ཚེ་ཐར་གཏོང་བར་གོང་རིམ་ནས་ཆོག་མཆན་ཐོབ་དགོས་པ་ཁྱེད་ཀྱིས་ཤེས་སམ།

ཉེ་དུས། སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བརྡ་ཐོ་བཏང་ནས་ཚེ་ཐར་གཏོང་བར་ལྟ་སྐུལ་དོ་དམ་བྱེད་དགོས་པར་མ་ཟད། ཚེ་ཐར་གཏོང་བའི་ལས་ཀའི་སྔ་ཕྱི་ཧྲིལ་པོར་སྲིད་འཛིན་ཞིབ་བཤེར་དང་མཆན་འགོད་ལམ་ལུགས་ལག་བསྟར་དོ་དམ་བྱེད་དགོས་པར་བསྟན།

བརྡ་ཐོའི་ནང་བསྟན་དོན། ཕྱི་རོལ་གྱི་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་གང་འདོད་དུ་ནང་འདྲེན་བྱས་ནས་ཚེ་ཐར་དུ་བཏང་བས། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་མཆེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འཇིགས་སྐུལ་བྱུང་བ་སོགས། སྣོད་བཅུད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྱུར་བ་རེད།

དེར་བརྟེན། ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་རིམ་པ་ཁག་གིས་ལྟ་སྐུལ་དོ་དམ་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ཚད་ལྡན་དུ་གཏང་དགོས། རྗེས་སོར་ཕྱི་ནས་ཡོང་བའི་རི་སྐྱེས་སྲོག་ཆགས་རིགས་ཚེ་ཐར་གཏང་དགོས་ན། ངེས་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། ཞིང་ཆེན་རིམ་པའི་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ“ཕྱི་ནས་ཡོང་བའི་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས་ཚེ་ཐར་གཏོང་བར་ཆོག་མཆན་འགོད་ཐབས”ཀྱི་སྲིད་འཛིན་ཆོག་འཐུས་ཀྱིས་གཏན་འཁེལ་བྱ་དགོས།

རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར༼ཁུལ༽བཅས་རིམ་པ་གསུམ་གྱི་ནགས་ལས་དང་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཚན་རིག་དང་མཐུན་པའི་བསམ་འཆར་གཅིག་གྱུར་བྱུང་རྗེས། ཚེ་ཐར་གཏོང་སའི་རྫོང༼ས་ཁུལ་དང་གྲོང་ཁྱེར༽རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་འོག་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་ཆོག་པ་རེད།

ཕྱིན་ཆད་ཕྱི་ནས་ཡོང་བའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཚེ་ཐར་གཏོང་བར་ངེས་པར་སྲིད་འཛིན་གྱི་ཆོག་འཐུས་ཐོབ་དགོས་ལ། ཚེ་ཐར་གྱི་རིགས་དང་གྲངས་འབོར། ཚེ་ཐར་གཏོང་སའི་ས་གནས། ཚེ་ཐར་གཏོང་བའི་དུས་ཚོད། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་སོགས་ཁ་གསལ་ཡིན་དགོས་པ་རེད།

བརྡ་ཐོའི་ནང་ད་དུང་གསལ་པོར་བསྟན་དོན། ཕྱིན་ཆད་རྫོང་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཚེ་ཐར་བྱེད་སྒོར་ལྟ་སྐུལ་ཁྲིམས་འཛིན་གྱི་འགན་འཁུར་རྒྱུ་ཡིན་ལ། གང་འདོད་ཀྱིས་ཚེ་ཐར་བཏང་སྟེ་འབྲེལ་ཡོད་ཁྲིམས་རིགས་ལ་བརྩི་སྲུང་མ་བྱས་ཚེ་གནས་ཚུལ་ཆེ་ཆུང་གཞིགས་ནས་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

གཞན་ཡང་། སི་ཁྲོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཚེ་ཐར་ཡོངས་བསྒྲགས་ལམ་ལུགས་བཙུགས་པ་དང་ལྟ་སྐུལ་ཐེར་འདོན་གྱི་སྤྱི་སྟེགས་གསར་འཛུགས་བྱས། ཐེར་འདོན་གོང་ཞུའི་ཐབས་ལམ་སྟབས་བདེ་ཞིང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པས། སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ས་ཁོངས་ནང་ཁྲིམས་འགལ་སྒྲིག་འགལ་གྱིས་ཚེ་ཐར་གཏོང་བའི་རྩ་འཛུགས་དང་མི་སྒེར་གྱི་ཆ་འཕྲིན། དེ་བཞིན་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གིས་ཆད་པ་བཅད་པའི་གནས་ཚུལ་གྱི་ཆ་འཕྲིན་བཅས་རིགས་དབྱེ་ཞིང་སྤྱི་བསྡོམས་བྱས་ནས་རྒྱལ་ཡོངས་ཀྱི་ཡིད་རྟོན་འཕྲིན་སྟེགས་སུ་འཇུག་ཆོག་པ་ཡིན།

ཚེ་ཐར་གཏོང་བ་ནི་རང་རྒྱལ་གྱི་སྲོལ་རྒྱུན་གྱི་བྱེད་སྒོ་ཞིག་ཡིན་ལ། ཁམས་དཀར་མཛེས་སོགས་སུ“ཚེ་ཐར་བྱེད་སྒོ”ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། ཡིན་ནའང་ཉེ་བའི་ལོ་འགའ་རེའི་ནང་ཚུན་དུ་ནོར་འཁྲུལ་ཅན་གྱིས་ཚེ་ཐར་གཏོང་བའི་ལས་ཀ་འདིས་སྣོད་བཅུད་ཀྱི་འབྱུང་ཁམས་དོ་མི་སྙོམས་པར་ཆགས་པར་མ་ཟད། ཚེ་ཐར་གཏོང་བ་ནི་ཐོན་ལས་ཅན་ཞིག་ཏུ་འགྱུར་ཟིན་པ་རེད། འདི་ལྟ་བུའི་ཚེ་ཐར་གཏོང་བ་ནི་ཚེ་ཐར་དོན་ལ་འཁྱོལ་མེད་པར་མ་ཟད། “སྲོག་བླུ”བྱས་པའི་ཚེ་ཐར་རིགས་དག་ལ“སྲོག་ཁྲིམས”བཅད་ཡོད་པ་རེད།