ཞིང་ཆེན་སྲིད་གཞུང་དབང་པོ་སྐྱོན་ཅན་བཟོ་ཨུ་ཡིས་གྲོས་ཚོགས་སྐབས་དང་པོ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3ཚེས4ཉིན་ཞིང་ཆེན་སྲིད་གཞུང་དབང་པོ་སྐྱོན་ཅན་བཟོ་ཨུ་ཡིས་གྲོས་ཚོགས་སྐབས་དང་པོ་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་རེད། གྲོས་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་འཕེལ་རྒྱས་ཀྱི་བརྒྱུད་རིམ་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཁྱོན་ཡོངས་ནས2018ལོའི་དབང་པོ་སྐྱོན་ཅན་གྱི་མི་སྣའི་བྱ་བར་ཕྱོགས་སྡོམ་བྱས་ཏེ། 2019ལོའི་བྱ་བ་གལ་ཆེན་དག་ལ་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་དབང་པོ་སྐྱོན་ཅན་བཟོ་ཨུའི་ཀྲུའུ་རེན་ཁུང་ཡུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།

ཁུང་ཡུང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོད་སེམས་བརྟན་པོའི་འགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་མི་སྣའི་བདེ་ཐང་འཕེལ་རིམ་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་ཞིང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྲིད་ཇུས་ཁྲིམས་བཀོད་མ་ལག་དང་བྱ་བའི་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་ལ་བཏང་སྟེ། དབང་པོ་སྐྱོན་ཅན་མི་སྣའི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྣམ་པ་ལ་བཅོས་སྒྱུར་སྔ་ན་མེད་པ་བྱས། དབང་པོ་སྐྱོན་ཅན་མི་སྣའི་དམངས་འཚོའི་འགན་བཅོལ་དང་ཞབས་ཞུའི་ཡོངས་ཁྱབ་ཐད་ལ་ཡང་གོམ་གང་མདུན་སྤོས་སྒོས་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད།

ཁུང་ཡུང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པའི་ལོ་ཡིན་ལ། ཡང་གཅིག་བཤད་ན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པའི་ཆེས་གནད་འགག་གི་ལོ་ཡང་ཡིན། ནུས་ཤུགས་གང་ཡོད་སྒོས་དབང་པོ་སྐྱོན་ཅན་མི་སྣ་གནད་འཁེལ་དབུལ་སྐྱོར་སྒོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ། དབང་པོ་སྐྱོན་ཅན་མི་སྣའི་སྤྱི་ཚོགས་འགན་སྲུང་མ་ལག་བདེ་ཐང་ཅན་དུ་བཏང་ཤིང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་དབང་པོ་སྐྱོན་ཅན་མི་སྣ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་མ་ལག་གི་བཅོས་སྒྱུར་ལ་ཧུར་བརྩོན་བྱེད་དགོས། དེ་མིན་དབང་པོ་སྐྱོན་ཅན་གྱི་མི་སྣའི་བྱ་བའི་འགན་འཁྲིའི་ཚོར་ཤེས་དང་འོས་འགན་ཚོར་ཤེས་ཆེས་ཆེར་བཏང་སྟེ། ཞིང་ཆེན་སྲིད་གཞུང་དབང་པོ་སྐྱོན་ཅན་བཟོ་ཨུ་ཡི་རིམ་པ་སོ་སོའི་ལས་ཁུངས་དག་གིས་དབང་པོ་སྐྱོན་ཅན་གྱི་བྱ་བ་དེ་འགན་འཁྲིའི་ཁྱབ་ཁོངས་དང་དམིགས་འབེན་བདག་དོམ་ཁྲོད་བཞག་ནས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་དབང་པོ་སྐྱོན་ཅན་བཟོ་ཨུ་ཡིས་དབང་པོ་སྐྱོན་ཅན་གྱི་བྱ་བར་འགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་རྩ་འཛུགས་སྒོས་སྲོལ་རྒྱུན་གྱི་གོམས་སྲོལ་ལེགས་པོ་མུ་མཐུད་དུ་རྩ་འཛུགས་བྱས་ཏེ། དབང་པོ་སྐྱོན་ཅན་ལ་ཞབས་ཞུའི་མ་ལག་གི་ཟམ་གདུང་འཛུགས་སྐྲུན་བྱེད་པའི་ནུས་པ་ཐོན་དུ་འཇུག་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།