མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཡུལ་ཤུལ་དང་མགོ་ལོག་གི་གནོད་འགོག་རྒུད་སྐྱོབ་ལ་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི2600བཏང་ནས་རྒྱབ་སྐྱོར་བྱས་པ།

ཞིང་ཆེན་ནོར་སྲིད་ཀྱིས་དགུན་དུས་ཀྱི་ཁངས་སྐྱོན་སྔོན་འགོག་ལས་ཀ་སྒོ་ཀུན་ནས་ལེགས་པོར་བསྒྲུབ་ཆེད2018ལོའི་ལོ་མཇུག་ཏུ(གྲོང་ཁྱེར)དང་ཁུལ་སོ་སོའི་གནོད་འགོག་རྒུད་སྐྱོབ་ཐད་མ་སྒོར་ཁྲི7800སྔ་མོ་ནས་གཏོང་སྤྲོད་བྱས་ཤིང་། དེའི་ནང་ཡུལ་ཤུལ་ཁུལ་ལ་སྒོར་ཁྲི1100སྤྲད་པའི་ཁར། ཐེངས་འདིའི་ཡུལ་ཤུལ་སོགས་ས་ཁུལ་གྱི་ཁངས་སྐྱོན་ལ་དམིགས་ནས་མྱུར་བ་མྱུར་དུ་མ་དངུལ་ཁྲི1500ཁ་སྣོན་བཀོད་སྒྲིག་མཛད་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་ཐད་སྤྱད།

2018ལོའི་ཟླ12པའི་ཟླ་མཇུག་ནས་བཟུང་། རང་རེའི་ཞིང་ཆེན་གྱི་འབྲོག་ས་མང་པོར་ཁ་བ་བབས་ཤིང་། དེ་ལས་ཡུལ་ཤུལ་ཁུལ་གྱི་ས་ཆ་ཁ་ཤས་སུ་ཁ་བ་ཆེན་པོ་བབས་པ་ལ་ཞིང་ཆེན་ནོར་སྲིད་ཐིང་གིས་མྱུར་བསྟུན་མཁོ་སྒྲུབ་ཀྱི་ལས་གང་མགྱོགས་གང་མགྱོགས་བསྒྲུབས་ཏེ། ཡང་བསྐྱར་རྒུད་སྐྱོབ་མ་དངུལ1500བཀོད་སྒྲིག་བྱས་ནས་ཡུལ་ཤུལ་དང་མགོ་ལོག་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་རོགས་སྐྱོར་དང་། གནོད་ཁུལ་གྱི་སྒོ་ཟོག་ལ་དགོས་པའི་གཟན་ཆག་དང་གཟན་རྩྭ་མི་འདང་བའི་དཀའ་ངལ་སེལ་ནས་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བྱུང་དུ་བཅུག་མེད་པ་རེད།

ད་སྔ་ཁ་བ་འབབ་མཚམས་བཞག་མེད་ན་ཡང་། ཞིང་ཆེན་ནོར་སྲིད་ཐིང་གིས་ཁངས་སྐྱོན་གྱི་གནས་ཚུལ་དུས་རྟག་ཏུ་དོ་སྣང་བྱ་བ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར་ཐབས་ལམ་མང་པོ་ལ་བརྟེན་ནས་ཀྲུང་དབྱང་པུའུ་ཨུ་ཡི་རྒྱབ་སྐྱོར་ལ་བརྩོན་ལེན་བྱས་ནས་རྒུད་སྐྱོབ་མ་དངུལ་ཐད་འགན་སྲུང་དང་གནོད་ཐེབས་མང་ཚོགས་དཀའ་ངལ་ལས་བསྒྲལ་བ་བཅས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྔར་བཞིན་དུ་གནས་པར་འགན་ལེན་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།