གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ནུས་དང་ཁྲིད་སྟོན་བྱེད་ནུས།ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་གོང་མཐོར་གཏོང་དགོས།

གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ནུས་དང་ཁྲིད་སྟོན་བྱེད་ནུས།ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་གོང་མཐོར་གཏོང་དགོས།

ཚའེ་མིང་ཀྲའོ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བསམ་བློའི་ལས་ཀ་དྲིལ་བསྒྲགས་བྱེད་པའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་འོད་ཟེར་རབ་ཏུ་འཕྲོས་ཡོད། དེ་ནི་གནས་བབ་གསར་པའི་འོག་ཏང་གི་བསམ་བློའི་ལས་ཀ་དྲིལ་བསྒྲགས་བྱེད་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པ་ནི་སླད་ཕྱིན་དུས་སྐབས་ཤིག་རིང་གི་བསམ་བློའི་འཐབ་ཕྱོགས་དྲིལ་བསྒྲགས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཤིན་ཧྭ་གསར་འགྱུར་ཁང་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་གཙོ་ཤུགས་དང་ཐབས་ལམ་གཙོ་བོ་དང་འཐབ་ར་གཙོ་བོ་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས་ཤིང་། ཏན་ཏིག་སྒོས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས་ལ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་མཐུན་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཤིན་ཧྭ་གསར་འགྱུར་ཁང་ལ་བཏོན་པའི་གནས་ཐིག་དང་བླང་བྱའི་མཐའ་སྐོར་དུ་དམ་འབྲེལ་བྱེད་པ། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་ཀ་ཐད་ཤུགས་སྣོན་རྒྱག་པ་དང་། གནད་འགག་འཁེལ་སར་ཤུགས་སྣོན་རྒྱག་པ། ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ་བཅས་ཕྱོགས་ཡོངས་ནས་གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ནུས་དང་ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེད་བྱེད་ཚད་བཅས་མཐོར་འདེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པོར་ལག་བསྟར་བྱེད་དགོས།

འགན་འཁྲི་ཁོང་ཆུད་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པར་སྐུལ་སློང་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གནས་བབ་གསར་པའི་འོག་བསམ་བློའི་ལས་ཀའི་དྲིལ་བསྒྲགས་ལས་ཀ་ལེགས་འགྲུབ་བྱུང་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། “འདུ་ཤེས་བཞི་”ཇེ་དྲག་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་བཏང་ནས། རང་རྟོགས་ཀྱིས་དར་ཆ་མཐོན་པོར་བསྒྲེང་བ་དང་། དམངས་སེམས་འགུག་པ། མི་རབས་གསར་པ་སྐྱོང་བ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་བཞེངས་སྐྲུན་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དམངས་ཡོངས་ཀྱི་ཕུགས་བསམ་དད་མོས་དང་། རིན་ཐང་གི་ལྟ་བ། ཀུན་སྤྱོད་ཀྱི་ལྟ་བ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དམ་པོར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ལེགས་སྐྱེས་གང་ལེགས་འབུལ་དགོས། དར་ཆ་བསྒྲེང་བ་དང་། དམངས་སེམས་འགུག་པ། མི་རབས་གསར་པ་སྐྱོང་བ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་བཞེངས་སྐྲུན་བཅས་ཡིག་འབྲུ་འདི་དག་ནི། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་དམ་པོར་འབྲེལ་ཡོད་པ་དང་། མི་དམངས་ཀྱི་རེ་འདུན་དང་བསྟུན་ཡོད་ལ། དུས་རབས་ཀྱི་བརྗོད་གཞི་ལ་ཨ་ལན་སློག་ཡོད། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་མངོན་ཡོད་ལ། འཐབ་ཇུས་ཀྱི་གཙོ་གནད་འབུར་དུ་བཏོད་ཡོད། མ་ལག་ལྡན་ཞིང་ཆ་ཚང་བའི་སྒོ་ནས་གནས་བབ་གསར་པའི་འོག་བསམ་བློའི་འཐབ་ཕྱོགས་དྲིལ་བསྒྲགས་བྱེད་པར་གནས་པའི་འོས་འགན་དང་འགན་འཁྲི་གསལ་འགྲེལ་བྱས་ཡོད་ཅིང་། ཏང་ཀྲུང་དབྱང་གིས་བསམ་བློའི་ལས་ཀ་དྲིལ་བསྒྲགས་བྱེད་པར་བཏོན་པའི་གནས་ཐིག་དང་བླང་བྱ་མངོན་ཡོད། དེ་ནི་ང་ཚོས་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས་པའི་རྩ་བའི་ལས་ཀའི་ཕྱོགས་སྟོན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། འགན་འཁྲི་དང་འོས་འགན་འདི་ལེགས་འགྲུབ་བྱུང་དགོས་ན། “འདུ་ཤེས་བཞི་”བརྟན་པོར་འཛུགས་རྒྱུ་ནི་ཆབ་སྲིད་ཀྱི་སྔོན་འགྲོ་ཡིན་ཞིང་། རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་བརྟན་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འགན་འཁྲི་དང་འོས་འགན་འདི་ལེགས་འགྲུབ་བྱུང་དགོས་ན། “གདེང་ཚོད་བཞི་”ཇེ་དྲག་ཏུ་གཏོང་རྒྱུ་ནི་བསམ་བློའི་རྨང་གཞི་ཡིན། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་རྐང་ཚུགས་ཏེ་བསམ་བློའི་ཉིང་བཅུད་བསྡུ་ལེན་བྱ་དགོས་པ་དང་། ཡིད་ཆེས་དང་གཏིང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཀྲུང་གོའི་ལག་ལེན་ལ་རྒྱས་བཤད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལངས་ཕྱོགས་སུ་ལངས་ནས་རྒྱལ་སྤྱིའི་གནད་དོན་ལ་ལྟ་ཞིབ་བྱེད་པ་བཅས། བསམ་བློའི་ལས་ཀ་དྲིལ་བསྒྲགས་བྱེད་པར་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་རྣམ་པ་དང་ཀྲུང་གོའི་ཉམས་འགྱུར་མངོན་གསལ་ལྡན་པ་བྱེད་དགོས། འགན་འཁྲི་འདི་ལེགས་འགྲུབ་བྱུང་དགོས་ན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་གནད་འགག་ཡིན། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁ་ཕྱོགས་འཛིན་པ་དང་། ཁྲིད་ཕྱོགས་འཛིན་པ། གཡུལ་ས་དོ་དམ་བྱེད་པ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་དམ་འཛིན་བྱེད་པ། ཏང་གཤིས་ཀྱི་རྩ་དོན་དང་ཆབ་སྲིད་པས་གསར་འགྱུར་ཁང་གཉེར་བའི་བྱེད་ཕྱོགས་ཉིད་གསར་འགྱུར་སྙན་སྒྲོན་གྱི་མགོ་མཇུག་བར་གསུམ་དང་ལྷུ་ཚིགས་རེ་རེར་དོན་འཁྱོལ་ཡོང་བ་བྱེད་དགོས། འགན་འཁྲི་འདི་ལེགས་འགྲུབ་བྱུང་དགོས་ན། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་འདྲིལ་བྱེད་པ་ནི་འགག་གནད་ཡིན། གསར་འགྱུར་གླེང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ཞིག་དང་ཁྱབ་འགྱེད་བྱེད་ཤུགས་ཆེན་པོ་ཞིག་བསྐྲུན་དགོས་ན། མི་བརྒྱ་སེམས་གཅིག་ཡིན་པ་དང་། འབད་འཐབ་ཞུམ་མེད་ཀྱི་གླེང་ཕྱོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཤིང་། ཡིད་རྟོན་ཇེ་ཆེར་གཏོང་བ་དང་། དམངས་སེམས་འགུག་པ། མི་སེམས་ལ་དྲོ་བསྐྱེད་པ། སེམས་མཐུན་པོ་གཏོང་བ་བྱས་ཏེ། དམངས་ཡོངས་ཀྱི་ཕུགས་བསམ་དད་མོས་དང་། རིན་ཐང་གི་ལྟ་བ། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་སྟེང་མཐུན་སྒྲིལ་དམ་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་རྒྱ་སྐྱེད་གཏོང་དགོས་པ་དང་། མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

གོང་བུར་འདྲིལ་ཤུགས་དང་སྣེ་ཁྲིད་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་བསྐྲུན་དགོས་པ་དང་། དེ་ནི་ཏང་ཡོངས་དང་ལྷག་པར་དུ་བསམ་བློའི་འཐབ་ཇུས་དྲིལ་བསྒྲགས་བྱེད་པར་ཕྲག་ཏུ་འཁུར་དགོས་པའི་འཐབ་ཇུས་ཀྱི་འགན་འཁུར་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་དང་། བརྗོད་བྱ་གཙོ་བོ་ཤུགས་ཆེར་མཚོན་དགོས་པ། དྲང་ཕྱོགས་ཀྱི་ནུས་ཤུགས་སྟོབས་ཆེར་གཏོང་བ། གཙོ་རྒྱུག་གི་བསམ་བློའི་གླེང་ཕྱོགས་ཇེ་ཆེ་ནས་སྟོབས་ཆེར་གཏོང་བ་བཅས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་དཔའ་ངར་ལ་སྐུལ་སློང་དང་སེམས་ཤུགས་རྒྱས་པ་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་དུ་འཁེལ་བའི་གཟི་བརྗིད་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་བསྐྱོད་དགོས་ཞེས་བསྟན་ཡོད། དུས་རབས་གསར་པར་ང་ཚོས་འགན་འཁྲི་ལག་བསྟར་བྱེད་དགོས་ན། གཙོ་རྒྱུག་གི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་རང་གི་འགན་འཁུར་དུ་འཛིན་དགོས་པ་དང་། སེམས་མཐུན་སྒོར་དབྱིབས་ཆེས་ཆེ་བ་ཞིག་འབྲི་བར་འབད་བརྩོན་ལྷོད་མེད་བྱས་ནས། མི་དམངས་དུང་ཕྱུར་མང་པོའི་བསམ་བློ་དང་སྤྱོད་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོར་འཛིན་དགོས་པ་དང་། ལྟེ་བའི་ལས་ཀ་ལྟེ་བར་བཟུང་ནས་སྒྲུབ་པ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས། ཤིན་ཧྭ་གསར་འགྱུར་ཁང་གི་དབང་གྲགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེད་ལས་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ལས་སྒྲུབ་ཁང་དང་པོའི་”ནུས་པ་འདོན་སྤེལ་བྱེད་པ། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས་སོགས་གཙོ་གནད་སྤུས་རྟགས་ཅན་གྱི་ལེ་ཚན་ཁག་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་བ། གོམ་མང་མདུན་སྤོས་ཀྱིས་“སློབ་སྦྱོང་བྱེད་བཞིན་པ་”སོགས་ཀྱི་གཙོ་གནད་ལེ་ཚན་སྒྲིག་བཟོ་བྱེད་པ། མུ་མཐུད་དུ་ཚད་རིམ་རྩེར་སོན་གྱི་སྤུས་དག་བརྩམས་ཆོས་སྐུལ་སྤེལ་བྱེད་པ་སོགས་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མིའི་སེམས་སུ་ཟུག་པ་བྱེད་པ་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་དང་བརྟན་ལྷིང་དང་ངར་ཤུགས་སློང་བ་དང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཧུར་ཐག་སྒོས་དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཉིད་གཞི་རིམ་དུ་གནས་པ་”དང་། “དུས་རབས་གསར་པར་བྱེད་སྒོ་གསར་པ་དང་ཚན་པ་གསར་པ་”སོགས་ཀྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་བྱེད་པ་རྩ་འཛུགས་གང་ལེགས་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དག་ཐད་གཏོང་གང་ལེགས་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་གསར་པ་དང་འབུར་དུ་ཐོན་པའི་གྲུབ་འབྲས་གསར་པ་དག་ཕྱོགས་ཡོངས་ནས་མངོན་པ་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལས་མི་དམངས་ཀྱི་འཚོ་བར་ཐོན་པའི་འགྱུར་ལྡོག་ཆེན་པོ་དག་གསོན་ཉམས་ལྡན་པའི་ངང་མཚོན་པ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་ཆེར་ཏན་ཏིག་གཏོང་དགོས། ཚ་ངར་ཅན་གྱི་གནད་དོན་ལ་ཁྲིད་སྟོན་དང་གླེང་ཕྱོགས་ལ་ལྟ་སྐུལ་བྱེད་པ་ཤུགས་ཆེར་གཏོང་བ་དང་། རང་འགུལ་གྱིས་ཁྲིད་སྟོན་བྱེད་པ་དང་། དུས་ཐོག་ཏུ་ཁྲིད་སྟོན་བྱེད་པ། གཏིང་ཟབ་མོའི་ཁྲིད་སྟོན་བྱེད་པ། ནུས་ལྡན་ངང་ཁྲིད་སྟོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་དོ་ཁུར་ཐད་ལ་དུས་ཐོག་ཏུ་ཨ་ལན་སློག་པ། སྤྱི་ཚོགས་ཀྱི་དམིགས་བྱ་ལ་ཁྲིད་སྟོན་འོད་འཚམས་བྱེད་པ། དོགས་པ་ལ་གསེད་འགྲེལ་དང་ཐེ་ཚོམ་སེལ་བ། བློ་བདེ་པོ་མིན་པར་གསལ་བཀྲོལ་བྱེད་པ། འགལ་ཟླ་སེལ་བ། ཐུན་མོང་གི་ངོས་འཛིན་གཅིག་འདྲིལ་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱུ་མཚན་ཡོད་པ་དང་ཕན་ཐོགས་ཡོད་པ་དང་མཚམས་ཚིགས་ཡོད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་གླེང་ཕྱོགས་འཐབ་རྩོད་སྤེལ་དགོས། གནད་ཆེ་བའི་ཆབ་སྲིད་ཀྱི་རྩ་དོན་དང་ཡིན་མིན་ཆེན་པོའི་གནད་དོན་སྟེང་ཁ་ཕྱོགས་གཏན་འཁེལ་གྱིས་དར་ཆ་སྒྲེང་ཕོད་པ་དང་བསམ་ཚུལ་བསྒྲགས་ཕོད་པ། ནོར་འཁྲུལ་གྱི་ལྟ་ཚུལ་དང་ནོར་འཁྲུལ་གྱི་གཏམ་བརྗོད་སྣ་ཚོགས་ལ་དར་ཆ་གསལ་པོའི་སྒོ་ནས་དགག་ལན་སྤྲད་དེ། ནོར་འཁྲུལ་ཡོ་བསྲང་དང་ཡིན་མིན་གསལ་འབྱེད་བྱེད་དགོས།

ཁྱབ་སྤེལ་བྱེད་པའི་ཐབས་ཤེས་དང་གཏམ་བརྗོད་བྱེད་ཐབས་གསར་གཏོད་བྱེད་པ་དང་། དེང་རབས་ཅན་གྱི་ཆ་ཚང་བའི་སྨྱན་སྦྱོར་གྱི་ཁྱབ་སྤེལ་མ་ལག་སྒྲིག་བཟོ་བྱེད་དགོས།

བསམ་བློ་དྲིལ་བསྒྲགས་བྱེད་པའི་ལས་ཀས་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་དང་། དུས་རབས་ཀྱི་སྔོན་བརྡ་བསྒྲགས་པ་ཡིན་པས། ངེས་པར་དུ་སྒྱུར་བཅོས་དང་གསར་གཏོད་རྒྱུན་འཁྱོངས་དང་། བློ་སེམས་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། བརྒྱུད་སྒྲོག་གི་ཐབས་ཤེས་དང་སྨྲ་བརྗོད་བྱེད་སྟངས་ཀྱི་གསར་གཏོད་ལ་ཤུགས་བསྣན་ཏེ། ཏང་གིས་གསར་གཏོད་གནང་བའི་རིགས་པའི་གཞུང་ལུགས་ཉིད་མི་དམངས་མང་ཚོགས་ཀྱིས་གོ་བར་བྱེད་དགོས་ཞེས་གསུངས། མིག་སྔར། འཛམ་གླིང་གི་སྨྱན་སྦྱོར་ལས་རིགས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་བྱུང་བཞིན་ཡོད་ཅིང་། གླེང་ཕྱོགས་ཀྱི་གནས་བབ་དང་། བརྒྱུད་སྒྲོག་བྱེད་སྟངས། གསར་འགྱུར་དཔེ་དབྱིབས་སོགས་ཚང་མར་འགྱུར་ལྡོག་སྣ་མང་འབྱུང་བཞིན་ཡོད་ལ། གོ་སྐབས་དང་འགྲན་སློང་མཉམ་གནས་དང་། རྒྱུས་ཡོད་ལས་རྒྱུས་མེད་མང་བ་བཅས་ཀྱིས། གལ་སྲིད་གསར་གཏོད་ཀྱི་གོམ་སྟབས་ཕྱེད་ཙམ་དལ་བར་བྱས་ནའང་རྗེས་སུ་ལུས་སྲིད་པ་རེད། ང་ཚོས་གསར་གཏོད་ཀྱི་སྙིང་སྟོབས་འཛུགས་པ་དང་། གསར་གཏོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། འཕོ་འགྱུར་དང་རང་འགུལ་གྱིས་བསྟུན་པ་དང་། འཕོ་འགྱུར་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ། ཧུར་ཐག་སྒོས་སྒྱུར་བཅོས་ལ་སྣེ་ཁྲིད་པ་བཅས་དང་། སྟོབས་ཤུགས་ཡོད་རྒུས་རྣམ་པ་མང་ཞིང་བྱེད་ཐབས་སྔོན་ཐོན་ཡིན་པ། འགྲན་རྩོད་བྱེད་ཤུགས་ཆེ་བའི་རྣམ་པ་གསར་རྐྱང་གི་གཙོ་རྒྱུག་སྨྱན་སྦྱོར་ཞིག་སྒྲིག་བཟོ་བྱེད་དགོས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་འགྱུར་བརྒྱུད་སྒྲོག་མ་ལག་ཅན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཤིན་ཧྭ་གསར་འགྱུར་ཁང་གི་ཁྱད་ཆོས་དང་མཚམས་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ། མཉམ་འདྲེས་ཀྱི་འཕེལ་རྒྱས་དང་མཐུན་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་ལས་ཀའི་གོ་རིམ། ལས་སྒོ་སྤེལ་སྟངས་བཅས་འཛུགས་པ་དང་འཐུས་ཚང་བཟོ་བ། ཆ་འཕྲིན་གྱི་ནང་དོན་དང་ལག་རྩལ་བཀོལ་སྤྱོད། མཐའ་སྣེའི་ལས་སྟེགས། ཤེས་ལྡན་མི་སྣའི་དཔུང་ཁག དོ་དམ་ཞབས་ཞུ་དང་མཉམ་སྤྱོད་མཉམ་འདྲེས་སྐུལ་འདེད་གཏོང་བ་བཅས། སྔ་མོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་“ཁྱོད་ནི་ང་དང་། ང་ནི་ཁྱོད་ཡིན་པའི་”གཏིང་ཟབ་མོའི་མཉམ་འདྲེས་མངོན་འགྱུར་ཡོང་བ་བྱེད་དགོས། ཤིན་ཧྭ་གསར་འགྱུར་ཁང་གི་དངོས་གཞིའི་ལས་སྒོར་དམིགས་ནས། སྤྱོད་མཁན་མི་འདྲ་བར་ཁ་ཕྱོགས་པ་དང་དགོས་མཁོ་སྣ་མང་སྐོང་ཐུབ་པའི་ཆེད་དུ་སྨྱན་སྦྱོར་ཡོངས་ཀྱི་དྲ་བའི་རྩོམ་ཡིག་འདོན་སྤྲོད་བྱེད་པའི་མ་ལག་འཛུགས་སྐྲུན་ནུས་ལྡན་གཏོང་བ་དང་། རང་གཤིས་ཅན་གྱི་གཏན་འཁེལ་སྒྲིག་སྲོལ་དང་། གནད་སྨིན་ཅན་གྱི་ཐོན་སྐྱེད། རིག་ནུས་ཅན་གྱི་མྱུར་འཕྲིན་མཉམ་གཏོང་ཆུ་ཚད་བཅས་མཐོར་འདེགས་སུ་བཏང་ནས། འཛད་སྤྱོད་པར་བརྙན་ཐུང་དང་འགུལ་རིས་ཐུང་ངུའི་རིགས། འགུལ་རིས་གསར་འགྱུར། གཞི་གྲངས་རེའུ་མིག་སོགས་ཐོན་རྫས་ཐུང་ཞིང་ཉུང་བའི་རིགས་འདོན་སྤྲོད་བྱེད་དགོས། གསར་འགྱུར་དྲིལ་བསྒྲགས་ལག་ལེན་ཁྲོད་ཀྱི་སྤྲིན་རྩིས་དང་གཞི་གྲངས་ཆེན་མོ། དངོས་སྦྲེལ་དྲ་བ། མིའི་ཐབས་ལ་བརྟེན་པའི་རིག་ནུས་སོགས་དྲ་རྒྱའི་ཆ་འཕྲིན་ལག་རྩལ་གསར་ཤོས་རིགས་ཀྱི་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་ནང་གི་མིའི་ཐབས་ལ་བརྟེན་པའི་རིག་ནུས་ལས་སྟེགས་ཐོག་མ་“སྨྱན་སྦྱོར་ཀླད་ཆེན་”རྨང་གཞི་བྱས་པའི་རིག་ནུས་ཅན་གྱི་རྩོམ་སྒྲིག་སྡེ་ཁག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་པ་དང་། མིའི་ཐབས་ལ་བརྟེན་པའི་རིག་ནུས་ལག་རྩལ་རྨང་གཞི་བྱས་པའི་མཐོང་བའི་རང་བཞིན་ཅན་གྱི་ཐོན་རྫས་མང་པོ་སྒྲིག་བཟོ་བྱེད་པ་བཅས་ཀྱིས། གསར་འགྱུར་ཆ་འཕྲིན་གྱི་ཐོན་སྐྱེད་དང་ཁྱབ་བསྒྲགས་ནུས་ཆོད་ཆེས་ཆེར་མཐོ་རུ་གཏོང་དགོས། སྒུལ་འཕྲིན་མཐའ་སྣེ་ལ་ཕྱོགས་དགོས་ཏེ། བརྙན་ཐུང་དང་སྨྱན་སྦྱོར་གསར་པ་སོགས་འདོན་སྤྲོད་བྱེད་སའི་ཆེད་སྤྱོད་ཀྱི་སྐུད་ལམ་ཡག་པོ་བཟོ་དགོས་པ་དང་། སྨྱན་སྦྱོར་གསར་པའི་ལས་སྟེགས་གཙོ་བོ་དང་ཨང་གྲངས་གཙོ་བོ་སྤུས་དག་ཅིང་སྟོབས་ཆེ་བར་བཟོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ་དང་ཤིན་ཧྭ་དྲ་བའི་རིམ་འཇུག་གསར་སྒྱུར་བྱེད་པ་མགྱོགས་སུ་གཏོང་བ། སྨྱན་སྦྱོར་ཐོན་ཁུངས་མཉམ་འདུས་ལས་སྟེགས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱ་ཆེར་གཏོང་བ། ཁྲིམས་མིའི་པོད་འཕྲིན་ཨང་གྲངས་དང་ཁྲིམས་མིའི་སྐད་འཕྲིན་སྤྱི་སྟེགས་སྤྱོད་མཁན་གྱི་ཚ་ངར་མཐོ་རུ་གཏོང་བ་བཅས། ཁྱབ་འགྱེད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་དྲིལ་བསྒྲགས་ཀྱི་མ་ལག་ཅིག་སྒྲིག་བཟོ་བྱས་ཏེ། འགྱུར་རྐྱེན་ཆེ་བའི་འཕྲིན་འབྲེལ་དྲ་བ་འདི་ཉིད་ལས་ཀ་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

ཤུགས་བརྒྱབ་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། སྔར་ལས་སྙན་པའི་ཀྲུང་གོའི་སྐད་སྒྲ་ཡག་པོ་སྒྲོག་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁོད་ཡངས་པའི་མིག་རྒྱ་དང་བརྗིད་ཉམས་ལྡན་ཞིང་ཁྱོན་ཡངས་པའི་བྱེད་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་འཆར་འགོད་བྱས་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་གོ་གནས་དང་ནུས་པ་ལ་ལོ་རྒྱུས་རིང་བཞིན་ལྡན་པའི་མཐོར་འདེགས་བྱུང་ནས། ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་འབྱུང་ཡུལ་དང་བརྟན་ལྷིང་གི་ཡོ་བྱད་དུ་གྱུར་ཡོད། ང་ཚོའི་འཕེལ་རྒྱས་ཀྱི་ལྟ་བ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ། འཕེལ་རྒྱས་ཀྱི་འགྲོ་སྟངས་བཅས་ལ་འཛམ་གླིང་ཐོག་ཡིད་འགུག་གི་ནུས་པ་ཆེན་པོ་བསྐྱེད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དོ་ཁུར་བྱེད་ཚད་དང་། ངོས་ཟིན་བྱེད་ཚད། རེ་སྒུག་བྱེད་ཚད་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་རེས་གནང་བའི་གསུང་བཤད་གལ་ཆེན་ལས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་ནས་གོང་མཐོར་གཏོང་བ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་ཡུལ་ལ་དབྱེ་བ་འབྱེད་པ། ཇུས་བསྟར་གནད་དུ་འཁེལ་བ་བྱེད་པ་བཅས། རང་འགུལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པ་དང་། རང་འགུལ་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཏམ་རྒྱུད་བརྗོད་པ་དང་། རང་འགུལ་གྱིས་ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་ངང་དམིགས་འབེན་མངོན་འགྱུར་བྱེད་པའི་གཏམ་རྒྱུད་བརྗོད་པ། རང་འགུལ་གྱིས་ཀྲུང་གོའི་ཞི་བའི་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་པའི་གཏམ་རྒྱུད་བརྗོད་པ་བཅས་ཀྱིས་འཛམ་གླིང་ཡོངས་ལ་ཀྲུང་གོ་རྒྱུས་ལོན་ཡོད་པ་བྱེད་དགོས། ཤིན་ཧྭ་གསར་འགྱུར་ཁང་ནི་ཏང་གི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་ཀའི་གཙོ་ཤུགས་དམག་ཡིན་པའི་ཆ་ནས། ཀྲུང་གོ་ཉིད་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་ཇེ་ཉེར་འགྲོ་བཞིན་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་དང་། ཕྱི་ནང་གཉིས་ཀ་གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་ཤུགས་བརྒྱབ་པས་ན། རྒྱལ་སྤྱིའི་ཁྱབ་བསྒྲགས་ནུས་པའི་ལེགས་སྐྱོང་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་འབུར་ཐོན་བླངས་ཡོད་པ་དང་། རྒྱལ་སྤྱིའི་རྩེ་གྲས་ཀྱི་རྣམ་པ་གསར་པའི་འཛམ་གླིང་རང་བཞིན་ཅན་གྱི་འཕྲིན་སྤེལ་ཁང་འཛུགས་སྐྱོང་ཇེ་མགྱོགས་སུ་ཕྱིན་ཡོད་པ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གོ་བབ་དང་འཚམ་པའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་གྲུབ་ཡོད་པ་བཅས་ཀྱིས། འཛམ་གླིང་ཡོངས་ལ་ཀྲུང་གོའི་སྐད་སྒྲ་གསལ་པོ་ཐོས་སུ་བཅུག་ཡོད། ཕྱི་ཕྱོགས་སུ་སྐད་ཆ་ཤོད་པའི་མ་ལག་གསར་གཏོད་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཉིད་སྨྲ་བརྗོད་གསར་གཏོད་ཀྱི་གཙོ་བོའི་གཙོ་བོ་རུ་བཟུང་ནས། རྒྱལ་ཁབ་མཐོ་རིམ་གྱི་རིག་མཛོད་ནུས་པ་འདོན་སྤེལ་བྱེད་པ་དང་། ཆེད་དམིགས་ཀྱི་དཔུང་སྡེ་རྩ་འཛུགས་བྱས་ནས་ཞིབ་འཇུག་དང་། དམིགས་གཏད་རང་བཞིན་གྱིས་ཕྱོགས་བསྡོམས་གསར་པ་དང་མཚོན་ཚུལ་གསར་པ་བཟོ་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་རྒྱལ་སྐྱོང་ཐབས་ཇུས་གཏིང་ཟབ་མོ་རྒྱས་བཤད་བྱེད་དགོས། ཕྱི་ཕྱོགས་སུ་བརྒྱུད་སྒྲོག་བྱེད་པའི་གྲོས་གཞིའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཀྲུང་གོ་དང་འབྲེལ་བའི་གླེང་ཕྱོགས་ཚ་ངར་ཅན། རྒྱལ་སྤྱིའི་གནད་དོན་གལ་ཆེན་བཅས་དང་འབྲེལ་ནས། བརྗོད་གཞི་ཇུས་འགོད་གང་ལེགས་བྱས་ཏེ། རང་འགུལ་གྱིས་སྨྲ་བ་བརྗོད་པ་དང་། ཀྲུང་གོའི་ལངས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས་གསལ་འགྲེལ་བྱེད་པ། ཀྲུང་གོའི་འདུ་ཤེས་དྲིལ་བསྒྲགས་བྱེད་པ། ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་པ་བཅས། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་སྣང་བརྙན་བཞེངས་བསྐྲུན་བྱེད་དགོས། ཕྱི་ཕྱོགས་སུ་བརྗོད་གཞི་འདོན་སྤྲོད་བྱེད་པའི་ལམ་ཐིག་གི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་མཐོ་རུ་གཏོང་བ་དང་། ཕྱི་ཕྱོགས་སུ་ཆ་འཕྲིན་སྤེལ་བའི་རང་བཟོ་བྱས་པའི་ཚད་དང་། དྲིལ་བསྒྲགས་ཐོག་མ་བྱེད་ཚད། དངོས་ཐོག་ཏུ་འབབ་ཚད་བཅས་མཐོ་རུ་གཏོང་དགོས། དབྱིན་ཡིག་གི་བརྗོད་གཞི་འདོན་སྤྲོད་བྱེད་པ་མ་གཞི་བྱས་ཏེ་སྐད་རིགས་སྣ་མང་གི་བརྗོད་གཞི་འདོན་སྤྲོད་བྱེད་པའི་ལམ་ཐིག་དང་མཉམ་དུ་ཤུགས་རྒྱག་པའི་ཕྱི་ཕྱོགས་སུ་བརྗོད་གཞི་འདོན་སྤྲོད་བྱེད་པའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོ་ཁྱབ་པའི་གསར་འགྱུར་དྲིལ་བསྒྲགས་དྲ་རྒྱ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་ས་ཁོངས་ཅན་གྱི་བརྗོད་གཞི་འདོན་སྤྲོད་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། བྱ་ཡུལ་དབྱེ་འབྱེད་དང་ཇུས་གཞི་གནད་འཁེལ་བཟོ་བ་རྒྱུན་འཁྱོངས་དང་། “རྒྱལ་ཁབ་གཅིག་ལ་སྲིད་ཇུས་གཅིག་”གི་བླང་བྱ་ལྟར། རྒྱལ་ཁབ་སོ་སོའི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་དོན་དངོས་དང་མཐུན་ལ་སྣ་མང་ཞིང་གསོན་ཉམས་ལྡན་པའི་གསར་འགྱུར་བརྗོད་གཞི་དང་སྤྱོད་མཁན་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་། གསར་འགྱུར་ཆ་འཕྲིན་ཐོན་རྫས་ཕྱི་རྒྱལ་དུ་ཁྱབ་རྒྱ་སྔར་ལས་ཆེ་བའི་སྒོ་ནས་དོན་འཁྱོལ་གཏོང་བར་སྐུལ་འདེད་གཏོང་བ་བཅས། ཤིན་ཧྭ་གསར་འགྱུར་ཁང་གི་ཁེབས་རྒྱ་དང་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་དུ་རྒྱ་སྐྱེད་གཏོང་དགོས།

ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གསར་འགྱུར་ལས་ཀའི་དཔུང་སྡེ་རྩེ་གྲས་འཛུགས་སྐྱོང་བྱེད་དགོས།

བསམ་བློ་དྲིལ་བསྒྲགས་བྱེད་པ་ནི་ཏང་གི་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དེ་ནི་བསམ་བློ་དྲིལ་བསྒྲགས་བྱེད་པའི་ལས་ཀའི་རྩ་བའི་འགན་ལེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་སུ་བསྟན་དོན། ཏང་གིས་བསམ་བློ་དྲིལ་བསྒྲགས་བྱེད་པའི་ལས་ཀ་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དར་ཆ་གསལ་སྒྲེང་གིས་ཏང་གིས་དྲིལ་བསྒྲགས་ལས་ཀ་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་ཏང་གི་བསམ་བློ་དྲིལ་བསྒྲགས་བྱེད་པའི་ལས་ཀ་དཔུང་དག་གི་ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྱོང་བཅས་ཐད་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་གསལ་པོར་བསྟན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་གཏོང་བ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བྱ་བ་སྒྲུབ་ལུགས་ལ་སྒྱུར་བཅོས་བྱེད་པ་དང་། འགན་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ། དོན་དངོས་སུ་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པ་དང་ནུས་པ་ཆེ་བ། གསར་གཏོད་བྱེད་པ། རྒྱལ་ཁ་ལེན་ཐུབ་པ་ཞིག་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཏེ། རྐང་ཤུགས་དང་མཐོང་ཤུགས། ཀླད་ཤུགས། འབྲི་རྩལ་བཅས་ནི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་གཙོ་གནད་དུ་འཛིན་རྒྱུ། ཡུལ་དངོས་རྟོག་ཞིབ་ཀྱི་ཞིབ་འཇུག་བྱ་ཐབས་སྤྱོད་པ། དུས་རབས་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀ་འགན་ལྕི་འཁུར་ཐུབ་པའི་དཔུང་སྡེ་རྩེ་གྲས་ཤིག་འཛུགས་སྐྱོང་བྱེད་དགོས། རྐང་ཤུགས་ཆེ་རུ་གཏོང་དགོས་ཏེ། བཅའ་འདྲི་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་པ། རྩོམ་སྒྲིག་པ་དང་གསར་འགོད་པས་དོན་དངོས་ལ་རྟོག་ཞིབ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ། འཚོ་བར་དངོས་སུ་ཞུགས་པ་བཅས་མི་དམངས་མང་ཚོགས་དང་མཉམ་བཟའ་མཉམ་འཐུང་མཉམ་འདུག་མཉམ་འགྲོ་བྱེད་དགོས་ཤིང་། སེམས་གནད་དུ་ཕབ་ནས་དོན་དངོས་ལ་རྟོག་ཞིབ་དང་། ལྷད་མེད་ཀྱི་བརྩེ་བ་བཅངས་ནས་མི་དམངས་མང་ཚོགས་དང་ཆུ་དང་ཉ་མོའི་འབྲེལ་བ་ཆགས་པ་ལྟར། དོན་དངོས་ཀྱི་སྟེང་ནས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཞུགས་དགོས། མཐོང་ཤུགས་ལ་ཤུགས་སྣོན་རྒྱག་དགོས་ཏེ། ལྟ་ཞིབ་ནུས་པ་དང་ཤེས་རྟོགས་ནུས་པར་ཤུགས་རྒྱག་དགོས་ཤིང་། ཕྱི་ཚུལ་ལ་བརྟེན་ནས་བྱ་དངོས་ཀྱི་འཕེལ་ཕྱོགས་དང་ངོ་བོ་འཛིན་ཐུབ་བྱ་རྒྱུ་དང་། བྱ་དངོས་འཕེལ་རྒྱས་ཀྱི་ནང་གནས་ཀྱི་ཆོས་ཉིད་དང་ཕན་ཚུན་བར་གྱི་འབྲེལ་བ་ཤེས་དགོས་ལ། གནད་འགག་བཟུང་ནས་གསར་འགྱུར་གྱི་རིན་ཐང་དང་དཔེར་མཚོན་གྱི་བརྗོད་གཞི་སྔོག་འདོན་བྱེད་དགོས་པ་བཅས། གཞན་གྱི་མ་མཐོང་བ་མཐོང་བ་དང་། གཞན་གྱིས་མ་རྟོགས་པ་རྟོགས་པར་བྱས་ནས། གསར་འགྱུར་སྙན་སྒྲོན་གྱི་“མིག་ཤུགས་རྣོན་པོ་”ལྡན་པ་བྱེད་དགོས། ཀླད་ཤུགས་ཆེ་རུ་གཏོང་དགོས་ཏེ། བརྡར་གཅོད་ཀྱི་ནུས་པ་དང་དབྱེ་འབྱེད་ནུས་པར་ཤུགས་རྒྱག་དགོས། ཁྱད་པར་དུ་ཆབ་སྲིད་ཀྱི་བརྡར་གཅོད་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་དགོས། དོན་དག་ཆེ་འབྲིང་ཆུང་གསུམ་ཚང་མར་ཆབ་སྲིད་གཙོ་བོ་འཛིན་དགོས་ཤིང་། ཆབ་སྲིད་ཀྱི་སྟེང་ནས་གནད་དོན་ལ་དབྱེ་ཞིབ་དང་གནས་བབ་ལ་དབྱེ་འབྱེད། སྙན་ཞུ་སྒྲིག་བཟོ། ཞིབ་བཤེར་གཏན་འབེབས་བཅས་བྱེད་དགོས་པ་དང་། གསར་འགྱུར་སྙན་སྒྲོན་བྱེད་དུས་ཀྱི་ཚད་གཞི་དང་གྲུབ་འབྲས་ལ་གདེང་ཚོད་ལེན་དགོས་པ་བཅས། ཁྱོན་ཡོངས་ལ་ལྟ་བ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཁྱོན་ཡོངས་ལ་ཕན་ཐོགས་པ་བཅས་ཏན་ཏིག་གིས་སྒྲུབ་དགོས། འབྲི་རྩལ་ཇེ་ལེགས་སུ་གཏོང་དགོས་ཏེ། ཚིག་སྦྱོར་སྤེལ་སྟངས་དང་དྲིལ་བསྒྲགས་ཀྱི་ནུས་པའི་ཐད་ཤུགས་རྒྱག་དགོས། རྩོམ་འབྲི་བྱེད་སྟངས་དང་གསར་འགྱུར་གྱི་བཟོ་དབྱིབས། དྲིལ་བསྒྲགས་བྱེད་སྟངས་བཅས་ཀྱི་ཐད་ཧུར་ཐག་སྒོས་གསར་གཏོད་བྱེད་དགོས། འཚོ་གནས་བྱེད་བཞིན་པའི་མི་སྣའི་གཏམ་རྒྱུད་དང་མང་ཚོགས་ཀྱི་སྐད་ཆ་མང་དུ་སྤྱོད་པ་ལས། ལྐོག་གྱུར་གྱི་ནང་དོན་ཅན་དང་སློབ་ཁྲིད་བྱེད་པ་ལྟ་བུའི་ཆ་ལུགས་མངོན་པ། དོན་མེད་ཀྱི་འབོད་ཚིག་སྒྲོག་པ་སོགས་མང་མི་རུང་ལ། བརྩམས་ཆོས་སྤུས་ལེགས་ཅན་མང་དུ་འདོན་པ་སྐུལ་འདེད་གཏོང་དགོས་པ་སོགས། མི་དམངས་མང་ཚོགས་ལ་སྤྲོ་བ་སྟེར་ཐུབ་པའི་གསར་འགྱུར་སྤེལ་དགོས། “ནུས་ཤུགས་བཞི་”འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་བརྒྱུད་ནས། རྩོམ་སྒྲིག་པ་དང་གསར་འགོད་པ་དངོས་ཡོད་འཚོ་བའི་ཁྲོད་དུ་ཞུགས་ནས་སྦྱོང་བརྡར་དང་། མིག་རྒྱ་སྐྱེད་པ། ནུས་རྩལ་སྦྱོང་བ་སོགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་ལེན་གྱི་ཉམས་མྱོང་དང་སྦྱོང་བརྡར་གང་ལེགས་བྱས་པ་བརྒྱུད་དེ་ཀུན་སྤྱོད་ཇེ་ལེགས་དང་རྩོམ་རྩལ་ཇེ་ལེགས་སུ་གཏོང་བ། ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་བཏང་སྟེ། ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས།

སངས་རྒྱས་ཀྱིས་བསྒྱུར།