ཆང་འཐུང(བཟིས)འཁོར་གཏོང་རྒྱས་འགྲེལ།

རླངས་འཁོར་སྐོར་སྟངས་ཚད་ལྡན་མ་ཡིན་པ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་དང་དེའི་མཇུག་འབྲས་ཀྱིས་བསྐྱེད་བའི་འགྱོད་གདུང་།

ཆང་། ལོ་ལ་བསྙལ་པའི་ལོ་ཆང་། ཟླ་ལ་བསྙལ་བའི་ཟླ་ཆང་། ཟླ་ཆང་ཟིལ་མངར་ལྡན་པ་ཡོད། ཞག་ལ་བསྙལ་བའི་ཞག་ཆང་། ཉིན་ཆང་བདུད་རྩི་ལོ་ཡག་ཡོད། ཐེངས་གསུམ་བཞེས་དང་དབུ་འཕང་མཐོ། འདིར་བཞུགས་རྣམས་ཀྱིས་རེ་རེ་བཞེས། རྟགས་དང་རྟེན་འབྲེལ་འགྲིག་ལེ་ཡོད་ཞེས་བ་ཞིག་ཡིན་པ་དང་། དེ་ལས་ལྡོག་ཆང་འཐུང་རྗེས་རླངས་འཁོར་སྐོར་ན་རྟེན་འབྲེལ་ལོག་པ་སྟེ་ཁྲིམས་དང་འགལ་བ་ཞིག་ཡིན་ནོ། དུས་རྒྱུན་འཚོ་བའི་ཁྲོད་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ནི་གྲངས་ལས་འདས་བ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེར་ཁྲོད་རང་གཞན་གཉིས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མེད་པ་ཞིག་གཅིག་ཀྱང་ཡོད་མ་ཡིན། འདི་འདྲའི་དོན་རྐྱེན་དག་གི་མཇུག་འབྲས་ནི་བཤད་མ་དགོས་བར་ང་ཚོས་སེམས་སུ་ཧ་ཅང་གསལ་བོར་ཤར་ངེས་ཡིན།

དཔེ་མཚོན་གྱོད་དོན་དབྱེ་ཞིབ།

ཉེ་སྔོན། ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བཟོ་ཚོང་ཅུས་ཀྱི་ལས་བྱེད་པ་མའོ་ཀྲི་ཡའོ་ཆང་གིས་བཟི་སྟེ་རླངས་འཁོར་བཏང་ནས་མི་བསད་པའི་གྱོད་དོན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་མཐར། འདྲི་གཅོད་དང་པོའི་དཔྱད་མཚམས་ལས་ཉེས་དོན་ཐད་ཀྱི་ཁྲིམས་ཆད་བཅད་པར་མངོན་གསལ་དོད་པོས་ཁྲིམས་ཆད་ཡང་འདུག་པའི་ལྟ་ཚུལ་བཏོན་ནས་ཁྲིམས་ལྟར་ཐོག་མའི་དཔྱད་མཚམས་ནོར་འཁྲུལ་དག་བཅོས་བྱེད་པར་རེ་བ་བཏོན། ཞིབ་དཔྱོད་པར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་འབྲེལ་ཡོད་གནས་ཚུལ་ལ་ཞིབ་གླེང་བྱས་ཚུལ་ཁ་ཤས་ནོར་འཁྲུལ་བྱུང་ཡོད་ལ་ཁ་ཤས་དོན་དངོས་དང་མི་འཚམ་པ།( གསལ་བཤད། ཞིབ་དཔྱོད་པས་བརྗོད་དོན། ཉེས་དོན་གྱི་ཐད་ནས་ཁྲིམས་ཆད་གཅོད་རྒྱུ་མེད་པར་བཏང་བ་དེ་མའོ་ཀྲི་ཡའོ་གཞུང་གི་ལས་གནས་འགན་སྲུང་བྱ་བར་བསམ་བློ་བཏང་བའི་རྐྱེན་ཡིན་པ)གྱོད་དོན་དེ་རྗེས་ནས་ལུང་ཤིས་རྫོང་མི་དམངས་ཁྲིམས་ཁང་གིས་བརྡ་ཁྱབ་བཏང་ནས་གྱོད་གཞི་འདི་ལ་ཡང་བསྐྱར་ཞིབ་བཤེར་བྱེད་པར་ཐག་གཅོད་བྱས།

ཡང་བསྐྱར་ཞིབ་བཤེར་བྱས་ན་ཡང་དོན་རྐྱེན་འདིར་མཚོན་ན་ཆེས་བཟང་བའི་མཇུག་འབྲས་ནི་ཉེས་ཆད་ཕྱིར་འགྱངས་བྱེད་ཐུབ་པ་དེ་ལས་གཞན་མེད། དེ་ན་ང་ཚོས་མཉམ་དུ་གྱོད་གཞི་འདིས་ཁྲོད་ཕྱོགས་གང་མང་ཞིག་ལ་གྱོང་གུད་གང་འདྲ་ཞིག་ཐེབས་ཡོད་པ་བསྡོམས་རྩིས་ཤིག་བྱ། གཅིག སྐྱིན་ཚབ་འབོར་ཆེན་འཇལ་དགོས་བ། གཉིས། བཙོན་ཁང་དུ་བཙོན་ལ་འདུག་དགོས་བ། གསུམ། གཞུང་གི་བྱ་བའི་ལས་གནས་ནས་ཕྱིར་འབུད་དགོས་བ། བཞི། བསམ་བློ་ཐད་ནས་ཡ་ང་བའི་སྡུག་བསྔལ་དཔག་མེད་མྱོང་དགོས་བ། ལྔ། ཁྱིམ་མི་རྣམས་སྡུག་བསྔལ་གྱི་གདུང་སེམས་སྐྱེས་བ་ལས་ཕྱིར་འབུད་དཀའ་བ། དྲུག མི་གཅིག་གི་ཚེ་སྲོག་རྐྱེན་ལམ་དུ་ཤོར་བ། བདུན། མི་རང་ཉིད་ཀྱི་ཀུན་སྤྱོད་དག་ཐེར་བྱེད་ཐབས་མེད་པ། བརྒྱད ། ཕ་རོལ་པོར་ཡང་ཁྱོད་དང་འབྲེལ་ནས་ཆད་པ་གཅོད་དགོས་བ་སོགས་འབྲས་མི་ལེགས་པའི་བྱ་སྤྱོད་འདི་འདྲ་མང་པོ་ཞིག་རང་སྟེང་ལ་ཕོག་སྲིད། འདི་ནི་རྒྱ་ཆེ་བའི་མང་ཚོགས་དང་ལྷག་པར་དུ་གཞུང་ཞབས་པ་དག་ལ་བཏང་བའི་ཉེན་བརྡ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་བཤད་མ་དགོས། རྗེས་མར་གཞུང་ཞབས་པས་ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བ་དག་དང་མཚོན་ན། འབྲེལ་བ་བཙལ་ནས་གོང་གཏུག་མི་བྱེད་པ་དང་ཉེས་ཆད་མི་གཅོད་པའི་ཐབས་ལམ་དག་བརྒྱུད་གཞུང་ཞབས་པའི་ལས་གནས་འགན་སྲུང་བྱེད་པའི་ཐབས་ལམ་བཙལ་བསམ་པ་དག་ལ་དགག་སྒོ་བཙན་པོ་ཞིག་བརྒྱབ་ཡོད་པ་རེད།

གྱོད་དཔེ་འདིའི་ནང་གི་གྱོད་མི་མའོ་ཀྲི་ཡའོ་ལྟ་བུ་ནམ་རྒྱུན་ཆང་འཐུང་རྗེས་རླངས་འཁོར་བསྐོར་བས་གཞུང་ཞབས་པའི་ལས་གནས་ནས་ཕྱིར་ཕུད་པའི་མི་ཡང་གང་མང་མང་ཞིག་ཡོད་པ་ཡིན། གཤམ་ནས་ང་ཚོས་མཉམ་དུ་ཆང་འཐུང་རྗེས་རླངས་འཁོར་གཏོང་བ་དང་ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བ་སོགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་མི་ཚེ་སྲོག་ཉེན་ལ་གནོད་འཚེ་གང་འདྲ་ཞིག་ཡོད་པར་མཉམ་དུ་སློབ་སྦྱོང་བྱེད་བཞིན་སྙིགས་དོར་བཅུད་ལེན་ཞིག་བྱ། ཆང་འཐུང་རྗེས་རླངས་འཁོར་གཏོང་བ་དང་ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བའི་བྱ་སྤྱོད་འདིས་ཁྱོད་སྐར་ཆ་གཅིག་གཉིས་ཙམ་གྱི་རིང་ལ་ཁྱོད་ཀྱི་ལས་ཀ་ཤོར་བ་དང་། ལས་གནས་འགན་སྲུང་བྱེད་མི་ཐུབ་པ། བཙོན་ཁང་དུ་འགྲོ་དགོས་བ། རྒྱུ་ནོར་ཚར་ཞིང་ཁྱིམ་གཞི་དྲོན་མོ་འཐོར་བར་བྱེད་པ་ཞིག་ཡིན།

ཁྲིམས་ལུགས་ཐད་ཀྱི་འགན་འཁུར།

《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། ཆང་འཐུང་འཁོར་གཏོང་དང་ཆང་གིས་ར་བཟི་སྟེ་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་འདིར་མཚོན་ན། ཁྲིམས་ཐག་ཧ་ཅང་གི་ལྗིད་མོ་འགའ་ཞིག་འཁུར་དགོས་བ་གཤམ་གསལ་ལྟར།

གཅིག ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ཞིག་ཡིན་ཚེ། ཁ་ལོ་བའི་འཛིན་ཡིག་ཟླ་དྲུག་(༦)རིང་ལ་ཕྱིར་འཐེན་བྱེད་པ་དང་། དམངས་སྒོར་སྟོང་གཅིག་(༡༠༠༠)ནས་སྟོང་གཉིས་(༢༠༠༠)བར་གྱི་དངུལ་ཆད། ཁ་ལོ་བའི་འཛིན་ཡིག་ལས་སྐར་བཅུ་གཉིས(༡༢)་འཐེན་པ་བཅས་ཀྱི་ཁྲིམས་ཆད་ཕོག་སྲིད།

གཉིས། ཡང་བསྐྱར་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ཞིག་ཡིན་ན། ཉིན་བཅུ་(༡༠)མན་གྱི་བཀག་ཉར་དང་དམངས་སྒོར་སྟོང་གཅིག་(༡༠༠༠)ནས་སྟོང་གཉིས་(༢༠༠༠)བར་གྱི་དངུལ་ཆད། ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ་བཅས་ཀྱི་་ཁྲིམས་ཆད་ཕོག་སྲིད།

གསུམ། ཆང་འཐུང་རྗེས་དང་ཆང་གིས་ར་བཟི་སྟེ་རླངས་འཁོར་བཏང་ནས་ཚབས་ཆེན་རང་བཞིན་གྱི་འགྲིམ་འགྲུལ་དོན་རྐྱེན་བྱུང་ན་ཉེས་གསོག་གི་ཚད་ལ་སླེབས་ཡོད་པ་དང་། འདི་ལྟ་བུར་མཚོན་ན། ཉེས་འགན་བདའ་འདེད་གཏོང་དགོས་བར་མ་ཟད་ཁ་ལོ་བའི་འཛིན་ཡིག་རྩིད་མེད་དུ་གཏོང་བ། ཚེ་གང་བོར་རླངས་འཁོར་གཏོང་མི་ཆོག་པ་བཅས་ཀྱི་ཁྲིམས་ཆད་ཕོག་སྲིད།

བཞི། ཆང་འཐུང་རྗེས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བཏང་བར། ཉིན་བཅོ་ལྔར་(༡༥)བཀག་ཉར་དང་དམངས་་སྒོར་སྟོང་ལྔའི་(༥༠༠༠)དངུལ་ཆད། ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ། ལོ་ལྔའི་(༥)ནང་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་ལེན་མི་ཆོག་པ་བཅས་ཀྱི་ཁྲིམས་ཆད་ཕོག་སྲིད།

ལྔ། ཆང་གིས་ར་བཟི་སྟེ་རླངས་འཁོར་བཏང་བར། ཆང་གི་བཟི་དྭངས་བར་བྱས་རྗེས་ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ། ལོ་ལྔའི་(༥)ནང་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་ལེན་མི་ཆོག་པ། ཉེས་འགན་བདའ་འདེད་གཏོང་བ་བཅས་ཀྱི་ཁྲིམས་ཆད་ཕོག་སྲིད།

དྲུག ཆང་འཐུང་རྗེས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་ལོ་བཏང་བར། ཆང་གི་བཟི་དྭངས་བར་བྱས་རྗེས་ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ། ཉེས་འགན་བདའ་འདེད་གཏོང་བ། ལོ་བཅུ་(༡༠)ནང་ཁ་ལོ་བའི་འཛིན་ཡིག་ཡང་བསྐྱར་ལེན་མི་ཆོག་པ། ཁ་ལོ་བའི་འཛིན་ཡིག་ལོ་བཅུ་(༡༠)རྗེས་ནས་ཡང་བསྐྱར་བླངས་རྗེས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་སྐོར་མི་ཆོག་པ་བཅས་ཀྱི་ཁྲིམས་ཆད་ཕོག་སྲིད།

བདུན། རང་རྒྱལ་གྱིས་ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་དེར། མཇུག་འབྲས་ཚབས་ཆེ་ཆུང་གང་འདྲ་ཞིག་བཟོས་ཡོད་མེད་ལ་འབྲེལ་བ་མེད་པར་ཐད་ཀར་དུ་ཉེན་ཁ་ཆེ་བའི་སྒོ་ནས་རླངས་འཁོར་བཏང་བའི་ནག་ཉེས་སུ་བརྩིས་ནས། ཟླ་གཅིག(༡)་ནས་ཟླ་དྲུག(༦)་བར་བཙན་ཉར་ལས་སྐུལ་བྱེད་པར་མ་ཟད། དངུལ་ཆད་ཡང་གཅོད་དགོས།

དཔལ་འབྱོར་ཕྱོགས་ཀྱི་གྱོང་གུད།

ཆང་འཐུང་རྗེས་རླངས་འཁོར་སྐོར་བའི་བྱ་སྤྱོད་དེས་སྐར་ཆ་གཅིག་གཉིས་ཙམ་གྱི་རིང་ལ་རྒྱུ་ནོར་ཚར་ཞིང་ཁྱིམ་ཚང་འཐོར་བའི་གྱོང་གུད་ཚབས་ཆེན་བཟོ་བཞིན་ཡོད་པ་འདི་ལྟར།

གཅིག འགན་བཅོལ་སྐྱིན་ཚབ་མི་སྤྲོད་པ། 《ཉེན་སེལ་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་དོན་ཚན་དྲུག་པ་ལྟར་ན། རྒྱུ་རྐྱེན་གང་ཞིག་ཡིན་རུང་ཉེན་སྲུང་ཉོས་ཡོད་བའི་རླངས་འཁོར་དེ་ལ་གྱོང་གུད་ཐེབས་ན། ཉེན་འགོག་འགན་སྲུང་ལེན་མཁན་གང་ཞིག་ཡིན་ཡང་སྐྱིན་ཚབ་སྤྲོད་པའི་འགན་མི་འཁུར་བ། (བཞི) ཁ་ལོ་བས་ཆང་འཐུང་བ་དང་ཡང་ན་དུག་རྫས་འཐེན་པ། དུག་ཁབ་རྒྱག་པ། སྨན་རྫས་བེད་སྤྱད་ནས་ལུས་པོ་སྦྲིད་པར་བྱས་རྗེས་ཉེན་སྲུང་ཉོས་ཡོད་པའི་རླངས་འཁོར་བཀོལ་སྤྱོད་བྱེད་པ།

གཉིས ཁ་ལོ་བའི་ཆང་འཐུང་རྗེས་རླངས་འཁོར་སྐོར་ནས་དོན་རྐྱེན་བྱུང་བ་དང་། གནོད་འཚེ་ཕོག་མཁན་གྱི་རྒྱུ་ནོར་ལ་གྱོང་གུད་ཐེབས་དུས་བཙན་ཤེད་ཉེན་སྲུང་འགན་ལེན་ཀུང་སིས་གནོད་འཚེ་ཕོག་མཁན་གྱི་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བའི་གྱོང་གུད་ཐད་སྐྱིན་ཚབ་འཇལ་བའི་འགན་འཁུར་རྗེས། སླར་ཡང་ཁྱོད་ལ་སྐྱིན་ཚབ་བདའ་འདེད་བྱེད་ཆོག་པའི་དབང་ཆ་ཡོད། འདི་ཡོད་ཚད་ཁྱོད་ཀྱི་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ལས་བཟོས་བ་ཡིན་ཕྱིར། ཁྱོད་ཀྱི་ཁྱིམ་མི་རྣམས་ཡང་ཞོར་འདྲུད་ཐེབས་ནས་བྱ་བ་འདི་དག་ལ་དོ་འཁུར་བྱེད་དགོས་འདུག དེ་ཕྱིར་འདི་འདྲའི་བྱ་བར་སྔ་མོ་ནས་གཟབ་གཟབ་བྱེད་དགོས་འདུག་སྙམ།

གསུམ སྐྱིན་ཚབ་འབོར་ཆེན་འཇལ་དགོས་བ། ཆང་འཐུང་རྗེས་རླངས་འཁོར་སྐོར་ནས་དོན་རྐྱེན་བྱུང་རྗེས། འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཀྱི་འགན་ཁྲིད་ཇེ་ལྗིད་སོང་ཡོད་པ་ཡིན། དོན་རྐྱེན་ཁྲོད་མི་གཅིག་ཤི་སོང་ན། འདས་པོས་ཁྱིམ་མི་ལ་ཡང་འབྲེལ་ཡོད་ཀྱི་སྐྱིན་ཚབ་འཇལ་དགོས་བའི་འགན་འཁུར་དགོས།

བཞི ཆང་འཐུང་རྗེས་རླངས་འཁོར་སྐོར་ནས་མི་གཅིག་ཤི་བའི་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཡིན་ཕྱིར། ༢༠༡༨ལོའི་སྐྱིན་ཚབ་འཇལ་བའི་ཚད་གཞི་འདི་འདྲ་སྟེ། ཧྲང་ཧེ་ལྟ་བུར་མཚོན་ན་གྲོང་ཁྱེར་སྡོད་དམངས་ཤིག་ལ་དམངས་སྒོ་ཁྲི༡༢༥༡༩༢༠ཡིན་ལ(ཆེས་མཐོ་བ)ང་ཚོ་ས་གནས་ལྟ་བུར་མཚོན་ན་གྲོང་ཁྱེར་སྡོད་དམངས་ཤིག་ལ་དམངས་སྒོར་ཁྲི༥༨༣༣༨༠དང་གྲོང་གསེབ་སྡོད་དམངས་ཤིག་ལ་དམངས་སྒོར་ཁྲི༡༨༩༢༤༠ཡིན། འདིའི་ནང་ད་དུང་གཤིན་པོ་དུར་སྐྱེལ་གྱི་གྲོན་དངུལ་དང་གསོ་སྐྱོང་བྱ་ཡུལ་གྱི་འཚོ་བའི་གྲོན་དངུལ་སོགས་གཅིག་ཀྱང་ཚུད་མེད་པ་ཡིན། གལ་ཏེ་བར་འདུམ་བྱུང་བ་ཞིག་ཡིན་ན་གྲོན་དངུལ་འདི་ལས་མཐོ་བ་དང་ཡང་ན་དམའ་ཡང་སྲིད། དེ་ནི་གནོད་འཚེ་ཕོག་མཁན་གྱི་ནང་མིས་སྐྱིན་ཚབ་ཅི་ལྟར་ཚབ་འཇལ་དགོས་བར་རེ་བ་བཏོན་པར་རག་ལས་སོ།

ལས་རྐང་ལ་ཐེབས་པའི་གྱོང་གུད།

གཅིག ཁྲིམས་རྩོད་པའི་ཐོབ་ཐང་དབང་ཡིག་དང་སྨན་པ་དཀའ་བཅུ་བའི་ཐོབ་ཐང་དབང་ཡིག དགེ་རྒན་གྱི་ཐོབ་ཐང་དབང་ཡིག་བཅས་རྩིས་མེད་དུ་གཏོང་བ། 《ཁྲིམས་རྩོད་པའི་བཅའ་ཁྲིམས》ལས་དོན་ཚན་ཞེ་དགུ་བའི་གཏན་འབེབས་ལྟར་ན་ཁྲིམས་རྩོད་པས་བསམ་བཞིན་དུ་བྱས་ཉེས་བསགས་རྗེས་ཉེས་དོན་གྱི་ཆད་པ་ཕོག་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་བརྒྱུད་ནས་ཁྲིམས་རྩོད་པའི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་དགོས།

གཉིས། ལས་གཉེར་ཁང་ལ་ལས་གཉེར་ཁང་དང་གླས་བའི་མིའི་བར་གྱི་ངལ་རྩོལ་གན་རྒྱ་མེད་པར་བཟོ་བའི་དབང་ཆ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》དོན་ཚན་སོ་དགུའི་གཏན་འབེབས་ལྟར་ན། གླས་མི་དེར་ཁྲིམས་ལྟར་ཉེན་འགན་བདའ་འདེད་བྱས་ཡོད་ཚེ། གླ་མཁན་ལས་གཉེར་ཁང་དང་གླས་མི་བར་གྱི་ངལ་རྩོལ་གན་རྒྱ་མེད་པར་བཟོ་ཆོག་ཆོག་ཡིན།

གསུམ། སྤྱི་དམངས་ཏང་ནང་དུ་ཞུགས་མི་ཆོག་པ། རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བྱ་བར་ཞུགས་རྒྱུ་རེ་བ་འདོན་སྐབས་མིང་ཐོ་འགོད་མི་ཆོག་པ།

བཞི། དམག་ཏུ་ཞུགས་པ་དང་དམག་གི་སློབ་གྲྭར་ཞུགས་རྒྱུའི་རེ་བ་བཏོན་ནས་མིང་ཐོ་འགོད་དུས་ཆབ་སྲིད་ཀྱི་ཞིབ་དཔྱད་བརྒྱུད་མི་ཐུབ་པ།

ལྔ། གླ་གཏོང་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་བཅས་སྐྱེལ་འདྲེན་ལས་རིགས་ལ་ཞུགས་པའི་ཁ་ལོ་བ་ཞིག་ཡིན་ན། དེ་བས་ཀྱང་ལས་ཤོར་བྱུང་སླ་བའི་ཉེན་ཁའི་གནས་སུ་སླེབས་ཡོད། ལྷག་པར་དུ་ཆང་གིས་བཟི་སྟེ་རླངས་འཁོར་བཏང་བ་ཞིག་ཡིན་པ་ལ་ཚེ་གང་བོར་སྐྱེལ་འདྲེན་རིགས་ཀྱི་ལས་གནས་སུ་ཡང་བསྐྱུར་ཞུགས་མི་ཐུབ་པ་ཡིན།

དྲུག 《ཁེ་ལས་ཀྱི་ཁྲིམས་བཀོད་འཐུས་མི་ཐོ་འགོད་དོ་དམ་གཏན་འབེབས》ལས་གཏན་འཁེལ་བྱས་བ་ལྟར་ན། ཉེས་ཆད་ལག་བསྟར་བྱེད་བཞིན་ཡོད་པ་དང་ཡང་ན་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་བཞིན་ཡོད་པ་ཞིག་ཡིན་ན། ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་མི་ཆོག་ལ། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཡང་ཐོ་འགོད་བྱེད་པར་ཆོག་མཆན་མི་གནང་བར་མ་ཟད། ཁྲིམས་མིའི་འཐུས་ཚབ་ཀྱི་མི་དེ་བདེ་བླག་ངང་ལས་གཉེར་ལག་ཁྱེར་ཐོ་འགོད་ཡང་བྱེད་མི་ཐུབ་པར་བྱས་ཡོད།

བདུན། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་ཞབས་པ་ཞིག་ཡིན་ན་ཏང་ནང་ནས་ཕྱིར་ཕུད་པ་མ་ཟད་གཞུང་ཞབས་པའི་ལས་གནས་ནས་ཡང་ཕྱིར་ཕུད་དགོས་བའི་གཏན་འབེབས་བྱས་ཡོད། གཏན་འབེབས་ལྟར་ན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་གིས་ཆང་འཐུང་རྗེས་རླངས་འཁོར་སྐོར་བའི་ཁྲིམས་འགལ་བྱ་སྤྱོད་དང་འགལ་ཡོད་ཚེ་དེར་འགྲིམ་འགྲུལ་ཁྲིམས་སྲོལ་ལྟར་ཆད་པ་གཅོད་པ་ཕུད། ད་དུང་བརྡ་ཁྱབ་བཏང་རྗེས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ལ་སྤྲད་ནས་སྒྲིག་ཁྲིམས་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་སོ།

བརྒྱད། ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བ་དེ《ཉེས་ཁྲིམས》དོན་ཚན་བརྒྱ་དང་སོ་བརྒྱད་(༡༣༨)གཏན་འབེབས་ལྟར་ཉེན་ཁའི་སྒོ་ནས་རླངས་འཁོར་བཏང་བའི་ཉེས་གསོག་གི་ཚད་ལ་སླེབས་ཡོད་པར་མ་ཟད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དོན་ཚན་སོ་བརྒྱད་(༣༨)ནང་ཚན་གཉིས་(༢)པའི་གཏན་འབེབས་ལྟར། བཅའ་ཁྲིམས་དང་འགལ་ནས་སྤྱོད་པ་ཚབས་ཆེན་ཡིན་ན་ངེས་བར་དུ་ཏང་ནང་ནས་ཕྱིར་ཕུད་དགོས་བ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དོན་ཚན་སོ་གསུམ་(༣༣)ནང་ཚན་དང་པོའི་(༡)གཏན་འབེབས་ལྟར། ཉེས་བ་བསགས་པའི་རྐྱེན་གྱིས་ཁྲིམས་བཞིན་ཉེས་ཁྲིམས་ནང་གཏན་འབེབས་བྱས་བའི་ཁྲིམས་ཆད་གཙོ་བོ་ཐག་གཅོས་བྱས་ཡོད་པ(ཁྱབ་བསྒྲགས་བྱས་ཡོད་པའི་ཁྲིམས་ཆད་ཕྱིར་འགྱངས་བྱས་ཡོད་པ་དེ་འདུ)དེ་ཏང་ནང་ནས་ཕྱིར་ཕུད་ན་འོས། 《 སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པས་ཆད་གཅོད་སྲོལ་ཡིག》དོན་ཚན་བཅུ་བདུན་(༡༧)ནང་ཚན་གཉིས་པའི(༢)གཏན་འབེབས་ལྟར་ན། སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པར་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་བ། གལ་ཏེ་ཆང་གིས་བཟི་སྟེ་རླངས་འཁོར་བཏང་བའི་ཚད་གཞིར་ཐོན་ཡོད་ན་ཏང་ནང་ནས་ཕྱིར་ཕུད་པ་དང་གཞུང་ཞབས་པའི་ལས་གནས་ནས་ཡང་ཕྱིར་ཕུད་པའི་ཉེས་ཆད་གཅོད་པ།

དོ་སྣང་བྱ་དགོས་བ་ཞིག་ལ། ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བ་དེ་ཉེས་དོན་ཐད་ཀྱི་ཁྲིམས་ཆད་མ་བཅད་པའི་ཏང་ཡོན་གཞུང་ཞབས་པར《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དོན་ཚན་སོ་གཉིས(༣༢)་པའི་གཏན་འབེབས་ལྟར། ཏང་ནང་གི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་ཕོག་པ།

གསེར་ལས་དཀོན་པའི་དུས་ཚོད་འགོར་འགྱངས་སུ་བཏང་བ།

ཆང་འཐུང་རྗེས་རླངས་འཁོར་སྐོར་བ་དེ་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དཀའ་ལས་གང་མང་ཞིག་བརྒྱུད་དགོས་འདུག ཡང་བསྐྱར་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ཞིག་ཡིན་ན། སྐབས་དེར་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་འདྲ་མ་བྱུང་ན་ཡང་རང་དབང་ཤོར་བའི་ཚེ་སྲོག་གསོན་པོ་དེ་ཆེས་མང་ན་ཉིན་བཅོ་ལྔའི(༡༥)སྲིད་འཛིན་བཀག་ཉར་དང་ཡང་ན་ཆེས་མང་ན་ཟླ་དྲུག(༦)རིང་གི་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་བཞིན་ཡོད་ལ། གལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་འགྲིམ་འགྲུལ་བྱས་ཉེས་བཟོས་ཡོད་ཚེ། ལོ་གསུམ(༣)མན་གྱི་དུས་བཙོན་དང་ཡང་ན་བཙན་ཉར་ལས་སྐུལ་གྱི་ཆད་པ་གཅོད་པ། དོན་རྐྱེན་བྱུང་རྗེས་བྲོས་བྱོལ་བྱས་བ་དང་ཡང་ན་ངན་པ་ཐ་ཤལ་གྱི་གནས་ཚུལ་གཞན་དག་བྱུང་ཚེ་ལོ་གསུམ་(༣)ཡན་དང་ལོ་བདུན(༧)མན་གྱི་དུས་བཙོན་ཉེས་ཆད་གཅོད་ངེས་ཡིན། གལ་ཏེ་དོན་རྐྱེན་ཁྲོད་མི་གསད་རྗེས་བྲོས་བྱོལ་བྱས་བ་ཞིག་ཡིན་ན། ལོ་བདུན་(༧)ཡན་གྱི་དུས་བཙོན་ཉེས་ཆད་གཅོད་ངེས་ཡིན་ནོ།

ཨ་རག་ཆང་གིས་གཞིས་ཁྱིམ་སྡུག་ལ་སྦྱོར།

ཉིད་ཀྱིས་ཆང་འཐུང་རྗེས་རླངས་འཁོར་སྐོར་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་མཐར། ནང་མི་ཡོངས་ཀྱི་སེམས་ལ་བཟོད་དཀའ་བའི་གནོན་ཤུགས་ཆེན་པོ་ཐེབས་ངེས་ཡིན་ལ། ལྷག་པར་དུ་རང་ཁྱིམ་ན་ལོ་ནར་མ་སོན་པའི་བྱིས་པའི་བསམ་བློར་ཐེབས་པའི་ངན་ཤུགས་ནི་འུ་ཅག་གིས་བློ་ཡིད་ལས་འདས་བ་ཞིག་ཡིན། ཁྱིམ་བདག་ཆང་གིས་ར་བཟི་སྟེ་རླངས་འཁོར་བཏང་ནས་ཉེས་ཆད་བཅད་པ་ཞིག་ཡིན་ན། བྱས་ཉེས་ཟིན་ཐོ་དེ་ཚེ་གང་བོར་སུས་ཀྱང་གསུབ་ཐབས་མེད་ལ། བྱིས་པ་ཚོས་གཞུང་ཞབས་པར་རྒྱུག་སྤྲོད་པ། དམག་གི་སློབ་གྲྭར་ཞུགས་པ། ཏང་ནང་ལ་ཞུགས་པ་བཅས་ཚེ་འདིར་ཕན་ཡོན་ཆེན་པོ་ཡོད་པའི་བྱ་བ་འདི་དག་སྒྲུབ་པར་ངན་ཤུགས་ཆེན་པོ་ཐེབས་ཡོད་པ་ཞིག་ཡིན།

བདུད་རྩི་ཆང་གིས་སྤྱི་ཚོགས་ཉོག་ཏུ་གཏོང་།

ཆང་འཐུང་རྗེས་རླངས་འཁོར་སྐོར་བ་ལས་བྱུང་བའི་དོན་རྐྱེན་དེའི་མཇུག་འབྲས་ཤུགས་རྐྱེན་གཏིང་ཟབ་ལ་ཡུན་རིང་བར་མ་ཟད་དེས་བགྲང་ལས་འདས་བའི་ཁྱིམ་གཞི་དྲོན་མོ་གང་མང་ཞིག་གཏོར་བརླགས་སུ་གཏོང་བཞིན་ཡོད། རྨས་སྐྱོན་ཕོག་པ་ལས་ཁྱིམ་གཞི་དྲོན་མོར་ཐེབས་པའི་ཤུགས་རྐྱེན་དང་དབང་བོ་སྐྱོན་ཅན་དུ་གྱུར་བ་ལས་ཁྱིམ་གཞི་དྲོན་མོ་ཐེབས་པའི་ཤུགས་རྐྱེན། རྐྱེན་ལམ་དུ་ཤོར་བ་ལས་ཁྱིམ་གཞི་དྲོན་མོར་ཐེབས་པའི་ཤུགས་རྐྱེན་དེ་དག་གིས་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་གནས་ལ་ཤུགས་རྐྱེན་ཚབས་ཆེན་ཞིག་ཐེབས་པར་མ་ཟད་སྤྱི་ཚོགས་ཧྲིལ་བོའི་སེམས་ཁམས་དང་བདེ་ཐང་གི་གཤིན་སར་ནག་ནོག་གི་དྲི་མས་གོས་སྲིད།

ལོ་ཆང་ཁམ་པའི་ནག་ཉེས་གསུབ་ཏུ་མེད།

གཅིག བསམ་པའི་འདུ་ཤེས་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ། ཆང་འཐུང་རྗེས་རླངས་འཁོར་གཏོང་བ་དང་ཆང་གིས་ར་བཟི་སྟེ་རླངས་འཁོར་བཏང་བར་རྩད་ཆོད་བྱུང་ན། ཆད་པ་ལྗིད་མོ་སྣ་ཚོགས་འཕྲད་ནས་ཁྱིམ་མིས་སེམས་ཁམས་དང་རང་རྩིས་བསམ་བློར་ཕོག་ཐུག་ཐེབས་དེ་དུས་ཡུན་ཐུང་ངུ་ཞིག་ནང་ནས་བསམ་བློའི་མནར་གཅོད་ལས་ཕྱིར་འབུད་དཀའ་བ་ཞིག་ཡིན

གཉིས། ཆང་འཐུང་རྗེས་རླངས་འཁོར་སྐོར་བ་དང་ཆང་གིས་ར་བཟི་སྟེ་རླངས་འཁོར་སྐོར་བ་གང་ཞིག་ཡིན་རུང་། འདི་ལྟ་བུའི་བྱ་སྤྱོད་རྗེས་མ་ནས་མི་སྒེར་གྱི་ཡིད་རྟོན་ཚད་ཐིག་ཟིན་ཐོར་བཀོད་ནས། དངུལ་གཡར་ལེན་པ་དང་། འཛད་སྤྱོད་བྱེད་པ་བཅས་ལ་ཚོད་འཛིན་ཐེབས་ངེས་ཡིན། དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས་ཆང་འཐུང་བ་དང་ཆང་གིས་ར་བཟི་སྟེ་རླངས་འཁོར་སྐོར་བས་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་མི་སྒེར་དེའི་ཆ་འཕྲིན་དང་ཉེས་ཆད་བཅད་པའི་ཁ་གྲངས་བཅས་ཡང་མི་སྒེར་གྱི་ཡིད་རྟོན་ཚད་ཐིག་ཟིན་ཐོར་ནང་ནང་འཇུག་བྱས་ནས་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་ཞིག་གྲུབ་ངེས།

གསུམ། ཆང་གིས་བཟི་སྟེ་རླངས་འཁོར་གཏོང་བ་དེ་ཉེས་ཁྲིམས་ལ་འགལ་བའི་ཁྲིམས་ཆད་ཕོག་པའི་ནང་ནང་འཇུག་བྱས་ཡོད་པ་མ་ཟད། ནག་ཉེས་བསགས་པའི་བྱ་སྤྱོད་དེ་ཚེ་གང་བོར་ཡང་གསུབ་ཐབས་མེད་པ་བྱས་ཡོད། འདི་འདྲའི་བྱ་སྤྱོད་ཡོད་པ་དག་གིས་ཕྱི་རྒྱལ་ཁབ་ལ་འགྲོ་བའི་འཐུས་མཆན་འགོད་པར་སྙན་ཞུ་ཕུལ་བར་ཤུགས་རྐྱེན་ཐེབས་ངེས་བ་ལས་གཞན་ད་དུང་ཆབ་སྲིད་ཐོག་གི་ཞིབ་བཤེར་བརྒྱུད་པར་ཡང་ཤུགས་རྐྱེན་ཐེབས་སྲིད། གལ་ཏེ་གནས་སྤོས་ཡུལ་མིའི་འཐུས་མཆན་བཀོད་པའི་ལག་ཁྱེར་བསྒྲུབ་ན་ཉེས་བ་གསོག་མྱོང་མེད་པའི་བདེན་དབང་འདོན་སྤྲོད་བྱ་དགོས་བ་དང་འདོན་སྤྲོད་མ་ཐུབ་ཚེ་འགྲོ་ལུགས་བསྒྲུབ་མཚམས་འཇོག་ངེས་སོ།

ལོ་ཆང་ཁམ་པའི་ཉེས་བ་མཉམ་གསོག་ཅན།

རླངས་འཁོར་ནང་ནས་བགྲོད་དུས་ཁྱོད་ཀྱིས་ཆང་འཐུང་མེད་པར་མ་ཟད་རླངས་འཁོར་ཡང་སྐོར་མེད་ན་ཡང་ཁྱོད་ཀྱིས་བྱ་སྤྱོད་འདི་དག་གིས་ཁྱོད་ཉིད་ཡང་ཉེན་ཁའི་སྒོ་ནས་རླངས་འཁོར་སྐོར་བའི་ཉེས་ཅན་ལ་ངོས་འཛིན་བྱེད་ངེས་ཡིན།

གཅིག ཆང་རག་འཐུང་བའི་བརྒྱུད་རིམ་ཁྲོད་བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ངེས་བར་དུ་རླངས་འཁོར་གཏོང་དགོས་བ་ཤེས་བཞིན་དུ། ཆང་རག་འཐུང་ཞེས་ནན་སྐུལ་བྱེད་པའམ་ཡང་ན་ཆང་རག་འཐུང་བར་བཙན་ཤེད་དང་འདོད་སློང་བྱས་བ་མ་ཟད། ཆང་རག་འཐུང་རྗེས་དེར་རླངས་འཁོར་གཏོང་མཁན་མ་བཙལ་བའི་བྱ་སྤྱོད།

གཉིས། བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ཆང་རག་འཐུང་ཡོད་པ་ཤེས་བཞིན་དུ་ཁ་ལོ་བར་རླངས་འཁོར་གཏོང་དགོས་བའི་ངན་སྐུལ་དང་བཙན་ཤེད་དམ་ཡང་ན་བཀའ་འབེབས་བྱས་བའི་བྱ་སྤྱོད།

གསུམ། རླངས་འཁོར་བདག་པོས་རླངས་འཁོར་གཡར་པོ་ཞུ་མཁན་དེ་ཆང་གིས་ར་བཟི་བཞིན་དུ་རླངས་འཁོར་གཏོང་རྒྱུའི་རེ་འདུན་ཞུ་བའི་སྐབས་དེ་ལ་བཀག་འགོག་དང་སྔོན་འགོག་མི་བྱེད་པར་རླངས་འཁོར་དེ་ལ་གཡར་ནས་སྐོར་དུ་བཅུག་པའི་བྱ་སྤྱོད།

ང་ཚོས་ཆེས་དོ་ཁུར་དང་སེམས་ཁྲལ་བྱེད་པའི་གྲོགས་པོར་བྲིས།

གུས་ཤིང་བརྩེ་བའི་གྲོགས་པོ་ལགས།

སྐུ་ཁམས་བཟང་། མཚོ་ལྷོ་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པ་ཡོངས་ཀྱིས་ཁྱེད་ལ་རེ་བ་འདོན་རྒྱུ། དུས་རྒྱུན་སྤྲོ་རྩེད་བྱ་འགུལ་སྣ་ཚོགས་དང་། གྲོགས་པོ་དང་གཉེན་ཉེ་ལ་འཚམས་འདྲི་བྱེད་པ་དང་། ནང་མི་ལྷན་འཛོམས། གྲོགས་པོ་ལྷན་འཛོམས་སོགས་ཀྱི་གསོལ་སྟོན་ཆེ་མ་ཆུང་གསུམ་སྣ་ཚོགས་ཡོད་སྲིད་པས། ཆང་ལ་རོལ་བ་ནི་དུས་སྟོན་སྟེང་སྤྲོ་སྣང་བསྐྱེད་པར་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར། ཡིན་ཡང་། ཆང་བཏུང་བ་དང་རླངས་འཁོར་བསྐོར་བ་གཉིས་ང་ཚོའི་འཚོ་བའི་ཁྲོད་བསལ་དཀའ་ཞིང་སྙོམས་སྒྲིག་བྱེད་དཀའ་བའི་འགལ་ཟླ་གཙོ་བོ་ཞིག་ཡིན། དེ་བས་ཁྱོ་ག་ཞིག་དང་། ཨ་ཕ་ཞིག་གམ་ཡང་ན་བུ་ཕྲུག་ཅིག་ཡིན་པའི་ཆ་ནས། གནད་དོན་འདིའི་སྟེང་མགོ་འཐོམ་མི་རུང་། ཁྱེད་ཀྱིས་ཆང་ཕོར་བཟུང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པའི་སྐབས་སུ་དང་། ཆང་དང་རླངས་འཁོར་གཉིས་ལས་གདམ་ཀ་བྱེད་པའི་སྐབས་སུ། ཁྱེད་ཀྱིས་ཁྱིམ་གྱི་རྒན་གོག་དང་། ཆུང་མ། བུ་ཕྲུག དེ་མིན་རང་ཉིད་ཀྱི་བྱ་གཞག་སོགས་སེམས་སུ་དྲན་མྱོང་ངམ། མི་གཞན་ལ་སྡུག་བསྔལ་དང་གནོད་འཚེ་སྐྱེལ་སྲིད་པ་སེམས་སུ་དྲན་མྱོང་ངམ། བཅའ་ཁྲིམས་ལྗིད་ཞིང་དེར་བརྩེ་བ་མེད་པ་ཤེས་སམ། ཆང་བཏུངས་རྗེས་རླངས་འཁོར་བསྐོར་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པ་དང་། ཆང་བཏུངས་རྗེས་རླངས་འཁོར་བསྐོར་ན་མཇུག་འབྲས་ཅི་ཞིག་འབྱུང་བ། ཆང་བཏུངས་རྗེས་རླངས་འཁོར་བསྐོར་ན་མི་ལུས་རང་དབང་དང་བྱ་གཞག་གཉིས་ཀ་ཤོར་སྲིད་པ། རང་གི་ཤ་ཉེ་ལ་སྡུག་བསྔལ་ཆེན་པོ་བསྐྱལ་སྲིད་པ་བཅས་ཁྱེད་ཀྱིས་གསལ་བོར་ཤེས་ངེས། ཐེངས་སྔོན་མའི་ལྷན་འཛོམས་ཤིག་གི་སྟེང་ཁྱེད་ཚོས་གྲོགས་པོ་ཞིག་ལ་སྤྲོ་སེམས་འཁོལ་བས་ཆང་མགྲོན་བྱས་པས། གྲོགས་པོ་དེས་ཁྱེད་ཚོའི་ཁ་ངོ་ལ་བལྟས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཆང་ལ་ཅི་དགར་རོལ་ཞིང་། ཁྱེད་ཚོས་ཀྱང་འགན་འཁུར་སྣང་མེད་དུ་བཞག་མཐར། ཁོས་ཆང་དང་རླངས་འཁོར་གཉིས་ཀ་བདམས་ནས་འགལ་ཟླ་དེ་གཉིས་ལས་ཁོང་གི་ཚེ་སྲོག་བརླག་པ་རེད། ཆང་མགྲོན་དེས་ཁོང་གི་མདུན་ལམ་བརླག་པར་མ་ཟད། ཁོང་གི་ཚེ་སྲོག་ཀྱང་ཁ་ལོ་བསྒྱུར་ལ། ཁྱེད་ཚོའི་འཚོ་བ་དང་བྱ་བ་ལའང་ཤུགས་རྐྱེན་དང་སྡུག་བསྔལ་ཆེན་པོ་བཟོས། ཁྱེད་ཚོའི་སེམས་ཁོང་གི་འགྱོད་གདུང་དེ་ཡང་ལོ་རེ་ནས་ལོ་རེར་ཇེ་དྲག་ཏུ་གྱུར་ནས། ཐ་ན་ཁོང་གི་ནང་མི་ལའང་འཕྲད་མི་ཕོད་པར་གྱུར།

ཆང་བཏུངས་རྗེས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཅའ་ཁྲིམས་ལས་ཇི་ལྟར་ཐག་གཅོད་པ་ཁྱེད་ཀྱིས་གསལ་བོར་ཤེས་ངེས། དེ་རིང་ང་ཚོས་འབྲེལ་ཡོད་ཀྱི་གཏན་འབེབས་ལ་ཡང་བསྐྱར་སློབ་སྦྱོང་ཐེངས་གཅིག་བྱ། ཧའོ་ཧྲིན༡༠༠ཡི་ཁྲག་གི་ཁྲོད་ཆང་བཅུད་ཀྱི་འདུས་ཚད་ཧའོ་ཁེ༢༠-༧༩ལ་སླེབས་ཚེ་ཆང་བཏུངས་ནས་རླངས་འཁོར་བསྐོར་བར་ངོས་འཛིན་པ་དང་། ཧའོ་ཁེ༨༠ཡན་ལ་སླེབས་ཚེ་ར་བཟི་རྗེས་རླངས་འཁོར་བསྐོར་བར་ངོས་འཛིན།《གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》དོན་ཚན་དགུ་བཅུ་གོ་གཅིག་པའི་གཏན་འབེབས་ལྟར་ན། ཆང་བཏུངས་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་ན། འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་ཟླ༦ལ་ཕྱིར་འཐེན་བྱེད་པར་མ་ཟད། སྒོར༡༠༠༠ཡན་དང་སྒོར༢༠༠༠མན་གྱི་དངུལ་ཆད་གཅོད་ངེས། ཆང་བཏུངས་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་ཁྲིམས་ཆད་བཅད་རྗེས། ཡང་བསྐྱར་ཆང་བཏུངས་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་ན། ཉིན༡༠མན་གྱི་བཀག་སྐྱིལ་བྱེད་པར་མ་ཟད། སྒོར༡༠༠༠ཡན་དང་སྒོར༢༠༠༠མན་གྱི་དངུལ་ཆད་གཅོད་པ་དང་། འཕྲུལ་སྒུལ་རླངས་འཁོར་གྱི་དཔང་ཡིག་རྩིས་མེད་དུ་གཏོང་ངེས། ར་བཟི་ནས་འཕྲུལ་སྒུལ་རླངས་འཁོར་བསྐོར་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་དྭངས་པའི་བར་དུ་ཚོད་བཀག་བྱེད་ངེས་པར་མ་ཟད། འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་རྩིས་མེད་དུ་གཏོང་བ་དང་། ཉེས་དོན་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་པའི་ཁར། ལོ༥ཡི་ནང་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་ཡང་བསྐྱར་ལེན་མི་ཆོག ཆང་བཏུངས་རྗེས་ལས་གཉེར་བྱེད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་ན། ཉིན༡༥ཡི་བཀག་སྐྱིལ་བྱེད་པར་མ་ཟད། སྒོར༥༠༠༠ཡི་དངུལ་ཆད་གཅོད་པ་དང་། འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་རྩིས་མེད་དུ་གཏོང་བའི་ཁར། ལོ༥ཡི་ནང་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་ཡང་བསྐྱར་ལེན་མི་ཆོག ར་བཟི་རྗེས་ལས་གཉེར་བྱེད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་དྭངས་པའི་བར་དུ་ཚོད་བཀག་བྱེད་ངེས་པར་མ་ཟད། འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་རྩིས་མེད་དུ་གཏོང་བ་དང་། ཉེས་དོན་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་པའི་ཁར། ལོ༡༠ཡི་ནང་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་ཡང་བསྐྱར་ལེན་མི་ཆོག འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་བླངས་རྗེས་ལས་གཉེར་བྱེད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་མི་ཆོག ཆང་བཏུངས་རྗེས་སམ་ཡང་ན་ར་བཟི་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ཚེ། ཚེ་གང་བོར་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་དཔང་ཡིག་ཡང་བསྐྱར་ལེན་མི་ཆོག

གྲོགས་པོ་ལགས། ཁྱེད་ནི་ཁྱིམ་ཚང་གི་གདུང་འདེགས་ཀ་བ་དང་། ལས་ཁུངས་དང་ཀུང་ཟིའི་རྐང་འཛིན། གཉེན་ཉེ་དང་གྲོགས་པོ་ཚོའི་གཟི་བརྗིད་ཡིན་པས། ཤ་ཆང་གི་མགྲོན་སྣ་ཚོགས་ཡོད་སྲིད་ཅིང་ཆང་ལ་བག་མེད་དུ་རོལ་གྱིན་ཡོད་པར་མ་ཟད། རྒྱུན་དུ་རླངས་འཁོར་བསྐོར་ནས་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱོང་མོད། འོན་ཀྱང་ཆང་བཏུངས་ནས་རླངས་འཁོར་བསྐོར་ན"ཁ་ལས"ལ་བལྟ་རྒྱུ་མེད་པས། ནམ་ཞིག་ལ་གོད་ཆགས་ཆེན་པོ་དེ"ཁ་ལས་ཅན"གྱི་སྟེང་ལ་འབྱུང་ངེས།

ཡང་བཤད་དགོས་པ་ཞིག་ནི། མཚོ་ལྷོ་འགྲིམ་འགྲུལ་ཉེན་རྟོག་པས་ཆང་བཏུངས་རྗེས་རླངས་འཁོར་བསྐོར་བར་རྡུང་རྡེག་དང་གཤེར་གཅོད་བྱེད་པའི་བློ་རྩ་འགྱུར་མི་སྲིད་ལ། ཤུགས་ཚད་ཇེ་ཆུང་དུ་འགྲོ་མི་སྲིད། ང་ཚོའི་ལས་ཀ་འདིར་ཁྱེད་ཀྱི་ནང་མིའི་རྒྱབ་སྐྱོར་ཐོབ་ངེས་པ་དང་། ཁྱེད་ཀྱི་འགོ་ཁྲིད་དང་ལས་གྲོགས་ཀྱི་རྒྱབ་སྐྱོར་ཐོབ་ངེས། སྤྱི་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ངེས། ང་ཚོའི་རེ་བ་ནི་ཐེངས་རྗེས་མར་ཆང་བཏུངས་ནས་རླངས་འཁོར་བསྐོར་བར་གཤེར་གཅོད་བྱེད་པའི་མིང་ཐོ་རུ་ཁྱེད་ཀྱི་མིང་མི་མཐོང་བར་སྨོན།

"ཁ་ལོ་བའི་ཨ་རག་ཁམ་གང་ནི། གཉེན་ཉེ་ཡི་ཚེ་གཅིག་མིག་ཆུ་ཡིན།" "རླངས་འཁོར་བསྐོར་ན་ཆང་མི་བཏུང་བ་དང་ཆང་བཏུངས་རྗེས་རླངས་འཁོར་མི་བསྐོར་བ།"སོགས་ནི་སྤྱིར་བཏང་གི་བསྒྲགས་ཡིག་ཙམ་མ་ཡིན་པར། དེའི་ཁྲོད་ཆང་གིས་བྱུར་སྣ་དྲངས་པའི་ཁྲག་དང་མིག་ཆུ་ཚད་མེད་འདུས་ཡོད་པ་དང་། དེའི་ཁྲོད་འགན་འཁྲི་དང་ཁག་ཁུར་གང་མང་མང་འདུས་ཡོད། ཆང་བཏུངས་རྗེས་རླངས་འཁོར་བསྐོར་བ་གཏན་འགོག་བྱེད་ན་གཙོ་བོ་རང་ཉིད་ལ་རག་ལས་ཤིང་། མི་གཞན་གྱིས་བཀག་འགོག་བྱེད་པ་དང་། བཅའ་ཁྲིམས་ཀྱི་ཉེས་ཆད་ནན་མོ་བཅས་མཐར་གཏུག་ན་ཁྱེད་དང་མི་གཞན་གྱི་བདེ་འཇགས་ཀྱི་ཆེད་དང་། ཁྱེད་དང་མི་གཞན་གྱི་བདེ་སྐྱིད་ཀྱི་འཚོ་བའི་ཆེད། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བའི་ཆེད་དུ་ཡིན་པས། ཁྱེད་ཀྱིས་བཟོད་གསོལ་དང་རམ་འདེགས། རྒྱབ་སྐྱོར་གནང་བར་མཁྱེན།

མཐར་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་བདེ་ཞིང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།

མཚོ་ལྷོ་ཁུལ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཕུལ།