རང་རེའི་ཞིང་ཆེན་གྱི་རི་ཉུལ་དང་ཆུ་ལོག་གི་གནོད་འཚེ་འབྱུང་སླ་བའི་རྫོང26ལ“སྲུང་རགས”བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཚན་རིག་བྱ་དགའ་གནང་བའི་ཚོགས་ཆེན་སྟེང་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱིས་འགན་སྒྲུབ་གནང་བའི《མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་པ་འགོག་རགས་མ་ལག་བསྐྲུན་པའི་སྒྲིག་འགོད》ལས་གཞི་དེ་ལ2018ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། 2010ལོའི་ཚུན་ལ་རང་རེའི་ཞིང་ཆེན་གྱིས་ཆུ་བེད་པུའུ་དང་། ནོར་སྲིད་པུའུ་སོགས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ལས་གཞི་དེ་དུས་མཚམས་ཕྱེས་ནས་ལས་འགོ་བརྩམས་ཤིང་། སྔ་གཞུག་ཏུ་མ་དངུལ་དུང་ཕྱུར2.79བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་འཚེ་འབྱུང་སླ་བའི་རྫོང26དང་། ཡུལ་ཚོ་དང་གྲོང་རྡལ274བཅས་ལ་རང་འགུལ་སྲུང་རགས་མ་ལག་བསྐྲུན་ནས་མི་འབོར་ཁྲི185ལ་ཕན་ཁེ་བསྐྲུན་ཡོད་པ་རེད།

ཤེས་གསལ་ལྟར་ན། ལས་གཞི་དེས་མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་པ་རང་འགུལ་སྒོས་འགོག་སྲུང་ཐུབ་པའི་མ་ལག་བསྐྲུན་ཞིང་། རྒྱུ་རྐྱེན་གནད་ཆེ་བའི་གཞི་གྲངས་རྨང་གཞི་དང་། ཕྱོགས་བསྡུས་ཟོག་སྦྲེལ་དྲ་བ་བཀོལ་སྤྱོད། དུས་རབས་གསར་པའི་ཆུ་དཔྱད་ལད་ཟློས་དབྱེ་ཞིབ། དེང་རབས་བརྡ་འཕྲིན། ཆར་ཆུ་འབབ་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན། ཐབས་ལམ་མང་པོའི་སྒོ་ནས་སྔོན་བརྡ་ཡོངས་བསྒྲགས་སོགས་ལག་རྩལ་གཞིར་བཟུང་སྟེ། གཞི་རིམ་གྱི་བཅོས་སྐྱོང་སྒྲིག་གཞི་དང་ཟུང་དུ་སྦྲེལ་ནས་རང་འགུལ་གྱི་ལྟ་ཞིབ་ཚད་ལན་གྱི་སྔོན་བརྡའི་མ་ལག་དང་། མང་པོར་ཚད་ལེན་དང་མང་པོར་འགོག་སྲུང་གི་མ་ལག་ཕན་ཚུན་རོགས་རེས་ཐུབ་པའི་རང་འགུལ་འགོག་རགས་མ་ལག་གྲུབ་ཡོད་པས། གཞི་རིམ་གྱི་རི་ཉུལ་ཆུ་ལོག་གི་འགོག་རགས་ནུས་པ་དང་ཆུ་ཚད་ཇེ་རྒྱས་ཇེ་ལེགས་སུ་བཏང་། 2018ལོར་ཆུ་ལོག་མང་འབྱུང་གི་དུས་ལ་ཞིང་ཆེན་ཡོངས་ཀྱི་ཆར་ཆུ་འབབ་ཐེངས་ལྡབ1.1གིས་མང་བ་དང་། ཆར་ཆུ་འབབ་ཚད་བཅུ་ཆའི་གསུམ་གྱིས་ཇེ་མང་སོང་ཡོད་པས་ལོ་སྔོན་མ་དག་དང་བསྡུར་ན་རི་ཉུལ་ཆུ་ལོག་འབྱུང་བའི་ཉེན་ཁ་ཅུང་ཆེན་པོ་ཡོད་མོད། རང་འགུལ་འགོག་རགས་མ་ལག་གི་ནུས་པ་དང་སྔོན་བརྡ་ཁྱབ་བསྒྲགས་ཡང་དག་པ་ཡིན་པས། གནོད་ཁུལ་གྱི་གནས་དབོར་དུས་ཤི་གོད་སོགས་ཆག་སྒོའི་གནད་དོན་ཚབས་ཆེན་ཅི་ཡང་མ་བྱུང་བ་རེད།

མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་འཚེ་རང་འགུལ་འགོག་རགས་བསྐྲུན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རི་ཉུལ་ཆུ་ལོག་གི་གནོད་འཚེའི་འགོག་རགས་ལ་རྨང་གཞི་གྲངས་ཀའི་ཆ་རྐྱེན་མེད་པའི་སྟོང་ཆ་བསྐངས་པ་དང་ཆབས་ཅིག ལྟ་སྐུལ་ཚད་འཇལ་དང་སྔོན་བརྡ་ལ་སོགས་པའི་བྱེད་ཐབས་མེད་པའི་རྣམ་པ་ལེགས་པོར་བསྒྱུར་ནས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་གྱི་ཆུ་ལོག་ཐན་སྐྱོན་སྔོན་འགོག་ཆ་འཕྲིན་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་འཁྲིད་སྟོན་ཡག་པོ་བྱས་པ་མ་ཟད། ཉེ་བའི་ལོ་ཤས་རིང་གི་ཆུ་ལོག་སྔོན་འགོག་ཁྲོད་གནོད་འགོག་གནོད་མེད་ལ་ཡང་ཕན་ལེགས་པོ་བཏགས་པས་རི་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དང་ས་གནས་སྲིད་གཞུང་གིས་དེ་ལ་ཚེ་སྲོག་བདེ་འཇགས་ཀྱི་སྲུང་རགས་ཞེས་འབོད།

ཁོན་ཐར་འཚོས་བསྒྱུར།