སྤྱོད་ལམ་དང་ཤེས་རིག་དང་ལུས་རྩལ་དང་མཛེས་རིག་དང་ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུ།

སྤྱོད་ལམ་དང་ཤེས་རིག་དང་ལུས་རྩལ་དང་མཛེས་རིག་དང་ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུ།

དེབ་འདིའི་དཔྱད་གཏམ་པ།

སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་ལ། ཏང་གི་ཇུས་ཆེན་རེད། གྲོལ་མ་ཐག་པའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ནི་ཏང་ཀྲུང་དབྱང་གིས་སྐོང་འཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཅིང་། སློབ་གསོའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ཁྱོན་ཡོངས་རང་བཞིན་གྱི་ཚོགས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལངས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སློབ་གསོའི་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་གསར་པ་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཤིང་། མ་ལག་ལྡན་པའི་ངང་ནས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་སྐོར་ལ་བཏོན་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་ལྟ་བ་གསར་པ་རབ་དང་རིམ་པར་གསལ་འགྲེལ་བྱས། དེ་མིན་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་དག་ལ་དྲིས་ལན་ཟབ་མོ་བཏབ་ཅིང་། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་བརྗོད་དོན་གཏིང་ཟབ་པ་དང་། ནང་དོན་གྱ་ནོམ་པས། ལོ་རྒྱུས་ཀྱི་ལངས་གནས་མཐོན་པོ་དང་། རྒྱལ་སྤྱིའི་མཐོང་རྒྱ་ཡངས་པོ། འཐབ་ཇུས་ཀྱི་མིག་རྒྱང་རིང་པོ་བཅས་མཚོན་ཡོད། དེ་ལ་དུས་རབས་གསར་པའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ང་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་མཐུན་ཡོང་བར་བྱེད་ཅིང་། སློབ་གསོའི་ཆོས་ཉིད་བརྩི་སྲུང་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་དགོས་ལ། མི་སེམས་གཅིག་སྒྲིལ་དང་། མི་གཤིས་འཐུས་ཚང་། མི་ཤུགས་གསར་སྤེལ། འཇོན་མི་གསོ་སྐྱོང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ལས་ཀའི་དམིགས་འབེན་ལ་བཟུང་སྟེ། སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་ལ། མི་དམངས་ཀྱི་བློར་འབབ་པའི་སློབ་གསོ་ལེགས་པོ་གཉེར་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་ཏུ། མི་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་རྩ་བའི་གནད་དོན་འདི་དག་དམིགས་སུ་བཟུང་སྟེ། ང་ཚོའི་ཏང་གིས་ལག་ལེན་ཁྲོད་མུ་མཐུད་དུ་སློབ་གསོའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ཤིང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་ལྟ་བ་གསར་པ་བཅས་རབ་དང་རིམ་པ་ཞིག་བཏོན་ཡོད། གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ནས་མཚོན་ཏེ། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བའི་ལས་འགན་དུ་འཛིན་རྒྱུ་རྒྱུན་འཁྱོངས། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་གཉེར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་སློབ་གསོ་གཉེར་རྒྱུ་རྒྱུན་འཁྱོངས། མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས། སློབ་གསོའི་སྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་བ་དེ་སློབ་གསོའི་ལས་འགན་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་རྨང་གཞིའི་ལས་ཀར་འཛིན་རྒྱུ་འཁྱོངས་བཅས་བྱེད་དགོས། ཕྱོགས་འདི་དག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོར་སྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་རབ་དང་རིམ་པའི་སྙིང་བསྡུས་ཁ་གསལ་ཡིན་ལ། འབྱུང་འགྱུར་ལ་ཁ་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་སློབ་གསོའི་ལས་དོན་ལེགས་པར་སྒྲུབ་པའི་གཞི་རྩའི་སྲུང་བྱའང་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

མི་ཇི་ལྟ་བུ་ཞིག་སྐྱེད་སྲིང་བྱེད་པ་ནི་སློབ་གསོའི་གནད་དོན་ཨང་དང་པོ་ཡིན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དེའི་ཐོག་ནས་ང་ཚོའི་སློབ་གསོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་འཛིན་པ་དང་། མི་རབས་ནས་མི་རབས་བར་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་བྱེད་ཅིང་། སེམས་ཐག་གཙང་བཅད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སླད་དུ་མི་ཚེ་གང་པོར་འབད་འཐབ་བྱེད་པའི་འཇོན་མི་གསོ་སྐྱོང་བྱེད་དགོས་པ་ཐག་གིས་བཅད་ཡོད། འདི་ནི་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་ཡིན་ལ། སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཁ་ཕྱོགས་དང་དམིགས་འབེན་ཡང་ཡིན། སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱ་དགོས་ན། ཕུགས་འདུན་དད་སེམས་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ། ཁོ་ཅག་ལ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པར་བྱེད་ཅིང་། སློབ་མའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཇེ་ཆེར་གཏོང་དགོས་ལ། བློ་ཐག་གཙང་བཅད་སྒོས་མི་རིགས་བསྐྱར་དར་ཡོང་བའི་དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བཞེས་སུ་འཇུག་དགོས། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུའི་ཐད་ཤུགས་བརྒྱབ་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སློབ་མའི་སེམས་ནང་རྩ་བ་བརྟན་པོར་འཛུགས་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ་སློབ་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་གོང་བཀུར་བྱེད་ཅིང་། སེམས་ཐག་གཙང་བཅད་སྒོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཞིང་། མི་དམངས་ནས་རྩ་བ་འཛུགས་པ་དང་། རྒྱལ་ཁབ་ལ་བྱས་རྗེས་འཇོག་ཏུ་འཇུག་དགོས། སྤྱོད་ལམ་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་འབད་བརྩོན་བྱེད་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་ཞིང་། ཏན་ཏན་ཏིག་ཏིག་སྒོས་ཀུན་སྤྱོད་གསོ་སྦྱོང་ཡག་པོ་བྱེད་པ་དང་། བརྩེ་བ་ཆེན་པོ་དང་ཀུན་སྤྱོད་ལེགས་པོ་དང་རྟོགས་པ་མཐོན་པོ་བཅས་ལྡན་པར་བྱེད་དགོས། ཤེས་བྱ་ཡོན་ཏན་གོང་འཕེལ་གྱི་ཐད་ལ་ཤུགས་རྒྱག་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ། སློབ་མས་སློབ་སྦྱོང་གི་དུས་ཚོད་དམ་འཛིན་བྱེད་པ་དང་། རྣམ་གཡེང་མེད་པར་ཤེས་བྱར་བརྩོན་ཏེ། མཐོང་རྒྱ་སྐྱེད་པ་དང་། ཤེས་བྱ་ཕུན་སུམ་ཚོགས་པར་བྱས་ནས་བདེན་དོན་འཚོལ་སྙེག་དང་། ལམ་ལུགས་ཤེས་རྟོགས། གནས་ལུགས་གསལ་ཤེས་བཅས་ཀྱི་ཁ་ཕྱོགས་དེད་ནས་མདུན་དུ་སྐྱོད་དགོས། འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པའི་ཐད་ལ་ཤུགས་རྒྱག་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ་ཕུགས་བསམ་ཆེན་པོ་ལྡན་པར་བྱེད་ཅིང་། འགན་འཁྲི་འཁུར་ཕོད་པ་དང་། འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་སྦྱོང་བརྡར་བྱེད་ལ། འབད་འཐབ་བྱེད་ཕོད་པའི་བསམ་པའི་འཁྱེར་སོ་དང་། སྤྲོ་སྣང་ཡར་བརྩོན་གྱི་མི་ཚེའི་ལྟ་ཚུལ་ལྡན་པར་བྱེད་ཅིང་། སྟོབས་ལྡན་ཕན་འདོགས་ཅན་དང་རང་སྟོབས་འགྱུར་མེད་ཅན་དུ་ཆགས་པར་བྱེད་དགོས། ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ཐད་དུ་ཤུགས་རྒྱག་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ་སློབ་མའི་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་དང་། གསར་གཏོད་ཀྱི་བསམ་ཕྱོགས་གསོ་སྐྱོང་བྱེད་དགོས། ལུས་ཁམས་བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་འཛུགས་དགོས། ལུས་རྩལ་སློབ་ཚན་འཐུས་ཚང་བཙུགས་ཏེ། སློབ་མ་ཚོར་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་དང་། ལུས་སྟོབས་དར་རྒྱས། མི་གཤིས་བདེ་ཐང་། བློ་སྟོབས་ཞུན་བརྡར་བཅས་ཡོང་བར་བྱེད་དགོས། སློབ་གྲྭའི་མཛེས་རིག་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། མཛེས་རིག་གིས་མི་གསོ་སྐྱོང་དང་། རིག་གནས་ཀྱིས་མིར་འགྱུར་ལྡོག་བཏང་སྟེ། སློབ་མའི་མཛེས་དཔྱོད་དང་རིག་གནས་བྱང་ཚད་ཇེ་མཐོར་གཏོང་དགོས། སློབ་མའི་ཁྲོད་དུ་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། སློབ་གསོས་སློབ་མར་ཁྲིད་སྟོན་བྱས་ཏེ། སློབ་མས་ངལ་རྩོལ་ལ་བརྩི་མཐོང་བྱེད་ཅིང་། ངལ་རྩོལ་ནི་གཟི་བརྗིད་ལྡན་ཤོས་ཡིན་པ་དང་། ངལ་རྩོལ་ནི་བླ་ན་མཐོ་ཤོས་ཡིན་པ། ངལ་རྩོལ་ནི་རླབས་ཆེ་ཤོས་ཡིན་པ། ངལ་རྩོལ་ནི་མཛེས་སྡུག་ལྡན་ཤོས་ཡིན་པ་བཅས་ཀྱི་གནས་ལུགས་ཤེས་སུ་འཇུག་དགོས་ལ། ནར་སོན་རྗེས་དཀའ་སྤྱད་ཀྱི་ངལ་རྩོལ་དང་། ཚུལ་མཐུན་གྱི་ངལ་རྩོལ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་ངལ་རྩོལ་བཅས་བྱེད་ཐུབ་པར་གཏོང་དགོས།

སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱ་དགོས་ན་གཙོ་བོ་གཤམ་གསལ་གྱི་ལས་ཀ་གལ་ཆེན་དག་ངེས་པར་དུ་ལེགས་པར་བསྒྲུབ་དགོས་པ་སྟེ། སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་ཆགས་གང་ཐུབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་པའི་མ་ལག་ཆགས་པར་བྱེད་རྒྱུ། སྤྱོད་བཟང་གིས་མི་གསོ་སྐྱོང་བྱ་རྒྱུ་དེ་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་གྱི་སློབ་གསོ་བཅས་ཀྱི་ལྷུ་ཚིགས་སོ་སོར་འདྲེས་སུ་འཇུག་ཅིང་། རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་སོགས་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱེད་དགོས་ལ། རིག་གཞུང་མ་ལག་དང་། སློབ་ཁྲིད་མ་ལག སློབ་དེབ་མ་ལག དོ་དམ་མ་ལག་བཅས་དམིགས་འབེན་འདིར་གཞིགས་ནས་ཇུས་འགོད་བྱེད་དགོས། དགེ་རྒན་རྣམས་ཀྱིས་དམིགས་འབེན་འདིར་གཞིགས་ནས་སློབ་ཁྲིད་བྱེད་དགོས་ལ། སློབ་མས་དམིགས་འབེན་འདིར་གཞིགས་ནས་སློབ་སྦྱོང་བྱེད་དགོས། དམིགས་འབེན་འདི་མངོན་འགྱུར་བྱེད་པར་མི་ཕན་པའི་བྱེད་ཐབས་ཡིན་ཕྱིན་ཚང་མ་ཡོ་བསྲང་བྱེད་དགོས། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གོང་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། མི་དམངས་དགེ་རྒན་ལ་གཟི་བརྗིད་ཚད་མེད་ལྡན་པས། དགེ་རྒན་རེ་རེས་གཟི་བརྗིད་འདི་ལ་གཅེས་སྤྲས་བྱེད་པ་དང་། ལས་རིགས་འདི་ལ་གཅེས་སྤྲས་བྱས་ཏེ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། རང་ཉིད་སྔར་བས་ཇེ་བཟང་དུ་གཏོང་དགོས། དགེ་རྒན་ཚོར་དཔེ་ཁྲིད་མི་སྐྱོང་བྱེད་པའི་སེམས་ཤུགས་བརྟན་པོ་དགོས་ཏེ། སློབ་གསོ་ལ་དགའ་ཞེན་བྱེད་པའི་བརྟན་ཤུགས་ཡོད་དགོས་ལ། ཁེ་གྲགས་དོན་གཉེར་མེད་པ་བརྟན་སྲུང་བྱེད་དགོས། སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། སློབ་གསོའི་འགྲོ་གྲོན་དེ་བས་མང་བ་དགེ་རྒན་ལ་ཁ་ཕྱོགས་པ་དང་། ཟམ་མི་ཆད་པར་དགེ་རྒན་གྱི་ཐོབ་ཆ་མཐོ་རུ་བཏང་སྟེ། རྒྱ་ཆེའི་དགེ་རྒན་རྣམས་ལ་བློ་བདེ་དང་སྤྲོ་སེམས་ལྡན་པའི་ངང་སློབ་ཁྲིད་ལས་ཀ་བྱེད་དུ་འཇུག་དགོས། དགེ་རྒན་གྱི་དཔུང་སྡེའི་ནང་གནས་པའི་གནད་དོན་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་མཐའ་གཅིག་ཏུ་ཆད་པ་ནན་པོ་གཅོད་དགོས། སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། སྤྱོད་བཟང་གིས་མི་གསོ་སྐྱོང་བྱེད་པའི་སྒྲིག་ལུགས་འཐུས་ཚང་དུ་གཏོང་ཞིང་། ཚན་རིག་དང་མི་མཐུན་པའི་སློབ་གསོའི་གདེང་འཇོག་གི་ཁྲིད་ཕྱོགས་བསྒྱུར་ཏེ། སྐར་གྲངས་ཁོ་ན་དང་། སློབ་རིམ་འཕར་བ་ཁོ་ན། སློབ་ཐོན་དཔང་ཡིག་ཁོ་ན། དཔྱད་རྩོམ་ཁོ་ན། ཞྭ་མོ་ཁོ་ན་བཅས་ཀྱི་ནད་རྙིང་ལ་མཐའ་གཅིག་ཏུ་ཁྱད་གསོད་བྱེད་ཅིང་། སློབ་གསོར་གདེང་འཇོག་བྱེད་པའི་བཀོད་འདོམས་དབྱུ་གུའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་དགོས། སློབ་སྒྲུབ་ལུགས་སྲོལ་དང་སློབ་གསོའི་དོ་དམ་ལ་སྒྱུར་བཅོས་ཟབ་སྤེལ་བཏང་སྟེ། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱེད་དགོས་ཤིང་། སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། མཐོ་རིམ་སློབ་གྲྭའི་ས་ཁོངས་ཀྱི་བཀོད་པ་དང་། རིག་ཚན་གྱི་གྲུབ་ཚུལ། ཆེད་ལས་ཀྱི་སྒྲིག་བཀོད་བཅས་ལེགས་སྒྲིག་བྱེད་ཅིང་། རིག་ཚན་དང་ཆེད་ལས་ཀྱི་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭ་ཆེན་མོ་ལེགས་ཤོས་དང་རིག་ཚན་ལེགས་ཤོས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། ཐོན་སློབ་ཞིབ་གསུམ་མཉམ་སྡེབ་ཀྱིས་གསར་སྤེལ་བྱེད་པ་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་སྒུལ་བྱེད་པའི་འཐབ་ཇུས་ལག་བསྟར་ནང་ཧུར་ཐག་གིས་ཞུགས་དགོས། གསར་སྐྲུན་ཅན་དང་། སྣ་འདུས་ཅན། གོ་ཆོད་ཅན་བཅས་ཀྱི་འཇོན་མི་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱེད་དགོས། སློབ་གསོ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འཛམ་གླིང་ཐོག་རྩེར་སོན་གྱི་ཐོན་ཁུངས་དང་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ནས་སློབ་གྲྭ་འཛུགས་གཉེར་བྱེད་དགོས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། འདི་ནི་སློབ་གསོ་ལེགས་གཉེར་བྱེད་པའི་རྩ་བའི་འགན་ལེན་ཡིན། སློབ་གསོའི་སྡེ་ཁག་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་“འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་པོར་བཏང་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་ཅིང་། རང་རྟོགས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས། ཏང་ཨུ་རིམ་པ་ཁག་གིས་སློབ་གསོར་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ལས་ཀའི་གྲོས་རིམ་དུ་འཇོག་དགོས་པ་དང་། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་སློབ་གསོ་ལ་རྒྱུས་མངའ་དང་། སློབ་གསོ་ལ་དོ་ཁུར། སློབ་གསོ་ལ་ཞིབ་འཇུག་བཅས་བྱེད་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་དང་རིགས་ཁག་གིས་སློབ་གྲྭའི་ཏང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་སློབ་གཉེར་སློབ་སྐྱོང་གི་གཞི་རྩའི་བྱ་བར་བརྩིས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་དེ་ཁྱོན་ཡོངས་ནས་སློབ་གྲྭའི་ལས་ཀའི་ཕྱོགས་གང་ཅིའི་ཐད་ལག་ལེན་མཐར་ཕྱིན་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ནི་སློབ་གྲྭའི་ལས་ཀ་རིགས་ཁག་གི་སྲོག་རྩ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་། རིམ་པ་ཁག་གི་སློབ་གསོ་གཙོ་སྐྱོང་སྡེ་ཁག སློབ་གྲྭའི་ཏང་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་དམ་པོར་འཛིན་དགོས། བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ་སྒྲུབ་མཁས་པའི་སྲིད་གཉེར་པའི་དཔུང་སྡེ་ཞིག་སེམས་ཤུགས་བཀོལ་ནས་གསོ་སྐྱོང་དང་སྒྲིག་འཛུགས་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་དེ་རྒྱུན་དུ་སྒྲུབ་པ་དང་མི་རེ་ངོ་རེར་སྒྲུབ་དགོས།

སློབ་གསོ་ནི་མི་རིགས་དར་རྒྱས་དང་། སྤྱི་ཚོགས་མདུན་སྐྱོད་ཀྱི་རྨང་རྡོ་གལ་ཆེན་ཡིན། དེ་ནི་མཛད་རྗེས་དེང་རབས་ལ་འཇོག་པ་དང་། ཕན་འབྲས་བསྐལ་བརྒྱར་ཐོན་པའི་སྲིད་བཟང་ལས་གྲྭ་ཞིག་རེད། དེ་ལ་མི་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ཇེ་རྒྱས། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་ཀྱི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས་ལ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་གལ་ཆེའི་སྔོན་འགྲོ་རུ་འཇོག་དགོས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བགྲོད་ལམ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་གཉེར་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཟམ་མི་ཆད་པར་སྤྱོད་ཤེས་ལུས་མཛེས་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་འདེགས་སྐྱོར་ནུས་ལྡན་མཁོ་སྤྲོད་བྱེད་དགོས།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།