མཚོ་ལྷོ་ཁུལ་གྱིས་སྒོར་དུང་ཕྱུར30བཏང་ནས་དམངས་ཚིས་བྱ་བ20དངོས་སྒྲུབ་བྱས་པ།

 མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། “བརྟན་པོར་འཕར་བ། སྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས”བཅས་ཀྱི་སྤྱིའི་བླང་བྱ་ལྟར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྒོར་དུང་ཕྱུར30སྡེབ་སྒྲིག་སྒོས། གཙོ་བོ་མང་ཚོགས་ཀྱི་སློབ་ཞུགས་དང་ལས་ཞུགས། རྒན་གསོ་དང་སྡོད་ཁང་གི་དཀའ་ངལ་བཅས་ལ་དམིགས་ནས། དེང་རབས་ཀྱི་རོང་འབྲོག་ལས་གོང་འཕེལ་དང་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་སོགས་ཀྱི་ཐད་སྐུལ་འདེད་གཏོང་བ་དང་། དམངས་ཚིས་བྱ་བ20དངོས་སྒྲུབ་བྱས་ཏེ། མུ་མཐུད་དུ“དམངས་སེམས་འདུ་འགོད”སྟེང་གྲུབ་འབྲས་གསར་པ་ལེན་རྒྱུ་རེད།

 རྒྱུས་ལོན་བྱུང་པ་ལྟར་ན། ད་སྔ་མཚོ་ལྷོ་ཁུལ་གྱིས་སྒོར་དུང་ཕྱུར1.33བཏང་ནས། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ས་མཐོའི་མཛེས་ལྡན་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས30ལག་བསྟར་བྱེད་བཞིན་ཡོད་ལ། ཁ་གསབ་རོགས་དངུལ་སྒོར་ཁྲི2857དོན་འཁྱོལ་བྱས་ཏེ། རོང་འབྲོག་པའི་ཉེན་ཁང་པ1143སྒྱུར་བཀོད་འཛུགས་སྐྲུན་བྱས་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་སྡོད་ཁང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། གྲོང་ཚོའི་ཁོར་ཡུག་བཅས་ལེགས་སྒྱུར་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོབས་ཆེར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་རེད། དུས་མཚུངས་སུ། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར3.3བཏང་སྟེ། ད་ལོར་དབུལ་ཕོངས་མི་གྲངས9100ཇེ་ཉུང་དུ་གཏང་རྒྱུ་དང་། གྲོང་ཚོ་དབུལ་པོ27དང་གསེར་ཆེན་རྫོང་། ཁྲི་ཀ་རྫོང་བཅས་ཀྱི་དབུལ་པོའི་ཞྭ་མོ་འབུད་པའི་དམིགས་ཚདལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

གཞན་ཡང་། འགྲིམ་འགྲུལ་འགྲོ་འོང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོའི་འདྲ་མཉམ་གོང་སྤེལ་འགྲོ་བར་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱང་ད་ལོའི་མཚོ་ལྷོ་ཁུལ་གྱིས་དམངས་ཚིས་ལས་གཞི་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།