དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་པ།


མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3ཚེས5ཉིན་ནི་མའོ་ཙེ་ཏུང་སོགས་སྔོན་གཤེགས་གསར་བརྗེ་བ་རྒན་པ་དག་གིས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་དགོས་ཞེས་འབོད་སྐད་བཏང་ནས་ལོ་འཁོར56འགོར་བའི་རྗེས་དྲན་ཉིན་མོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་བྱེད་ཆེད། ཟླ3ཚེས4ཉིན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་རེད།

གྲོས་ཚོགས་ཀྱི་སྟེང་དུ་རྒྱལ་ཡོངས་ཀྱིས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་བ་དང་ལས་རྐང་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་སྐུལ་འདེད་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས་ཤིང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས“3.5ཉིན”ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་སྐབས་སུ་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱས་ཏེ། དང་བླངས་ཞབས་ཞུ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བརྡ་སྦྱོར་གྱི་དགོངས་དོན་ཡང་ཁྱབ་སྒྲོག་བྱས། དེའི་མི་ཚད་རང་ཞིང་གི་རྒྱལ་ཡོངས་ཀྱི་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་པའི་“ཆེས་མཛེས་སྡུག་ལྡན་པའི་དང་བླངས་པ”དང“ཆེས་ཕུལ་དུ་བྱུང་བའི་དང་བླངས་ཞབས་ཞུའི་རྩ་འཛུགས།” “ཆེས་ཕུལ་དུ་བྱུང་བའི་དང་བླངས་ཞབས་ཞུའི་ལས་གཞི།” “ཆེས་མཛེས་པའི་དང་བླངས་མཁན་གྱི་ཞབས་ཞུའི་གཞིས་ཁུལ”སོགས་ལ་གཟི་བརྗིད་དཔང་ཡིག་གནང་བ་རེད།

གྲོས་ཚོགས་ལ་ཞུགས་པའི་དང་བླངས་ཞབས་ཞུའི་རྩ་འཛུགས་ཚོགས་པའི་འཐུས་མི་དག་གིས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་དཔལ་ཡོན་མདུན་སྐྱོད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། ལའེ་ཧྥུན་གྱི་དགོངས་དོན་རྒྱུན་འཛིན་བྱེད་པའི་དུས་རབས་ཀྱི་དགོས་མཁོ་ཡང་ཡིན། ནན་ཏན་སྒོས་ཇུས་འགོད་དང་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱེད་པ། དང་བླངས་ཞབས་ཞུའི་རུ་དཔུང་མུ་མཐུད་དུ་རྒྱ་སྐྱེད་པ། ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ། དང་བླངས་ཞབས་ཞུའི་བྱ་བ་དེ་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱིས་སྤྱི་ཚོགས་ཀྱི་དཔལ་ཡོན་མདུན་སྐྱོད་ལ་སྐུལ་འདེད་བྱས་ཏེ། དུས་རབས་གསར་བའི་དང་བླངས་མི་སྣ་གསར་བ་གསོ་སྦྱོང་གིས་དང་བླངས་ཞབས་ཞུའི་དགོངས་དོན་དེ་མཚོ་སྔོན་ས་ཁུལ་དུ་དར་སྤེལ་གཏོང་དགོས།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། རང་ཞིང་གིས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་དེ་ལ་རླབས་རྒྱུན་གཡོ་བ་ལྟ་བུའི་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་ཞིག་བྱུང་ཡོད་ལ། 《དང་བླངས་ཞབས་ཞུའི་སྒྲིག་སྲོལ》ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་ཤིག་ཀྱང་འཕྱུར། 《མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་སྒྲིག་སྲོལ་ཅན་གྱི་དོན་དངོས་ལག་བསྟར་བསམ་འཆར》ཞེས་པ་ཡང་པར་སྐྲུན་འགྲེམས་སྤེལ་བྱས། དང་བླངས་ཞབས་ཞུའི་ནང་དོན་དེ་སྔར་ལས་རྒྱ་སྐྱེད་ནས་སྤུས་ཚད་མཐོར་འདེགས་སུ་གཏོང་བ་ཞབས་ཞུའི་ས་ཚུགས་དེ་དྲ་རྒྱ་ཅན་དང་དང་བླངས་ཞབས་ཞུའི་རྩ་འཛུགས་དེ་ཡང་མུ་མཐུད་དུ་ཆེས་ཆེར་བསྐྱེད་དགོས། ད་ལྟའི་ཆར་རང་ཞིང་དུ་དང་བླངས་ཞབས་ཞུའི་རྩ་འཛུགས་མཁན50ཐོ་འགོད་བྱས་ཤིང་མིང་དངོས་ཐོ་འགོད་བྱས་པའི་དང་བླངས་མཁན་མི་གྲངས་ཁྲི15.7ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།