འགན་ཁུར་ཕོད་པ་དང་དོན་སྒྲུབ་ཕོད་པར་བྱས་ཏེ་བསམ་བློ་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།

འགན་ཁུར་ཕོད་པ་དང་དོན་སྒྲུབ་ཕོད་པར་བྱས་ཏེ་བསམ་བློ་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།

དེབ་འདིའི་དཔྱད་གཏམ་པ།

དུས་རབས་གསར་པར་གཞི་ཚུགས་པ་དང་། གནས་བབ་གསར་པ་སྟངས་འཛིན། འགན་འཁྲི་གསར་པ་ཁུར་ལེན། ལས་འགན་གསར་པ་ལེགས་འགྲུབ། རྣམ་པ་གསར་པ་གསར་གཏོད་བཅས་བྱེད་དགོས། མཇུག་སྒྲིལ་མ་ཐག་པའི་རྒྱལ་ཡོངས་བསམ་བློ་དྲིལ་བསྒྲགས་ལས་ཀའི་ཚོགས་འདུ་ནི་ཏང་ཀྲུང་དབྱང་གིས་བསྡུས་པའི་ཧ་ཅང་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བསྟར་བ་དང་། བསམ་བློ་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་པ་གཏོད་པར་སྐུལ་སྤེལ་གཏོང་བའི་སྤྱི་ཡོངས་རང་བཞིན་གྱི་ཚོགས་འདུ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་བསམ་བློ་དྲིལ་བསྒྲགས་ལས་ཀའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་ཕྱོགས་བསྡོམས་ཟབ་མོ་གནང་བ་དང་། དུས་རབས་གསར་པར་རང་རེའི་ཏང་གིས་བསམ་བློ་དྲིལ་བསྒྲགས་ལས་ཀར་འགོ་ཁྲིད་དང་སྐུལ་འདེད་བཏང་སྟེ་ཆགས་པའི་དགོངས་པ་གལ་ཆེན་ལ་རྒྱུད་ཁོངས་ཚང་བའི་སྒོ་ནས་རྒྱས་བཤད་གནང་བ། གནས་བབ་གསར་པའི་ཏང་གི་བསམ་བློ་དྲིལ་བསྒྲགས་ལས་ཀའི་འགན་འཁྲི་དང་ལས་འགན་དང་གཙོ་གནད་ལས་ཀར་ཚན་རིག་དང་མཐུན་པའི་རྒྱས་བཤད་གནང་བ། ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་གནང་བ་བཅས་ཀྱིས་ཐོག་ནས་ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་ལེགས་པོར་སྒྲུབ་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱིས་སྤྱི་ཡོངས་སྡེབ་འཛིན་བྱས་པ་དང་། མིག་རྒྱང་རིང་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པ་བཅས་ཡིན་པས། ཆབ་སྲིད་རང་བཞིན་དང་། བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པ་དང་། འཐབ་ཇུས་ཀྱི་མཐོང་རྒྱ་ཡངས་པོ་དང་། ཆབ་སྲིད་ཀྱི་བསམ་གཞིག་ཟབ་མོ། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོ་བཅས་མཚོན་ཡོད་པ་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ཏེ། གནས་བབ་གསར་པའི་ནང་བསམ་བློ་དྲིལ་བསྒྲགས་ལས་ཀ་ལེགས་པོར་སྒྲུབ་པར་ཧ་ཅང་གལ་ཆེ་བའི་མཛུབ་སྟོན་རང་བཞིན་ལྡན་ཡོད། ཏང་ཡོངས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། གནས་བབ་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀའི་འགན་འཁྲི་དང་ལས་འགན་རང་རྟོགས་ཀྱིས་ཁུར་དུ་ལེན་པ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པ། འགན་ཁུར་ཕོད་ཅིང་ལས་བྱེད་ཕོད་པ་བཅས་བྱས་ཏེ། བསམ་བློ་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།

ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དྲིལ་བསྒྲགས་ལས་ཀར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློ་དྲིལ་བསྒྲགས་ལས་ཀ་ཁྱོན་ཡོངས་ལས་ཀའི་གནད་ཆེ་སར་བཞག་ཅིང་། ཏང་གིས་འདུ་ཤེས་འཛིན་སྟངས་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། བཀོད་ཇུས་གལ་ཆེན་རབ་དང་རིམ་པ་བཤམས་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བསྟར་བ། དར་ཆ་གསལ་སྒྲེང་དང་། རྨང་གཞི་བརྟན་བཟོ། རྩ་སྲོང་ཁུངས་དག་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གལ་ཆེའི་ཆབ་སྲིད་འཐབ་རྩོད་རྒྱལ་ཁ་ཐོབ་པར་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཡོངས་ལ་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་བྱས་ཡོད། ལྷག་པར་དུ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མིའི་སེམས་སུ་ཟབ་མོར་ཟུག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཁྱབ་ཆེར་བཏང་བ། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། རིག་གནས་ཀྱི་གདེང་ཚོད་མངོན་པར་གསལ་བ། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟོ་ཤུགས་ཤིན་ཏུ་ཇེ་ཆེར་ཕྱིན་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་བསམ་བློའི་ཐད་མཐུན་སྒྲིལ་གཅིག་གྱུར་སྔར་ལས་ཇེ་བརྟན་དུ་གྱུར་པ་བཅས་བྱུང་ཡོད། ལག་ལེན་གྱིས་ར་འཕྲོད་བྱུང་ཡོད་པ་ནི། ཏང་ཀྲུང་དབྱང་གི་བསམ་བློ་དྲིལ་བསྒྲགས་ལས་ཀའི་སྐོར་གྱི་ཇུས་བཀོད་གཞི་ནས་ཡང་དག་ཡིན་པ་དང་། བསམ་བློ་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་རྣམས་ནི་རྦད་དེ་ཡིད་ཆེས་བྱེད་རུང་བ་ཡིན་པ་དེའོ། །

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཏུ། ང་ཚོའི་ཏང་གིས་ལག་ལེན་ཁྲོད་བསམ་བློ་དྲིལ་བསྒྲགས་ལས་ཀའི་ཆོས་ཉིད་རང་བཞིན་ལ་རྒྱུན་ཆད་མེད་པར་ངོས་འཛིན་ཇེ་ཟབ་ཏུ་བཏང་ཞིང་། “རྒྱུན་འཁྱོངས་དགུ་”ཡི་སྟེང་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་པ་ནི། ཏང་གིས་འདུ་ཤེས་འཛིན་སྟངས་ལས་ཀར་འགོ་ཁྲིད་བྱེད་དབང་རྒྱུན་འཁྱོངས་དང་། བསམ་བློ་ལས་ཀའི་“སྲ་བརྟན་དུ་གཏོང་བ་གཉིས་”ཀྱི་རྩ་བའི་ལས་འགན་རྒྱུན་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་དང་མི་དམངས་ལ་སློབ་གསོ་བྱེད་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་རྒྱུ་རྒྱུན་འཁྱོངས། རིག་གནས་ཀྱི་གདེང་ཚོད་ནི་སྔར་བས་རྨང་གཞིར་གྱུར་པ་དང་། སྔར་བས་ཁྱབ་རྒྱ་ཆེ་བ། སྔར་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཡིན་པ་དང་། སྔར་བས་གཞི་རྩར་གྱུར་པ་དང་། སྔར་བས་ཟབ་བརླིང། སྔར་བས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན་པ་རྒྱུན་འཁྱོངས། གསར་འགྱུར་གླེང་ཕྱོགས་སྒྲོག་སྤེལ་བྱེད་ནུས་དང་། ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཇེ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། དྭངས་གཙང་གི་དྲ་སྦྲེལ་བར་སྟོང་གཏོད་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་ཡག་པོར་སྒྲོག་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། “རྒྱུན་འཁྱོངས་དགུ་”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་ལས་ཀའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ་དང་ཆོད་གཏམ་གསར་པ་རབ་དང་རིམ་པའི་སྙིང་བཅུད་ཡིན་ལ། མ་འོངས་པར་བསམ་བློ་དྲིལ་བསྒྲགས་ལས་ཀ་སྔར་བས་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་སའང་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་བར་མེད་འཕེལ་རྒྱས་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས། གནས་བབ་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀ་ལེགས་པོར་སྒྲུབ་དགོས་ན། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་བསམ་བློ་དྲིལ་བསྒྲགས་ལས་ཀའི་གཙོ་གནད་ལྷུ་ཚིགས་སུ་འཛིན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་ཟིན་པ་འདི་ནི་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གནས་ཕྱོགས་གསར་པ་རེད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པར་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་ཡོང་བའི་མདུན་བསུས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་ལྡན་པའི་མདུན་བསུས་ཡོད། བྱེད་གཞི་ཆེན་པོ་ལྡན་པའི་དུས་སྐབས་ལ་ཇི་ལྟར་འཕྲད་པ་དང་། ལ་བརྒྱབ་ལུང་བརྒལ་ལྟ་བུའི་འགག་རྩའི་དུས་སྐབས་སུ་ཇི་ལྟར་གནས་ན། ཁྱབ་ཆེའི་བསམ་བློའི་ངོས་འཛིན་གཅིག་མཐུན་དེ་ལྟར་དུ་སྒྲིལ་དགོས་ལ། སྲ་ཞིང་བརྟན་པའི་བསམ་པའི་འདེགས་སྐྱོར་དེ་ལྟར་དུ་བསྐྲུན་དགོས། འབད་རྩོན་ཆེན་པོས་མདུན་སྐྱོད་དང་སེམས་ཤུགས་ཆིག་སྒྲིལ་གྱིས་ཕུགས་འདུན་བསྐྲུན་དགོས། གནས་བབ་གསར་པའི་ནང་བསམ་བློ་དྲིལ་བསྒྲགས་ལས་ཀའི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་ཆིག་སྒྲིལ་བྱེད་པའི་གལ་ཆེན་རང་བཞིན་སྔར་བས་འབུར་དུ་ཐོན་ཡོད་པ་དང་། ལས་འགན་སྔར་བས་ལྗིད་རྫོབ་ཆེ་བར་གྱུར་ཡོད། ད་ལྟ་རང་རྒྱལ་འཕེལ་རྒྱས་ཀྱི་གནས་བབ་སྤྱིའི་ཆ་ནས་ཧ་ཅང་བཟང་། ཡིན་ནའང་འགྲན་སློང་ཡང་ཧ་ཅང་ཛ་དྲག་ཆེ་བས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ཁེལ་བྱས་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་ན། སྔར་བས་ཡིད་ཆེས་བརྟན་པོ་དང་སྤོབས་པ་ཆེར་སྐྱེད་བྱེད་དགོས་པ་དང་། སྔར་བས་བསམ་པ་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ངེས་པར་དུ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་དུ་བཟུང་སྟེ། དངོས་ཡོད་གནད་དོན་ཐག་གཅོད་བྱེད་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱས་ཏེ། སྔར་བས་ཡིད་ཆེས་རྙེད་པ་དང་། དམངས་སེམས་ཆིག་སྒྲིལ། མིའི་སེམས་གསོ་བ། བསམ་པ་གཅིག་མཐུན་ཡོང་བ་བཅས་བྱེད་གོས། ངེས་པར་དུ་རང་འགུལ་གྱིས་ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་ཁྱད་ཆོས་འགྲེལ་བཤད་རྒྱག་དགོས་ལ། རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་དང་རིག་གནས་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཡང་བྱེད་དགོས། ངེས་པར་དུ་འཛུགས་རྒྱུ་རྩ་བར་འཛིན་པ་དང་འཛུགས་གཏོར་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ངེས་པར་དུ་དྲྭ་ཐོག་དྲིལ་བསྒྲགས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པར་ངོས་འཛིན་བྱས་ཏེ། འཕྲིན་སྦྲེལ་དྲ་བ་ཞེས་པའི་འགྱུར་གྲངས་ཆེ་ཤོས་དེ་བྱ་གཞག་འཕེལ་རྒྱས་འགྲོ་བའི་འཕར་གྲངས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས། གནས་བབ་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀ་ལེགས་པོར་སྒྲུབ་དགོས་ན། དར་ཆ་མཐོར་སྒྲེང་དང་། དམངས་སེམས་ཆིག་སྒྲིལ། མི་གསར་པ་གསོ་སྦྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ངེས་པར་དུ་ཁོང་ཆུད་བརྟན་པོ་བྱེད་དགོས་པ་མ་ཟད་རང་རྟོགས་ཀྱིས་ཁུར་དུ་ལེན་དགོས། དར་ཆ་མཐོར་སྒྲེང་བྱེད་དགོས་ན། མར་ཁེ་སི་རིང་ལུགས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་དང་། མི་དམངས་ལ་སློབ་གསོ་བྱེད་རྒྱུ། ལས་ཀ་སྐུལ་སྤེལ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། དངོས་དོན་སྒྲུབ་ཐུབ་པ་བྱེད་པའི་ཐད་དུ་འབད་བརྩོད་བྱེད་པ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་མིའི་སེམས་སུ་ཟབ་མོར་ཟུག་པ་དང་། རྩ་བ་ཚུགས་པར་སྐུལ་སྤེལ་བྱེད་པ་བཅས་བྱེད་དགོས། དམངས་སེམས་ཆིག་སྒྲིལ་བྱེད་དགོས་ན། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་དམ་པོར་འཛིན་པ་དང་། དབྱངས་རྟ་གཙོ་བོ་མཚོན་པར་བྱེད་པ། དྲང་ནུས་དང་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྟོབས་རྒྱས་སུ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་དཔའ་ངར་དང་སྙིང་སྟོབས་བསྐྱེད་དེ། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་གྱི་ཕྱོགས་སུ་རྡོག་རྩ་གཅིག་སྒྲིལ་གྱིས་བསྐྱོད་དགོས། མི་གསར་པ་གསོ་སྦྱོང་བྱེད་དགོས་ན། སྤྱོད་བཟང་བསྟེན་ནས་མི་གཞི་སྐྱོང་བ་དང་རིག་གནས་བསྟེན་ནས་སེམས་རྒྱུད་འདུལ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱས་ཏེ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་མཐོ་རུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་འགན་ཆེན་ཐེག་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྦྱོང་བྱེད་དགོས། རིག་གནས་དར་སྤེལ་གཏོང་དགོས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་སྤེལ་གྱི་འགྲོ་ལམ་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་གཏོང་རྒྱུར་སྐུལ་སྤེལ། གསར་བརྗེའི་རིག་གནས་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་སྤེལ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐྱེད་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། སྣང་བརྙན་མཚོན་པར་བྱེད་དགོས་ན། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་ཡག་པོར་སྒྲོག་པ། འཛམ་གླིང་ལ་མངོན་སུམ་ཅན་དང་འབུར་གཟུགས་ཅན་དང་ཕྱོགས་ཡོངས་ཅན་གྱི་ཀྲུང་གོ་ཞིག་སྟོན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟོ་ནུས་ཆེ་རུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས། གནས་བབ་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀ་ལེགས་པོར་སྒྲུབ་དགོས་ན། ངེས་པར་དུ་བསམ་བློ་དྲིལ་བསྒྲགས་ལས་ཀའི་གཙོ་གནད་དམ་པོར་འཛིན་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀ་ནི་ཏང་གི་ཧ་ཅང་གལ་ཆེ་བའི་ལས་ཀ་ཞིག་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ལྟ་བུའི་ལས་ཀའང་ཡིན་ཏེ། ཏང་གི་མདུན་ལམ་དང་ལས་དབང་ལ་རག་ལས་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་ཡང་རག་ལས་ལ། མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་གཏད་ཕྱོགས་ལ་རག་ལས་ཡོད། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་དང་ལྷག་པར་དུ་བསམ་བློ་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ངེས་པར་ཁུར་དུ་ལེན་དགོས་པའི་འཐབ་ཇུས་ཀྱི་ལས་འགན་ཡིན། ངེས་པར་དུ་འདུ་ཤེས་འཛིན་སྟངས་ལ་འགོ་ཁྲིད་བྱེད་དབང་དམ་པོར་འཛིན་དགོས་པ་ལས་དུས་ནམ་ཡང་ལྷོད་ཡངས་བྱེད་མི་ཉན་པར། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ་ཡག་པོར་སྒྲུབ་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁོང་དུ་ཆུད་པའི་ཐད་འབད་བརྩོན་བྱེད་དགོས། “གདེང་ཚོད་བཞི་”བརྟན་པོར་འཆང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པའི་འགག་རྩར་བརྩི་བ་དང་། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར་དང་ཀྲུང་གོའི་གཤིས་ལུགས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྲུན་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་སྟངས་འཛིན་བྱས་ཏེ། གསར་འགྱུར་དང་གླེང་ཕྱོགས་སྒྲོག་སྤེལ་བྱེད་ནུས་དང་། ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་བཟོ་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཇེ་ཆེར་གཏོང་བ་དང་། གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་བྱེད་དགོས། སྒྲོག་སྤེལ་བྱེད་སྟངས་དང་གཏམ་བརྗོད་སྤེལ་སྟངས་གསར་གཏོད་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་”བྱེད་དགོས། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ཏན་ཏིག་ཏུ་སྤེལ་ནས་མང་ཚོགས་ལ་སྔར་ལས་ལྷག་པར་ཁྲིད་སྟོན་དང་ཞབས་འདེགས་ཞུ་དགོས། དར་ཆ་གསལ་སྒྲེང་གིས་བདེན་ལུགས་རྒྱུན་འཁྱོངས་དང་། ལངས་ཕྱོགས་བརྟན་པོས་ནོར་འཁྲུལ་ལ་དགག་རྒྱག་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡི་འགན་འཁྲི་དམ་ནན་བཟོས་ཏེ། འགན་འཁྲི་དོན་འཁྱོལ་ལ་གཙིགས་ཆུང་མི་བྱེད་པ་དང་། གཡུལ་སའི་དོ་དམ་ལ་ལྷོད་ཡངས་མི་བྱེད་པ། འགན་འཁྲི་བདའ་འདེད་ལ་ཐེ་ཚོམ་མི་བྱེད་པ་བཅས་བྱེད་ཐུབ་དགོས།

མི་རིགས་བསྐྱར་དར་གྱི་འགན་ཆེན་ཐེག་པའི་དུས་རབས་ཀྱི་མི་གསར་པ་གསོ་སྦྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་དུ་ལེན་ཕོད་པ་བྱེད་དགོས། བསམ་བློ་དྲིལ་བསྒྲགས་ལས་ཀ་ནི་མིའི་སྐོར་གྱི་ལས་ཀ་ཡིན། སྤྱི་ཚོགས་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། དམིགས་འབེན་གང་འདྲ་ཞིག་མངོན་འགྱུར་བྱེད་པར་མི་ནི་ཐག་གཅོད་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པ་ནི་མཐར་གཏུགས་ན་མིའི་བསམ་བློ་དང་བླ་སྲོག་བསྐྲུན་རྒྱུ་དེ་ཡིན་པ་དང་། མདོ་འདུ་ས་ནི་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ལྡན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྦྱོང་བྱ་རྒྱུ་དེ་ཡིན། དུས་རབས་ཀྱི་མི་གསར་པའི་ཚད་གཞི་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། “རིན་ཐང་ལྟ་བ་ཅི་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་”དེ་་“མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་”དང་སྔར་བས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འཛུགས་སྐྲུན་མུ་མཐུད་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་དགོས། དེ་ཡང་གལ་ཆེའི་ནང་གི་དོན་ཆེན་ནི་ཕུགས་བསམ་དང་དད་སེམས་བརྟན་པོས་བསམ་པའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་དགོས། སློབ་གསོས་སྣེ་ཁྲིད་དང་། ལག་ལེན་གྱིས་གོམས་འདྲིས། ལམ་ལུགས་ཀྱིས་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིར་ཁྱབ་པར་བྱས་ཐོག མི་དམངས་ཡོངས་ཀྱིས་རང་རྟོགས་ངང་ཉམས་ལེན་བྱེད་པར་སྣེ་ཁྲིད་བྱེད་དགོས། གཞོན་ནུ་ལོ་ཆུང་གི་རིན་ཐང་ལྟ་བ་ཆགས་པའི་གནད་འགག་དུས་སྐབས་དམ་པོར་བཟུང་སྟེ། གཞོན་ནུ་ལོ་ཆུང་ཚོས་མི་ཚེའི་གོམ་པ་དང་པོ་སྤོ་བར་སྣེ་ཁྲིད་བྱེད་དགོས། སྔོན་ཐོན་དང་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་གཅེས་སྲུང་། དཔའ་བོར་གཅེས་སྐྱོང་བཅས་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་དང་། བསམ་བློ་དང་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱི་དམངས་ཀྱི་སྤྱོད་བཟང་འཛུགས་སྐྲུན་ལས་གཞི་ཟབ་སྤེལ། བསམ་བློ་དང་ཆབ་སྲིད་ལས་ཀར་ཤུགས་སྣོན་དང་ལེགས་བཅོས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱས་ཏེ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྲོལ་བཟང་དང་སྤྱོད་བཟང་དར་སྤེལ་དང་། ཡུལ་སྲོལ་གོམས་གཤིས་ལེགས་སྒྱུར་ལ་སྐུལ་འདེད། ཡུལ་སྲོལ་ཡ་རབས་དང་ཁྱིམ་སྲོལ་བཟང་པོ་དང་མི་གཤིས་དྲང་མོ་གསོ་སྐྱོང་བཅས་བྱས་ཏེ། ཞང་དང་གྲོང་ཚོར་དཔལ་ཡོན་གྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས།

མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བའི་རེ་སྨོན་གསར་པ་སྔར་ལས་ལྷག་པར་བསྐང་དགོས། རིག་གནས་ཀྱི་ལས་དབང་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ལ། རིག་གནས་ཀྱི་སྲོག་རྩའང་རྒྱལ་ཁབ་ཀྱི་སྲོག་རྩ་དང་འབྲེལ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དགོས་ལ། སེམས་ཤུགས་སྐྱེད་ཐུབ་པའི་བརྩམས་ཆོས་རླབས་པོ་ཆེ་དགོས། རྒྱ་ཆེའི་རིག་གནས་དང་རིག་རྩལ་གྱི་ལས་ཀ་བྱེད་མཁན་རྣམས་འཚོ་བར་ཟབ་ཞུགས་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཟབ་མོ་ཚུགས་པར་སྣེ་ཁྲིད་བྱས་ཏེ། སྤུས་ཀ་མཐོ་རུ་གཏོང་རྒྱུ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩ་རུ་བརྩིས་ནས། བརྩེ་གདུང་ཟབ་མོས་དུས་རབས་རླབས་པོ་ཆེ་རྩོམ་པ་དང་། ཏང་དང་མེས་རྒྱལ་དང་མི་དམངས་དང་དཔའ་བོར་བསྟོད་པའི་ཕུལ་བྱུང་བརྩམས་ཆོས་རྒྱུན་ཆད་མེད་པར་བཏོན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གསར་པ་རྩོམ་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་རྩལ་ལས་ཀ་བྱེད་མཁན་གྱི་སྣེ་ཁྲིད་དེ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་འཛུགས་པ་དང་། རང་རྟོགས་ཀྱིས་རྩོམ་ཉམས་དང་ཡིད་འགྱུར་དང་འགན་འཁྲི་གསུམ་ལ་དོ་སྣང་། རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་། ཀུན་སྤྱོད་དང་གཤིས་རྒྱུད་བློ་སྦྱོང་ལ་ཤུགས་སྣོན། མ་རབས་དང་། ཐ་མལ་བ། སྤྲེལ་ལད་ཅན་བཅས་གཏན་འགོག་བྱས་ནས། སྐྱོན་བྲལ་ཡར་ཐོན་གྱི་རིག་རྩལ་བརྩམས་ཆོས་དང་སྤྱོད་ལམ་གྱིས་སེམས་རྒྱུད་འདུལ་སྦྱོང་དང་། བློ་སྐྱེད་ཐོན་པ། དར་སྲོལ་ལ་སྣེ་ཁྲིད་བཅས་བྱེད་དགོས། སྐྱོན་དང་བྲལ་ཞིང་སྤུས་ལེགས་པའི་དྲྭ་ཐོག་རིག་རྩལ་བརྩམས་ཆོས་སྔར་ལས་མང་པོ་འདོན་དགོས། སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དྲང་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཟབ་ཞུགས། ལྟེ་བ་གཤམ་སྤོ། མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་བ་བཅས་བྱས་ཏེ། སྤྱི་པའི་རིག་གནས་ཞབས་ཞུའི་ཁེབས་རྒྱ་དང་བེད་ཆོད་རང་བཞིན་ཆེ་རུ་གཏོང་དགོས། རིག་གནས་ཐོན་ལས་སྤུས་ལེགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་དང་། དེང་རབས་རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་ཐོན་ལས་ཀྱི་བྱེད་པོ་མི་འདྲ་བ་ཁག་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སྐུལ་སྤེལ། རིག་གནས་ཀྱི་ལས་རྣམ་གསར་པ་དང་རིག་གནས་འཛད་སྤྱོད་བྱེད་སྟངས་གསོ་སྐྱོང་བཅས་བྱས་ཏེ། སྤུས་ལེགས་རིག་གནས་འདོན་སྤྲོད་ཀྱིས་མི་རྣམས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཏེ་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་རྒྱས་པར་བྱེད་དགོས།

ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟོ་ནུས་མུ་མཐུད་མཐོ་རུ་གཏོང་དགོས། ང་ཚོར་ཀྲུང་གོའི་དོན་དག་ཡག་པོར་སྒྲུབ་པའི་ནུས་པ་ཡོད་ལ། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པའི་གདེང་ཚོད་ཀྱང་ཡོད། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། བྱ་ཡུལ་དབྱེ་འབྱེད། ཇུས་བསྟར་གནད་འཁེལ་བཅས་བྱས་ཐོག རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་འགྲེལ་བརྗོད་བྱེད་པ་དང་། རང་རྟོགས་ཀྱི་སྒོ་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་སྲིད་བསྐྱངས་པའི་གཏམ་རྒྱུད་དང་། ཀྲུང་གོའི་མི་དམངས་ཀྱིས་ཧུར་ཐག་སྒོས་ཕུགས་བསམ་མངོན་འགྱུར་བྱེད་པའི་གཏམ་རྒྱུད། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་པའི་གཏམ་རྒྱུད་བཅས་ཡག་པོར་བཤད་དེ། འཛམ་གླིང་གིས་ཀྲུང་གོར་རྒྱུས་མངའ་སྔར་ལས་ལེགས་པོ་ཡོད་པར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྲོག་རྩ་ཡིན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགོངས་དོན་ཞུན་བརྡར་དང་མཚོན་པར་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན་པའི་རིག་གནས་སྙིང་བཅུད་ཞུན་བརྡར་དང་མཚོན་པར་བྱེད་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་ལས་ཀའི་ཆགས་སྟངས་སྔར་བས་འཐུས་ཚང་དུ་བཏང་བ་དང་། སྒྲོག་སྤེལ་གྱི་འདུ་ཤེས་དང་འཁོར་སྐྱོད་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ། ཐོན་ཁུངས་དང་སྟོབས་ཤུགས་སྔར་ལས་མང་པོ་སྡུད་སྒྲིལ་བྱེད་དགོས།

དུས་རབས་གསར་པ་དང་གནས་བབ་གསར་པའི་བསམ་བློ་དྲིལ་བསྒྲགས་ལས་ཀའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་དམིགས་འབེན་འགན་འཁྲི་གཏན་འཁེལ་བྱས་ཡོད་པ་ལ། གནད་འགག་ནི་དོན་འཁྱོལ་ལེགས་པོར་བྱ་རྒྱུར་ཐུག་ཡོད། བློ་གཤོགས་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བསྟར་བ་དང་། རྒྱལ་ཡོངས་བསམ་བློ་དྲིལ་བསྒྲགས་ལས་ཀའི་ཚོགས་འདུའི་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་ཁག་ལག་ལེན་མཐིལ་ཕྱིན་བསྟར་ཏེ། བསམ་བློ་དྲིལ་བསྒྲགས་ལས་ཀ་སྐས་རིམ་དང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་སྤེལ་གཏོང་དགོས། ཏང་གིས་བསམ་བློ་དྲིལ་བསྒྲགས་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། དར་ཆ་གསལ་སྒྲེང་གི་སྒོ་ནས་ཏང་གིས་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས་ལས་ཀར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”སྔར་བས་བརྟན་པོར་འཆང་དགོས། དུས་ནམ་ཡང་འགན་འཁྲི་སེམས་ལ་འཆང་བ་དང་། ལས་འགན་ཕྲག་ཏུ་ལེན་པ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་ལས་སྒྲུབ། དཀའ་ངལ་ཐུག་དུས་ཕྱིར་ནུད་མི་རྒྱག་པ། འགལ་བར་ཐད་ཀར་གདོང་གཏོད་པ། རྡོ་ལ་རྐང་རྗེས་དང་ལྕགས་ལ་ལག་རྗེས་འཇོག་པ། ལྕགས་གཟེར་འདེབས་པའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་སྔར་བས་རང་རྟོགས་ལྡན་པའི་འགན་འཁྲི་ཁུར་སེམས་དང་། སྔར་བས་ཞུམ་པ་མེད་པའི་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་རེ་རེ་དང་ལྷུ་ཚིགས་རེ་རེ་བཞིན་དུ་དངོས་འཛིན་དངོས་སྒྲུབ་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་པའི་ཐོག་ནས་དོན་འཁྱོལ་ཡག་པོ་བྱེད་པ་ལ། དངོས་ཡོད་ཁྲོད་ཀྱི་གནད་དོན་འབུར་ཐོན་ཅན་དང་ལས་ཀའི་ཁྲོད་ཀྱི་ཧེ་བག་དང་ཆད་སྐྱོན་ལ་གཞིགས་པ་དང་། རྩ་བརྟག་ནས་ནད་བབ་ཤེས་ཐོག་ཕན་གོ་ཆོད་པའི་བསམ་ལམ་དང་བྱེད་ཐབས་འདོན་པ་དང་། འགལ་བ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་བསམ་བློ་དྲིལ་བསྒྲགས་ལས་ཀའི་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། བློ་ཐག་ཆོད་པའི་སྒྱུར་བཅོས་དང་གསར་གཏོད་ཀྱི་ཐོག་ནས་དོན་འཁྱོལ་ཡག་པོ་བྱེད་པ་ལ། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལྷུ་ཚིགས་ལ་མདོ་འདུས་པར་བྱེད་པ་དང་། འཇུག་སྒོ་དང་བརྟོལ་སྒོ་གནད་ལ་ཁེལ་བར་རྙེད་པ། འགག་རྩ་དང་གནད་ཆེ་སར་ཤུགས་འདོན་ཕོད་པ། གཉའ་རུས་མཁྲེགས་པོ་བཏོག་ཕོད་པ་དང་འགག་སྒྲོལ་དམག་འཐབ་རྒྱག་མཁས་པོ་བཅས་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་འཇོན་ནུས་དང་བྱང་ཚད་ཀྱི་ཐོག་ནས་དོན་འཁྱོལ་ཡག་པོ་བྱེད་པ་ལ། ཏང་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་བསམ་བློ་དང་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ལས་ཀ་བྱེད་མཁན་གྱིས་རྒྱུན་ཆད་མེད་པར་ཤེས་བྱ་གསར་པ་ཁོང་ཆུད་དང་། ཁྱབ་ཁོངས་གསར་པར་རྒྱས་མངའ་ཡོད་པ། མཐོང་རྒྱ་གསར་པ་གསར་འབྱེད་བཅས་བྱེད་པ་དང་། འཇོན་ནུས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། རྒྱུན་ཆད་མེད་པར་ཚུགས་ནུས་དང་། མཐོང་རྒྱ། ཤེས་རྒྱ། སྒྲུབ་ནུས་བཅས་ཆེ་རུ་བཏང་སྟེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ནུས་ཆེ་བ། དངོས་གཉེར་གསར་གཏོད། གཡུལ་ལས་རྒྱལ་ཐུབ་པ་བཅས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་ཀའི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་དགོས། རྒྱུན་མི་འཆད་པར་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། “སྤྱོད་ཚུལ་བཞི་”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་དགོས།

འགན་འཁྲི་ཡིས་ཁུར་སེམས་སྐུལ་སློང་བྱེད་པ་དང་། ལས་འགན་གྱིས་མ་འོངས་པར་ཁྲིད་སྟོན་བྱེད་བཞིན་ཡོད་པས། ང་ཚོས་དུས་རབས་གསར་པའི་འགན་འཁྲི་ཁུར་དུ་ལེན་པ་དང་། འཇོན་ཐང་ངོ་མས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ལྕི་མོ་ལེགས་འགྲུབ་བྱེད་པ། ཡང་དང་ཡུན་དུ་འབད་འཐབ་བྱེད་པ། བསམ་བློ་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་པ་གཏོད་པར་སྐུལ་སྤེལ་བྱེད་པ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

བསོད་ནམས་དབང་རྒྱལ་གྱིས་བསྒྱུར།