སྡེ་ཁག་མང་པོ་ཞིག་གིས་མཉམ་འབྲེལ་སྒོས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་བཅོས་སྐྱོང་དག་ཐེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་ཅུའུ་ཡིས་ཞིང་ཆེན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ལམ་སྲིད་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག མཚོ་ཤར་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། རྨ་ལྷོ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་དང་དེའི་ཁོངས་གཏོགས་ཁྲིམས་འཛིན་སྒྲིག་འཛུགས་བཅས་རྩ་འཛུགས་བྱས་ཏེ་ཞིབ་བཤེར་ཚོ་ཆུང་བཙུགས་ནས། མཚོ་ཤར་དང་རྨ་ལྷོ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་བྱ་བ་མཉམ་འབྲེལ་སྒོས་སྤེལ་ནས་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོ་ཆུང་གིས་སྔ་གཞུག་ཏུG0611གཞུང་ལམ་གྱི་མདོ་བ་ཡར་སྐ་ནས་རེབ་གོང་བར་གྱི་རྡོ་རྒན་རི་བོའི་ཕུགས་ལམ་དང་ཀ་ཐན་ཐུ་ཟམ་ཆེན། རྨ་ཆུའི་ཟམ་ཆེན་བཅས་སུ་བསྐྱོད་པའི་རླངས་འཁོར་ཆུང་གྲས་དག་མྱུར་བགྲོད་གཞུང་ལམ་སྟེང་གང་འདོད་དུ་བསྡད་ནས་འགྲུལ་བར་སར་འབབ་པ་དང་ཡུལ་སྐོར་མི་སྣ་གང་འདོད་དུ་བསྡད་ནས་པར་ལེན་པ། འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་གཏན་འབེབས་བྱས་པའི་ས་ཚིགས་མིན་ན་ཡང་གང་འདོད་དུ་སྡོད་པའི་སྣང་ཚུལ་བཅས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། གནས་ཚུལ་དེ་འདྲའི་རིགས་ཡོད་པའི་གནད་དོན་ཅན་དེ་མཚོ་ཤར་དང་རྨ་ལྷོ་ས་ཁུལ་གཉིས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་དང་ལམ་སྲིད་ཁྲིམས་འཛིན་སྡེ་ཁག སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་བཅས་ལ་ཡུལ་དངོས་ཀྱི་སྣང་ཚུལ་མི་ལེགས་པ་དེ་དག་སྙན་གསེང་ཞུས་པ་རེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱི་རེ་འདུན་ལྟར། ལམ་རྒྱུད་ཀྱི་སྐྱེལ་འདྲེན་སྲིད་འཛིན་དང་ལམ་སྲིད། འགྲིམ་འགྲུལ་ཉེན་རྟོག་ཁྲིམས་འཛིན་སྒྲིག་གཞི་བཅས་ཀྱིས་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ཁྱབ་ཁོངས་ཁྲོད་ཀྱི་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ཞིང་། ལམ་རྒྱུད་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་འགྲུལ་སྐྱེལ་ལ་ཉེན་ཁ་ཆེ་བའི་བརྙན་མིག་གི་ཚོད་འཛིན་ཚད་གཞི་ཆེས་ཆེར་བཏང་ཡོད། གང་འདོད་དུ་རླངས་འཁོར་ནང་ནས་སར་འབབ་པ། མྱུར་ཚད་དང་ཐེག་ཚད་བརྒལ་བ། ལམ་ཐིག་གི་གཏན་འབེབས་ནང་བཞིན་འཁོར་སྐྱོད་མི་བྱེད་པ་སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་གནད་དོན་ཐད་ལ་བདག་དོམ་ནན་མོ་དང་ཁྲིམས་ཆད་ནན་མོ་བཅད་པ་རེད། དེ་ལས་གཞན་སྡེ་ཁག་དག་གི་མཉམ་འབྲེལ་ལ་ཤུགས་བསྣན་ནས་ལམ་ཐིག་གལ་ཆེན་དང་ཕུགས་ལམ་གལ་ཆེན། འགལ་རྐྱེན་གནས་ཡུལ་གལ་ཆེན་སོགས་ལ་རྩད་གཅོད་ནན་མོ་བྱེད་པའི་རྨང་གཞིའི་སྟེང་ལམ་ངོས་ཀྱི་མཉམ་འབྲེལ་རྩད་གཅོད་ནུས་ཤུགས་ཆེས་ཆེར་བཏང་ནས་ནུས་ཤུགས་གང་ཡོད་སྒོས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁོངས་ཁོར་ཡུག་དང་འགྲིམ་འགྲུལ་བརྒྱུད་ལམ་ལ་འགན་སྲུང་བྱས་པ་རེད།


ལོ་ཙཱ་བ། ལྷ་དཔལ་སྐྱབས།