་དམིགས་ཚད་ཚད་ལེན་ཞིབ་བཤེར་བཅས་ཀྱི་རིགས་མི་འདྲ་བ་བཞི་ཡོད།

དེའི་ཁྲོད་ཟས་རིགས་འགོ་ཁུངས་རང་བཞིན་གྱི་རིམས་ནད་ལྟ་ཞིབ་ཚད་ལེན་གཙོ་བོ་དེས་ཟས་རིགས་ཀྱི་འགོ་ཁུངས་རང་བཞིན་གྱི་རིམས་ནད་ནད་ཐོར་ལྟ་ཞིབ་ཚད་ལེན་ཞིབ་བཤེར་བྱས་ཤིང་། ཟས་རིགས་རང་བཞིན་གྱི་རིམས་ནད་དོན་རྐྱེན་ཚད་ལེན་ཞིབ་བཤེར་སོགས་ཡིན། སྨན་བཅོས་སྒྲིག་འཛུགས599ལ་ཟས་རིགས་ཀྱི་འགོ་ཁུངས་རང་བཞིན་གྱི་རིམས་ནད་ནད་ཐོའི་ལྟ་ཞིབ་ཚད་ལེན་གསལ་འབྱེད་སྒྲིག་འཛུགས་བྱས་ཡོད། དེའི་ཁྲོད་གཞུང་བཙུགས་སྨན་ཁང82དང་དམངས་གཉེར་སྨན་ཁང82། ཤང་གྲོང་འཕྲོད་བསྟེན་གླིང405། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས30བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས། ཤང་གྲོང་གཞིས་ཁུལ་བཅས་ཀྱི་རིམ་པ་བཞི་པའི་སྨན་བཅོས་སྒྲིག་འཛུགས་ཤིག་གིས་ཁེབས་ཡོད། མུ་མཐུད་དུ་ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་བུད་མེད་བྱིས་པའི་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་། ཁྲི་ཀ་རྫོང་མི་དམངས་སྨན་ཁང་སོགས་སྨན་བཅོས་སྒྲིག་འཛུགས་དག་ནི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་འགོ་ཁུངས་རིམས་ནད་དག་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་གསལ་འབྱེད་བྱེད་པའི་དམིགས་བཙུགས་སྨན་ཁང་ཡིན་པ་རེད།

ཟས་རིགས་སྦགས་བཙོག་དངོས་རྫས་དང་དེའི་ཁྲོད་ཀྱི་གནོད་ལྡན་གཞི་རྒྱུའི་ཚད་ལེན་གསལ་འབྱེད་ལ། རྒྱལ་ཁབ་ཀྱིས་མར་བཀྲམས་པའི་ཟས་རིགས་སྦགས་བཙོག་དངོས་རྫས་དང་གནོད་ལྡན་གཞི་རྒྱུའི་ཚད་ལེན་གསལ་འབྱེད་འགན་འཁྲི་དེ་རིགས་མི་འདྲ་བ་ཆེན་པོ14ཡི་ཟས་རིགས་ཀྱི་མ་དཔེ1309ཡོད། རང་ཞིང་གིས་རྒྱལ་ཁབ་ཀྱི་འགན་འཁྲིའི་རྨང་གཞིའི་སྟེང་དུ་མ་དཔེ་ཐོན་རྫས143ཁ་སྣོན་བྱས་ཤིང་། དེ་དང་ཆབས་ཅིག་རང་ཞིང་གི་ཆེད་སྤྱོད་ལྟ་ཞིབ་ཚད་ལེན་འགན་འཁྲི་ཆེན་པོ3གྱི་ཟས་རིགས་མ་དཔེ118གཏན་འབེབས་བྱས་པས། ཁྱོན་བསྡོམས་རིགས་ཆེན་པོ17གྱི་ཟས་རིགས་མ་དཔེ1570ཡོད། ཟས་རིགས་རྫས་འགྱུར་གྱི་སྦགས་བཙོག་དངོས་རྫས་དང་གནོད་ལྡན་རྒྱུ་རྐྱེན་གྱིས་བཟོས་པའི་གཞི་རྒྱུའི་ལྟ་ཞིབ་ཚད་ལེན་གསལ་འབྱེད་འགན་འཁྲིའི་མ་དཔེ813ཡོད། ཟས་རིགས་ཁྲོད་དུ་སྐྱེ་ལྡན་ཕྲ་མོ་དང་ནད་རྐྱེན་གཞི་རྒྱུ་ལ་ཚད་ལེན་གསལ་འབྱེད་བྱེད་པའི་འགན་འཁྲི་ཅན་གྱི་མ་དཔེ་རིགས757ཡོད། ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྦགས་བཙོག་བྱ་དངོས་དང་གནོད་ལྡན་གཞི་རྒྱུ་འཚོལ་བསྡུ་བྱས་པའི་མ་དཔེ་ཚད་ལེན་གསལ་འབྱེད་ས་ཚིགས་དེ་རྫོང་དང་ཆུས45ཡི་གྲོང་ཁྱེར་དང་ཁུལ་རིམ་པར་ཁྱབ་ཡོད།

རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན་རང་ཞིང་ནི་སྤྱིར་བཏང་ས་ཁུལ་གྱི་ཟས་རིགས་ཁྲོད་འགྱེད་འཕྲོ་རང་ངཞིན་གྱི་སྦགས་བཙོག་ལ་ཚད་ལེན་གསལ་འབྱེད་བྱེད་པའི་ས་ཁུལ་དུ་གཏན་ཁེལ་བྱས་ཡོད་ལ། མཚོ་ཤར་གྲོང་ཁྱེར་གྱི་གྲོ་ཚང་ཆུས་དང་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། ཙོང་ཁ་རྫོང་། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་། དམར་གཙང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་། ཁྲི་ཀ་རྫོང་བཅས་རྫོང་ཁག7གྱི་རང་ས་གནས་ནས་ཐོན་སྐྱེད་བྱས་པའི་སྔོ་ཚོད་དང་བཟའ་འབྲུ་གྲོ་བཅས་རིགས་ཆེན་པོ་གཉིས་ཀྱི་ཟས་རིགས་མ་དཔེ10ལ་འགྱེད་འཕྲོ་རང་བཞིན་གྱི་སྦགས་བཙོག་ཐེབས་པའི་ཆུ་ཚད་ཀྱི་ཆེས་དམའ་བའི་ཚད་གཞི་ལ་ལྟ་ཞིབ་ཚད་ལེན་གསལ་འབྱེད་བྱས་པ་རེད།

དབུལ་ཕོངས་ས་ཁུལ་གྱི་ལས་གཞིའི་འཚོ་བཅུད་དང་མི་མང་གཞན་པའི་ཟས་རིགས་འཚོ་བཅུད་ཀྱི་བདེ་འཇགས་གསལ་འབྱེད་ལྟ་ཞིབ་ཚད་ལེན་གཙོ་བོ་དེ་རྟ་ཐང་རྫོང་དང་སྟོང་སྐོར་རྫོང་། ཙོང་ཁ་རྫོང་། ཧོར་གྲོང་རྫོང་། དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་། དམར་གཙང་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་གྲོ་ཚང་ཆུས་བཅས་རྫོང་དང་ཆུས7གྱི་དབུལ་ཕོངས་ས་ཁུལ་དུ་དམིགས་གསལ་ཟས་རིགས་ཆེན་པོ་རིགས2གྱི་ཐོན་རྫས8གྱི་མ་དཔེ14བསྡུ་རུབ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།