རང་ཞིང་གིས་ད་ལོར་སྡོད་ཁུལ་རྙིང་པར་གློག་སྐས100ལས་སྣོན་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ལས་བསྟན་དོན། རང་རྒྱལ་གྱི་མཁར་གྲོང་གི་སྡོད་ཁུལ་རྙིང་པའི་ཚད་མང་ལ་རྒྱ་ཁྱོན་ཆེ་བས་བསྒྱུར་བཀོད་བྱ་བ་ཤུགས་ཆེན་པོས་སྤེལ་ཏེ། ཆུ་གློག་ལམ་རླངས་སོགས་ཀྱི་སྒྲིག་ཆས་གསར་བརྗེ་དང་གློག་སྐས་ལས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་པ། དམངས་ཕན་ཁྲོམ་ར་དང་སྟབས་བདེ་ཚོང་ཁང་། རྐང་ཐང་ཁྲོམ་ལམ། རླངས་འཁོར་འདུག་ས། བཀག་མེད་བགྲོད་ལམ་སོགས་ཀྱི་འཚོ་བའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་གཏང་དགོས་ཞེས་བསྟན་པ་རེད། སྡོད་ཁུལ་རྙིང་པར་གློག་སྐས་ལས་སྣོན་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ནས། རང་ཞིང་གིས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་བཞིན་པའི་སྒང་རེད།

རྒྱུས་ལོན་པ་ལྟར་ན། 2019ལོའི་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཞིང་གྲོང་འཛུགས་སྐྲུན་ཐིན་གྱི་ལས་འགན་གཙོ་བོའི་ཁྲོད“མཁར་གྲོང་གི་ཐོག་རྩེག་མང་པོའི་སྡོད་ཁང་ལ་གློག་སྐས100ལས་སྣོན་གྱི་ཚོད་ལྟའི་ལས་གཞི”ཡོད་པར་མ་ཟད། སྡོད་ཁུལ་རྙིང་པར་གློག་སྐས་ལས་སྣོན་བྱེད་པའི་ཚོད་ལྟའི་བྱ་བ་ཧུར་བསྐྱེད་སྒོས་སྐུལ་འདེད་བྱེད་དགོས་པ་བཏོན་ཏེ། མཁར་གྲོང་གི་བདེ་འཇགས་ཀྱི་བླང་བྱ་ལྟར་སྡོད་ཁུལ་རྙིང་པ་དང་ཁང་པར་ནུས་རྒྱུ་གྲོན་ཆུང་ནས་བསྒྱུར་བཀོད་བྱས་ཏེ། གློག་སྐས་ལས་སྣོན་དང་སྒྲིག་ཆས་ཆ་ཚང་བཀོད་སྒྲིག ཁོར་ཡུག་བཅོས་སྐྱོང་དང་རྣམ་པ་ལེགས་བཅོས་སོགས་ཀྱི་ཕྱོགས་ནས་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུ་རེད།

རང་ཞིང་གིས2017ལོའི་ཟླ8ཚེས16ཉིན་ཞིབ་འཇུག་བྱས་ནས་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁུལ་འཛུགས་སྐྲུན་དང་གློག་སྐས་ལས་སྣོན་གྱི་ཚོད་ལྟའི་བྱ་བ་སྒྲུབ་པའི་མཛུབ་སྟོན་བསམ་འཆར》ལས་གློག་སྐས་ཁ་སྣོན་བྱེད་པའི་འབྲེལ་ཡོད་ཆ་རྐྱེན་དང་དགོས་ངེས་རྒྱུ་ཆ་གསལ་པོར་བསྟན་ཏེ། སྒྲིག་རིམ་སྟེང་ནས་སུས་རེ་ཞུ་བྱེད་པ་དང་ཇི་ལྟར་རེ་ཞུ་བྱེད་པ། ཇི་ལྟར་ཞིབ་བཤེར་ཆོག་མཆན་འགོད་པ་དང་འབྲེལ་ཡོད་དོ་དམ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།