ལག་གདང་སྦྲེལ་ནས་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ།

ལག་གདང་སྦྲེལ་ནས་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ།

ཝང་དབྱི།

2018ལོའི་ཟླ་9ཚེས་3ནས་ཚེས་4ཡི་བར། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་བདེ་བླག་ངང་འཚོགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ལྷོ་ཧྥེ་ཙུང་ཐུང་ལ་མ་ཧྥུ་ས་དང་མཉམ་དུ་དབུ་ཚོགས་ལ་གཙོ་སྐྱོང་གནང་། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་གཏད་ནས་སྤེལ་བའི་གལ་ཆེ་བའི་ཕྱི་འབྲེལ་བྱ་འགུལ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་ལག་ལེན་གཟི་བརྗིད་ཅན་ཞིག་ཀྱང་ཡིན།

པེ་ཅིན་དབུ་ཚོགས་ནི་དེང་གི་བར་ཀྲུང་གོས་སྤེལ་བའི་ཁྱོན་རྒྱ་ཆེས་ཆེ་བ་དང་རིམ་པ་ཆེས་མཐོ་བའི་གཙོ་ཚོགས་ཕྱི་འབྲེལ་ཞིག་རེད། གླེང་སྟེགས་ཐོག་ཨ་ཧྥེ་རི་ཁའི་ཁོངས་མི་འགོ་ཁྲིད་མི་སྣ་52ཡོད་པ་སྟེ། རྒྱལ་ཁབ་འགོ་གཙོ་40དང་། སྲིད་གཞུང་འགོ་གཙོ་10། རྒྱལ་ཁབ་འགོ་གཙོ་གཞོན་པ་1དང་ཨ་ཧྥེ་རི་ཁའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་1བཅས་པེ་ཅིན་དུ་འཛོམས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཀྲང་ཆེད་གདན་མགྲོན་པོར་འཇོག་པ་དང་། རྒྱལ་སྤྱི་དང་ཧྥེ་གླིང་ས་ཁུལ་གྱི་རྩ་འཛུགས་26ལྟ་ཞིབ་པ་ཡིན་པའི་ཆ་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་ལས་འགུལ་ནང་ཞུགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕྱི་ཕྱོགས་འགོ་ཁྲིད་པ་རྣམས་ཀྱིས་“མཉམ་ལས་གཉིས་ཁེ་དང་། ལག་གདང་སྦྲེལ་ནས་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་”ཞེས་པའི་བརྗོད་དོན་ལ་གཞིགས་ནས། ཀྲུང་ཧྥེའི་མཛའ་མཐུན་ལ་མཉམ་གླེང་བྱས་པ་དང་། ཐུན་མོང་དུ་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་མོ་ལ་གྲོས་མོལ་བྱས་ཤིང་། ཐུན་མོང་དུ་མཉམ་ལས་ཀྱི་འཆར་གཞི་བཀོད་པ་རེད། ཨ་ཧྥེ་རི་ཁ་དང་རྒྱལ་སྤྱིའི་གླེང་ཕྱོགས་ལེགས་པོ་བྱུང་ཞིང་། ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་དབུ་ཚོགས་ཀྱིས་ཀྲུང་ཧྥེའི་འབྲེལ་བའི་དུས་རབས་གསར་པ་ཕྱེ་ཡོད་ཅེས་བསྔགས་བརྗོད་ཐོབ་པ་དང་། ཀྲུང་ཧྥེ་མཉམ་ལས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་རིམ་འཕར་བྱུང་བ་དང་། ལྷོ་ལྷོ་མཉམ་ལས་ཀྱི་འཕེལ་རྒྱས་གསར་པ་སྒུལ་ཁྲིད་བྱས་པ། ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་བསྐྲུན་པ་རེད།

གཅིག ཀྲུང་ཧྥེའི་མཐུན་སྒྲིལ་མཛའ་མཐུན་ད་དུང་ཡུན་རིང་པོའི་ནང་མུ་མཐུད་རྒྱུ་ཡིན་པ།

ཀྲུང་གོ་དང་ཧྥེ་གླིང་བར་ཐག་ཧ་ཅང་རིང་ན་ཡང་། ཀྲུང་ཧྥེ་མི་དམངས་ཀྱི་མཛའ་འབྲེལ་ལ་ལོ་རྒྱུས་ཧ་ཅང་ཡུན་རིང་ལྡན། ཀྲུང་ཧྥེས་ཕྱི་འབྲེལ་འགྲོ་འོང་འགོ་ཚུགས་ནས་ལོ་ངོ་60ལྷག་གི་རིང་ལ། རྒྱལ་སྤྱིའི་འགྱུར་ལྡོག་ཅི་འདྲ་ཆེ་ན་ཡང་། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་དཔུང་པ་མཉམ་གཤིབ་དང་ལག་གདང་ཟུང་འབྲེལ་བྱས་ནས་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། དབུགས་ལམ་གཅིག་འགྱུར་དང་ལས་དབང་གཅིག་མཐུན། གཅིག་སེམས་གཅིག་སྒྲིལ་གྱི་མཛའ་མཐུན་གྱི་ལེའུ་བརྩམས་ཡོད།

ཀྲུང་ཧྥེ་ནི་སེམས་རྣམ་པར་དག་པའི་མཛའ་མཐུན་ཡིན་ལ། འདྲ་མཉམ་རོགས་རེས་ཀྱི་སྤུན་མཆེད་ཡག་པོ་ཡང་ཡིན། ཀྲུང་ཧྥེའི་མཛའ་མཐུན་འབྲེལ་བ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དགོངས་དོན་སྲོག་ཤིང་དུ་བཟུང་བའི་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་རྩ་དོན་ལ་བརྩི་སྲུང་བྱས་པ་རེད། ལོ་ངོ་བཅུ་ཕྲག་གི་རིང་ལ། ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱས་པ་དང་། གྲོགས་ཕྱོགས་ལ་རང་འགུལ་སྒོས་འཕེལ་རྒྱས་བགྲོད་ལམ་གདམ་ཀ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱས་པ། གྲོགས་ཕྱོགས་ལ་ཁོ་རང་གི་སྲོག་ཤིང་ཁེ་ཕན་དང་གལ་ཆེའི་དོ་སྣང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱས་པ་རེད། ཕྱོགས་གཉིས་ཀས་ཡིད་རྟོན་བྱེད་རེས་དང་། མཛའ་མཐུན་ཟབ་མོ། ཆབ་སྲིད་འགྲོ་འོང་ཟབ་མོ་བྱེད་དགོས། ཀྲུང་ཧྥེའི་རབས་འགའ་ཞིག་གི་འགོ་ཁྲིད་མི་སྣའི་བར་གྱི་མཛའ་མཐུན་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དཔེ་མཚོན་ཡིན། ཏན་ཙན་ལྕགས་ལམ་ནི་ཀྲུང་ཧྥེའི་མཛའ་མཐུན་གྱི་རྡོ་རིང་ཡིན། ཀྲུང་གོས་ནུས་ཤུགས་ཡོངས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་བཙན་རྒྱལ་རིང་ལུགས་ལ་རྒོལ་བ་དང་བཀས་བཀོད་རྒྱུད་འཛིན་ལ་རྒོལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མི་རིགས་རང་བཙན་དང་ཕྱི་ཡོང་གི་བཀག་སྡོམ་ལ་ངོ་རྒོལ་བྱས་ནས་མཉམ་འབྲེལ་རྒྱ་ཆེར་གཏོང་བ་མངོན་འགྱུར་བྱེད་རྒྱུ་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་ལ་མཉམ་འབྲེལ་རྒྱལ་ཚོགས་ཐོག་གི་ཁྲིམས་མཐུན་གོ་གནས་དང་མི་དབང་། ཐའེ་ཝན་དང་འབྲེལ་བའི་གནད་དོན་བཅས་ལ་རྒྱབ་སྐྱོར་སྟོབས་ལྡན་གནང་ཡོད། རྒྱལ་སྤྱིའི་བྱ་གཞག་ཁྲོད། ཀྲུང་ཧྥེ་ནི་ཐོག་མཐའ་བར་གསུམ་དུ་རང་བྱུང་གི་མནའ་འབྲེལ་དཔུང་ཁག་ཡིན་ལ། ཁ་བརྡ་གླེང་རེས་དང་འབོད་སྐུལ་གཏོང་རེས་བྱས་ཏེ། ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་དབང་ལ་སྲུང་སྐྱོང་བྱས་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། གོང་འཕེལ་བཅས་ལ་བྱས་རྗེས་གལ་ཆེན་འཇོག་དགོས།

ཀྲུང་ཧྥེ་ནི་མཉམ་ལས་གཉིས་ཁེ་དང་འཕེལ་རྒྱས་ལ་ཐུན་མོང་འཆར་འགོད་བྱེད་པའི་གྲོགས་པོ་ཡག་པོ་ཡིན། ཀྲུང་གོས་བློ་རྩ་བརྟན་པོའི་ངང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མི་རིགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རང་འགུལ་གྱི་སྣ་མང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། ཨ་ཧྥེ་རི་ཁའི་ལས་བཟོ་ཅན་དང་ཞིང་ལས་དེང་རབས་ཅན་དང་ཨ་ཧྥེ་རི་ཁ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་པ་རེད། ཕྱོགས་གཉིས་ཀས་དཔལ་འབྱོར་ཁ་གསབ་རང་བཞིན་ཆེ་བའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་པ་དང་། མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་དོན་གཉེར་མཉམ་ལས་རྒྱ་ཆེར་གཏོང་དགོས། གནས་བབ་གསར་པའི་འོག ཀྲུང་གོའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཡང་དག་པའི་ཁེ་ཕན་ལྟ་བ་དང་བདེན་པ་དྲང་མོའི་འདུ་ཤེས་བཅངས་ནས། ཀྲུང་གོའི་རང་ཉིད་ཀྱི་འཕེལ་རྒྱས་དེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་པའི་ནུས་ཤུགས་དང་ཚགས་དམ་པོ་ཟུང་འབྲེལ་བྱས་ཏེ། ཨ་ཧྥེ་རི་ཁ་ཉིད་ཀྲུང་གོའི་འཕེལ་རྒྱས་ཀྱི་མགྱོགས་འཁོར་ནང་ཞུགས་པར་དགའ་བསུ་ཞུ། ཀྲུང་ཧྥེའི་ཉོ་འཚོང་གྲངས་འབོར་ནི་1990ལོའི་ཨ་སྒོར་དུང་ཕྱུར་9ནས་2017ལོའི་ཨ་སྒོར་དུང་ཕྱུར་1700ཐོག་འཕར་སྣོན་བྱུང་ཡོད། ཀྲུང་གོ་ནི་ལོ་བསྟུད་མ་9ཡི་རིང་ཨ་ཧྥེ་རི་ཁའི་ཉོ་འཚོང་གྲོགས་པོ་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད། ཀྲུང་ཧྥེའི་མཉམ་ལས་ནི་ཤིང་སྡོང་ཆེན་པོ་ཞིག་ཏུ་ཆགས་ཡོད་ལ། ལོ་འདབ་རྒྱས་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས་ཀྲུང་ཧྥེའི་མི་དམངས་ལ་ཕན་ཆེན་པོ་ཐོགས་ཡོད།

ཀྲུང་ཧྥེ་ནི་མཛའ་ཞིང་མཐུན་ལ་ཐག་ཉེ་བ། ཕན་ཚུན་མཉམ་འདྲེས་དང་སྤེལ་རེས་བྱེད་པའི་གྲོགས་པོ་བཟང་པོ་ཡིན། ཀྲུང་ཧྥེ་ཕྱོགས་གཉིས་ཀ་ལ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་གཟི་འོད་འབར་བའི་ཤེས་དཔལ་ལྡན། ལོ་ངོ་60ལྷག་གི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་སེམས་རྣམ་པར་དག་པའི་བརྗེ་རེས་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་ལྟོས། མུ་མཐུད་དུ་མི་ཚུལ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རིམ་པ་མང་ལ་འབུར་གཟུགས་ཅན་གྱི་མི་ཚུལ་སྤེལ་རེས་བྱེད་པའི་གནས་བབ་ཆགས་ནས། མི་དམངས་སེམས་ཁོང་གི་མཐུན་འབྲེལ་ཇེ་ཟབ་ཏུ་བཏང་ཡོད། ཨའེ་པོ་ལ་རིམས་ནད་འབྱུང་ཚུལ་དང་ཧྥེ་གླིང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་། ན་གཞོན་དང་བླངས་པ་བཅས་ནི་ཀྲུང་གོའི་མི་དམངས་ཀྱིས་ཨ་ཧྥེ་རི་ཁ་ལ་འཛེམ་བག་མེད་པར་རོགས་སྐྱོར་བྱེད་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཡིན། པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་མེ་མཆོག་ ཨ་ཧྥེ་རི་ཁ་ལ་བདེ་བླག་ངང་བརྒྱུད་སྤྲོད་བྱས་པ་དང་། ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་སི་ཁྲོན་ཝུན་ཁྲོན་གནོད་ཐེབས་ཁུལ་ལ་ནུས་ཤུགས་གང་ཡོད་ཀྱིས་རོགས་དངུལ་སྤྲད་པ་ནི་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བཅོས་མིན་གྱི་དོན་དངོས་ཡིན། ཀྲུང་ཧྥེས་མཛའ་མཐུན་གྱི་གྲོང་ཁྱེར་འབྲེལ་བ་133བཙུགས་པ་དང་། ཕྱོགས་གཉིས་ཀའི་མི་སྣ་འགྲོ་འོང་ལོ་རེར་མི་ཐེངས་ཁྲི་200ཟིན། མིག་སྔར། ཀྲུང་ཧྥེ་གཉིས་ཀྱིས་ད་ལྟ་རྒྱལ་སྐྱོང་སྲིད་གཉེར་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་སྤེལ་རེས་བྱེད་བཞིན་ཡོད་ལ། ལག་གདང་སྦྲེལ་ནས་ཐུན་མོང་དུ་འཕེལ་རྒྱས་དར་རྒྱས་ཀྱི་“ཀྲུང་གོའི་ཕུགས་འདུན་”དང་“ཨ་ཧྥེ་རི་ཁའི་གི་ཕུགས་འདུན་”མངོན་འགྱུར་བྱེད་བཞིན་ཡོད།

ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ནི་2000ལོའི་ཟླ་10པར་འགོ་ཚུགས་ནས་བཟུང་། ཀྲུང་ཧྥེས་ཐུན་མོང་གི་ཁ་བརྡ་གླེང་བའི་གལ་ཆེའི་ལས་སྟེགས་དང་དོན་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་གོ་ཆོད་ཡིན། གླེང་སྟེགས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་དང་ནུས་མཐོ་དང་དོན་གཉེར་གྱི་ཁྱད་ཆོས་འབུར་དུ་ཐོན་ནས། མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཀྲུང་ཧྥེའི་འབྲེལ་བ་ལ་འབོད་སྐུལ་ནུས་ཤུགས་ཆེས་ལྡན་པ་དང་ཤུགས་རྐྱེན་ཆེས་ལྡན་པའི་སྤུས་རྟགས་དང་། རྒྱལ་སྤྱི་ཡིས་ཨ་ཧྥེ་རི་ཁ་ལ་ཕྱོགས་པའི་མཉམ་ལས་དང་ལྷོ་ལྷོ་མཉམ་ལས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་ཞིག་ཡིན། གླེང་སྟེགས་ཀྱིས་དེང་གི་བར་དབུ་ཚོགས་ཐེངས་3དང་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་7སྤེལ་ཡོད། ཐེངས་འདིའི་དབུ་ཚོགས་ནི་2006ལོའི་པེ་ཅིན་གྱི་དབུ་ཚོགས་དང་2015ལོའི་ཡུའེ་ཧན་ནེ་སི་པོ་དབུ་ཚོགས་ཀྱི་རྗེས། ཀྲུང་ཧྥེ་མཛའ་མཐུན་ཁྱིམ་ཚང་ཆེན་མོའི་ཡང་བསྐྱར་གྱི་ལྷན་འཛོམས་ཆེན་མོ་ཞིག་ཡིན་ལ། ནུས་ཤུགས་ཆེན་པོས་ཀྲུང་ཧྥེའི་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད།

གཉིས། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་འབྲི་བ།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྥེའི་འབྲེལ་བ་ལ་མཐོང་ཆེན་ཚད་མཐོ་བྱས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་མང་ལ་ནན་བཤད་བྱས་དོན། ཀྲུང་ཧྥེའི་མཛའ་མཐུན་ལ་ཤུགས་སྣོན་རྒྱག་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱིས་འགྱུར་བ་མེད་པའི་འཐབ་ཇུས་གདམ་ཀ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་རིམ་མཐོ་པོའི་སྒོ་ནས་ཨ་ཧྥེ་རི་ཁ་ལ་ཕྱོགས་པའི་ལས་ཀའི་མཛུབ་སྟོན་བྱེད་ཕྱོགས་དང་གལ་ཆེའི་འདུ་ཤེས་རབ་དང་རིམ་པ་ཞིག་བཏོན་ནས། ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་སྲོག་ཤིང་གི་ནང་དོན་ཡིན། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་བཀོད་འདོམས་བྱས་ནས། ཨ་ཧྥེ་རི་ཁ་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གལ་ཆེའི་གྲུབ་ཆ་རུ་འཛིན་པ་དང་། སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་འགོ་གཙོ་རུ་འཛིན་ཏེ། ཀྲུང་ཧྥེའི་འབྲེལ་བ་སྐུལ་འདེད་གཏོང་བར་འཕར་སྣོན་གསར་པ་མངོན་འགྱུར་བྱུང་ཡོད།

ཀྲུང་ཧྥེས་ཐུན་མོང་དུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ལ་རང་བྱུང་གི་དགེ་མཚན་ལྡན། འཛམ་གླིང་ཐོག་གི་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེས་གཅིག་བསྡུས་ཀྱི་སྐམ་ས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་གནའ་ནས་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཡིན། ཆ་འདྲ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ལྡན་པ་དང་། ཐུན་མོང་གི་འབད་འཐབ་ལམ་རིམ་བརྒྱུད་པ། ཐུན་མོང་དུ་འཕེལ་རྒྱས་ལས་འགན་ལ་ཁ་གཏད་པ། གལ་ཆེའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐོག་འདོད་བློ་མཐུན་པ། ཕན་ཚུན་རོགས་རམ་བྱེད་པ། ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ལྡན་པ་རེད། ཀྲུང་ཧྥེ་གཉིས་རྦད་དེ་ལག་གདང་སྦྲེལ་ནས་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གལ་ཆེའི་བྱས་རྗེས་འཇོག་ཆོག

ཀྲུང་ཧྥེས་ཐུན་མོང་དུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གོམ་པ་བརྟན་པོ་ཞིག་སྤོས་ཚར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྥེ་གླིང་ལ་འཚམས་འདྲི་ཐེངས་4བྱས་པ་དང་། དཀའ་ངལ་ལ་མ་འཛེམ་པར། མིག་མཐོང་ལག་ཟིན་གྱིས་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་མུ་མཐུད་ནས་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་བ་རེད། 2013ལོ་དང་2018ལོར། ཀྲུའུ་ཞི་ཞི་ཅིན་ཕིང་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་ཐོན་བྱུང་བ་དང་མུ་མཐུད་ནས་བདམས་ཐོན་བྱུང་བའི་རྗེས་ཀྱི་ཐོག་མའི་འཚམས་འདྲི་ཡོད་ཚད་ཨ་ཧྥེ་རི་ཁ་ལ་བྱས་པ་དང་། ཀྲུང་ཧྥེའི་ཆབ་སྲིད་ཀྱི་ཐད་ཡིད་རྟོན་བྱེད་རེས་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་ཆེན་པོ་སྟེར་བ་རེད། 2015ལོའི་ལོ་མཇུག་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་སུ་ཕེབས་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཡུའེ་ཧན་ནེ་སི་པོའི་དབུ་ཚོགས་ལ་མདོ་འཛིན་བྱེད་པའི་དུས་སྐབས། ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གནས་ཐིག་གསར་པ་གཏན་འཁེལ་བྱས་ནས། ཀྲུང་ཧྥེའི་“མཉམ་ལས་འཆར་གཞི་ཆེན་པོ་བཅུ་”བཏོན་པ་དང་། ཀྲུང་ཧྥེའི་མཉམ་ལས་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་ཀྱི་ལམ་རིམ་གསར་པ་ཕྱེ་ཡོད།

ཀྲུང་ཧྥེས་ཐུན་མོང་དུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ལ་དུས་རབས་ཀྱི་ནང་དོན་བསྣན་པ་རེད། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བཞིན་ཡོད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་ཀྱི་འགྲན་སློང་ལ་ཐུན་མོང་དུ་ཁ་གཏད་འཇལ་བ་ནི་ཀྲུང་ཧྥེ་ཕྱོགས་གཉིས་ཀའི་ཆབ་སྲིད་ཀྱི་ཐུན་མོང་ངོས་ཟིན་དུ་གྱུར་ཡོད། ཐེངས་འདིའི་དབུ་ཚོགས་ཐོག་《སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་པེ་ཅིན་བསྒྲགས་གཏམ་》ཞེས་པ་གྲོས་འཆམ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཚོགས་ཐོག་ཀྲུང་ཧྥེའི་མཛའ་མཐུན་ལམ་རིམ་ལ་ཕྱི་བལྟས་དང་ཁྱོན་བསྡོམས་བྱས་ཏེ། ཀྲུང་ཧྥེའི་མཉམ་ལས་རྩ་དོན་དང་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་། འགན་འཁྲི་མཉམ་ཁུར་དང་མཉམ་ལས་མཉམ་རྒྱལ། བདེ་སྐྱིད་མཉམ་རོལ། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་འཕེལ་བཅས་ཕྱོགས་དྲུག་ནས། ཐོག་མར་ཐུན་མོང་དུ་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གལ་ཆེའི་འདུ་ཤེས་བཏོན་པས། ཧྥེ་གླིང་རྒྱལ་ཁབ་སོ་སོའི་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་ཐོབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཛའ་མཐུན་གྱི་སྲོལ་རྒྱུན་དར་སྤེལ་གཏོང་བའི་འདོན་ཚུལ་གལ་ཆེན་ལས་ཕྱོགས་གཉིས་ཀའི་འཐབ་ཇུས་ཀྱི་ངོས་ཟིན་གོང་བུར་གཅིག་འདྲིལ་བྱས་ཏེ། ཀྲུང་ཧྥེ་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་པ་རེད།

གསུམ། ཀྲུང་ཧྥེ་མཉམ་ལས་ལས་མདུན་ལྗོངས་རྒྱ་ཆེར་མངོན་པ།

ཐེངས་འདིའི་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁའི་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་ཧྥེའི་མི་དམངས་དང་འཛམ་གླིང་གི་མི་དམངས་ཀྱི་གཞི་རྩ་དང་ཐུན་མོང་གི་ཁེ་ཕན་ནས་འགོ་ཚུགས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་འཐབ་ཇུས་དང་སོ་སོའི་དགེ་མཚུན་མཐུད་སྦྲེལ་བྱས་པ་དང་། སྤྱིའི་ཆ་ནས་ཀྲུང་ཧྥེའི་རོགས་རེས་མཛའ་མཐུན་མཉམ་ལས་ཀྱི་སྤྱིའི་བཀོད་པ་དང་། འཛུགས་སྐྲུན་ལམ་རྒྱུད་དང་གལ་ཆེའི་ཁྱབ་ཁོངས་ལ་འཆར་འགོད་བྱས་ཏེ། ཀྲུང་ཧྥེའི་མཉམ་ལས་ཇེ་ཟབ་གཏོང་བའི་སྐོར་ལ་གལ་ཆེའི་ངོས་ཟིན་རབ་དང་རིམ་པ་ཞིག་བྱུང་ཡོད།

འཆར་འགོད་རི་མོ་བྲིས་ནས་ཐུན་མོང་དུ་འཕེལ་རྒྱས་ལ་འཆར་གཞི་འགོད་པ། ཀྲུང་ཧྥེའི་མཉམ་ལས་ནི་གནའ་ནས་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་རེད་ཅེས་བརྗོད། 2015ལོའི་ཡུའེ་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་ཕན་ནུས་ལེགས་པོ་རྒྱུན་མཐུད་པའི་རྨང་གཞིའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་འོངས་པའི་ལོ་3རིང་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་རིང་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད། ཉོ་འཚོང་མ་འཇོག ནུས་པ་འཛུགས་སྐྱོང་། ཚན་རྩལ། སློབ་གསོ། རིག་གནས། འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཞི་བདེ་བདེ་འཇགས་ལ་སོགས་པའི་ཁྱབ་ཁོངས་ཐད། ཧྥེ་ཕྱོགས་དང་ཐུན་མོང་དུ་“འགུལ་སྤྱོད་བརྒྱད་”ལག་ལེན་བསྟར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། དབུ་ཚོགས་ཐོག་《ཀྲུང་ཧྥེ་མཉམ་ལས་གླེང་སྟེགས—པེ་ཅིན་འགུལ་སྤྱོད་འཆར་གཞི་(2019ལོ-2021ལོ)》གྲོས་འཆམ་བྱུང་བ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྥེ་ཁྱབ་ཁོངས་སོ་སོའི་མཉམ་ལས་འཆར་འགོད་བྱེད་པ། ཧྥེ་གླིང་རྒྱལ་ཁབ་ཀྱིས་འཕེལ་རྒྱས་གོ་རིམ་ཁྲོད་ཡོངས་ཁྱབ་རང་བཞིན་དང་མཁོ་གལ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་གཙོ་བ་གནང་བ་རེད།

འཐབ་ཇུས་མཐུད་སྦྲེལ་བྱས་ནས་ཐུན་མོང་དུ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་བྱེད་པ། ཧྥེ་གླིང་ནི་“རྒྱུད་གཅིག་ལམ་གཅིག་”གི་ལོ་རྒྱུས་དང་རང་བྱུང་གི་རྒྱུད་མཐུད་ཡིན་པས། མེད་དུ་མི་རུང་བའི་ནང་ཞུགས་མཁན་ཡིན་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་སྐོར་ཐུན་མོང་གི་ངོས་ཟིན་བྱུང་བ་དང་། “རྒྱུད་གཅིག་ལམ་གཅིག་”དེ་ཨ་ཧྥེ་རི་ཁ་མཉམ་འབྲེལ་ཚོགས་པའི་《2063ལོའི་གྲོས་རིམ་》དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུད་མཐུད་རུང་བའི་འཕེལ་རྒྱས་གྲོས་རིམ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་མཉམ་དུ་མུ་མཐུད་ནས་མཐུད་སྦྲེལ་ཇེ་ཟབ་གཏོང་བར་ཁས་ལེན་གཅིག་མཐུན་བྱུང་། དབུ་ཚོགས་ཐོག་ཀྲུང་ཧྥེས་ཐུན་མོང་དུ་“རྒྱུད་གཅིག་ལམ་གཅིག་”འཛུགས་རྒྱུ་དེ་《བསྒྲགས་གཏམ་》དང་《འགུལ་སྤྱོད་འཆར་གཞི་》ཞེས་པའི་གྲུབ་འབྲས་ཡིག་ཆ་འདི་གཉིས་ནང་བྲིས་པ་རེད། དབུ་ཚོགས་ཀྱི་རིང་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་28དང་ཨ་ཧྥེ་རི་ཁའི་མཐུན་ཚོགས་ཀྱིས་རང་རྒྱལ་དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་ཡིག་ཆ་ཐོ་འགོད་བྱས་ཏེ། མཉམ་ལས་ཡིག་ཆ་ཐོ་འགོད་བྱེད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་38དུ་སླེབས། ཨ་ཧྥེ་རི་ཁ་“མང་ཆེན་ཞིག་”ཧུར་ཐག་སྒོས་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ནང་ཞུགས་པས། “རྒྱུད་གཅིག་ལམ་གཅིག་”མཉམ་དུ་འཛུགས་སྐྲུན་བྱེད་པའི་གྲོགས་པོའི་ར་བ་རྒྱ་ཆེར་སོང་ནས་ཀྲུང་ཧྥེའི་མཉམ་ལས་ལ་ཡང་ཞིང་ཁམས་གསར་པ་ཞིག་ཕྱེ་ཐུབ་ཡོད།

བརྗེ་རེས་སྤེལ་རེས་བྱས་ཏེ། མཛའ་མཐུན་མཉམ་དུ་སྐུལ་སྤེལ་བཏང་། མི་ཚེའི་སྤྲོ་བ་ནི་གཅིག་སེམས་གཅིག་གིས་ཤེས་པ་དེ་རེད། ཐེངས་འདིའི་དབུ་ཚོགས་ཀྱིས་མི་དམངས་ལྟེ་བར་བྱས་པའི་མཉམ་ལས་བྱེད་ཐབས་སྣ་མང་བཏོན་ནས་ཀྲུང་ཧྥེའི་མི་དམངས་ཕན་ཚུན་ཤེས་པ་དང་ཕན་ཚུན་བརྩེ་བར་བྱས། སློབ་དཔོན་ཆེན་མོ་ཕེང་ལི་ཡོན་ལགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བདག་མོ་36དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྤྱིའི་ལས་གཙོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་རིམས་ནད་འཆར་འགོད་ལག་བསྟར་ཀྲུའུ་རེན་དང་མཉམ་དུ་ཨེ་ཙི་རིམས་ནད་ཀྱི་སྔོན་འགོག་བརྗོད་དོན་གཙོ་བོར་བྱས་པའི་ཚོགས་འདུ་སྤེལ་བ་དང་། ཨེ་འགོག་ཨེ་བཅོས་ཀྱི་བྱེད་ཐབས་དངོས་ཀྱི་མཉམ་འབྲེལ་གྲོས་གཞི་བཏོན་པ་དང་ཁྱབ་བརྡལ་བཏང་བ་རེད། དབུ་ཚོགས་ཀྱི་སྔ་རྗེས་སུ། ཀྲུང་ཧྥེ་ཡིས་ཡན་ལག་གླེང་སྟེགས་14དང་དེའི་ལྷུ་ལག་ལས་འགུལ་སྤེལ་བ་དང་། ན་གཞོན་དང་ས་གནས། དམངས་ཁྲོད། དབུལ་ཕོངས་ཉུང་གཏོང་བཅས་འདུས་པའི་ཁྱབ་ཁོངས་བརྗེ་རེས་མཉམ་ལས་སྤེལ་བས། ཚད་མཐོ་པོའི་སྒོ་ནས་ཀྲུང་ཧྥེ་མི་དམངས་དབུ་ཚོགས་ནང་ཞུགས་པ་དང་ཀྲུང་ཧྥེ་མཉམ་ལས་ཀྱི་སྤྲོ་སེམས་དང་ཡིད་ཆེས་སྐུལ་སློང་བྱས་ཡོད། དབུ་ཚོགས་ཀྱིས་གོམ་གང་མདུན་སྤོས་སྒོས་ཀྲུང་ཧྥེ་མི་དམངས་ཀྱི་སེམས་ཁོང་ཐག་ཉེར་སྦྲེལ་བ་དང་། ཀྲུང་ཧྥེའི་མཛའ་མཐུན་མེ་ཏོག་སྔར་བས་མཚར་སྡུག་འོད་སྟོང་འབར་བར་བྱས།

བརྗེ་རེས་གཏིང་ཟབ་བྱས་ནས་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་པ། ཐེངས་འདིའི་དབུ་ཚོགས་ཐོག་ཕྱོགས་གཉིས་མང་པོའི་ལས་འགུལ་མཉམ་དུ་སྤེལ་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་མང་པོའི་ལས་འགུལ་དམ་ཟབ་སྤེལ་བ་དང་། དབུ་ཚོགས་ཐོག་ཞུགས་རྒྱུ་དང་འབྲེལ་ནས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་ཞུ་བའི་ཁོ་ཐེ་ཏི་ཝ་དང་སའེ་ལ་ལི་ཨང་། པོ་ཚི་ཝ་ན། པུ་ཅི་ན་ཧྥ་སོ། ཅ་ན། ཨའེ་ཅི། ལྷོ་ཧྥེ། ཀ་ཀོ་(པུ་)སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་8ཀྱི་ཙུང་ཐུང་དང་མཉམ་དུ་ཚོགས་འདུ་འཚོགས་ནས་རྒྱལ་དོན་ལས་འགུལ་སྤེལ་བ་དང་། ཚོགས་འདུ་ལ་ཞུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡོད་ཚད་ཀྱི་འགོ་ཁྲིད་མི་སྣ་དང་ཨ་ཧྥེ་རི་ཁའི་མནའ་མཐུན་ཨུ་ལྷན་གྱི་འགན་འཁུར་པ་སོགས་དང་མཉམ་དུ་ཕྱོགས་གཉིས་འཇལ་འཛོམས་ཀྱི་ཚོགས་འདུ་སྤེལ་ནས། ཚོགས་འདུ་ལ་ཞུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣ་“ཡོངས་ལ་ཁེབས་པ་”མངོན་འགྱུར་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀའི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ལ་གཞིགས་ནས་བརྗེ་རེས་ཟབ་མོ་སྤེལ་བ་དང་གལ་ཆེའི་ཐུན་མོང་ངོས་ཟིན་བྱུང་སྟེ། ཀྲུང་ཧྥེའི་མཛའ་འབྲེལ་མཉམ་ལས་ཇེ་བརྟན་དང་ཇེ་ཟབ་གཏོང་བའི་འགོ་ཡག་པོ་ཚུགས་པས། ནུས་ཤུགས་ཆེན་པོས་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

བཞི། ཀྲུང་ཧྥེའི་མཉམ་ལས་འཛམ་གླིང་ལ་ཕན་འདོགས་པ།

དེང་གི་འཛམ་གླིང་ལ་ལོ་བརྒྱར་ཐུག་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། བརྟན་བརླིང་མིན་པ་དང་གཏན་འཁེལ་རང་བཞིན་མིན་པ་འབུར་དུ་ཐོན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་སྒུལ་ནུས་མི་འདང་བ། གོ་ལ་ཧྲིལ་པོར་ལྡོག་པའི་གནས་བབ་གོང་དུ་འཕར་བ། སྲུང་སྐྱོང་རིང་ལུགས་དང་རྐྱང་པ་རིང་ལུགས་སྔར་བས་ཛ་དྲག་ཏུ་ཕྱིན་བཞིན་ཡོད། ཕྱོགས་སོ་སོས་སྒོ་འབྱེད་དམ་བཀག་སྡོམ། མཉམ་ལས་སམ་འགོག་རྒོལ། མཉམ་རྒྱལ་ལམ་ཁ་གཏད་བཅས་ལ་གཞིགས་ནས་བསམ་གཞིག་ཟབ་མོ་གཏོང་བཞིན་ཡོད། མིའི་རིགས་འཕེལ་རྒྱས་ཡར་ཐོན་ལ་ལམ་བཞི་མདོ་གསར་པ་མདུན་དུ་ལྷགས་ཡོད། འདི་འདྲའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ། ཀྲུང་ཧྥེས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་བྱུང་བ་ནི་ཀྲུང་ཧྥེ་ལ་ཕན་པ་མ་ཟད་འཛམ་གླིང་ལ་ཡང་ཕན།

རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་དཔེ་མཚོན་བསྐྲུན་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྲོག་ཤིང་འདུ་ཤེས་ཀྱི་ནང་གསེས་ཤིག་ཡིན། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཁེའི་རྩ་དོན་འཛིན་རྒྱུ་བཏོན་ནས། རྒྱལ་ཁབ་དང་རྒྱལ་ཁབ་འགྲོ་འོང་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་ཡོད། དབུ་ཚོགས་ཐོག་འགྲེམ་བསྒྲགས་བྱས་པའི་《པེ་ཅིན་བསྒྲགས་གཏམ་》ལས། ཀྲུང་ཧྥེས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པའི་ལམ་དུ་བསྐྱོད་དགོས་ཞེས་གསལ་སྟོན་བྱས་ཡོད། འདི་ནི་ཀྲུང་ཧྥེ་འབྲེལ་བ་ལོ་60ལྷག་གི་རིང་འཕེལ་རྒྱས་འཕོ་འགྱུར་བྱུང་བའི་དགོས་ངེས་ཀྱི་གདམ་ཀ་ཡིན་ལ། ཕྱོགས་གཉིས་ཀ་མཉམ་དུ་སྦྲེལ་ནས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡང་ཡིན། ཀྲུང་ཧྥེས་ལྷོ་ལྷོ་མཉམ་ལས་ལ་བརྟེན་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་ལག་བསྟར་བྱས་པ་དང་། རྙོག་དྲ་རྙོག་འཛིང་ཆེ་བའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་གལ་ཆེ་བའི་ཧུར་བརྩོན་གྱི་དོན་སྙིང་ལྡན།

རྒྱལ་སྤྱིའི་མ་ལག་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་ཆེད་དུ་བྱས་རྗེས་འཇོག་པ། ཀྲུང་ཧྥེ་ཡིས་དབུ་ཚོགས་འཚོགས་རིང་ལ་ཐུན་མོང་དུ་རྐྱང་པ་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་འཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པའི་སྟོབས་ཤུགས་ལྡན་པའི་འབོད་སྒྲ་བཏང་སྟེ། མཉམ་གྲོས་དང་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་རྩ་དོན་བཟུང་བའི་འདོན་ཚུལ་བཏོན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་གོ་ལ་ཅན་སྔར་བས་སྒོ་འབྱེད་དང་ཁོང་ཡངས། ཀུན་ཕན། དྲང་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འདིས་མིག་སྔར་ཉིན་རེ་བཞིན་ཁ་ཐོར་དུ་འགྲོ་བ་དང་། བག་འཁུམ། འགུལ་སྐྱོད་བཅས་ཀྱི་འཛམ་གླིང་ལ་མཐུན་སྒྲིལ་དང་ཡར་ཐོན། བརྟན་བརླིང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གསར་དུ་བསྣན་ཡོད།

འཛམ་གླིང་ཐུན་མོང་འཕེལ་རྒྱས་སྐུལ་སྤེལ་གཏོང་བར་འགན་ཁྲི་མངོན་པ། ཀྲུང་གོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་གཞི་ཅན་ཨང་གཉིས་པ་ཡིན་ལ། ཨ་ཧྥེ་རི་ཁ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཧ་ཅང་མགྱོགས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ཆེས་ལྡན་པའི་སྐམ་ས་ཡིན། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་གལ་ཆེ་ས་ཞིག་ཡིན། མིག་སྔར་འཛམ་གླིང་དཔལ་འབྱོར་སྒུལ་ཤུགས་གཡོར་ཞིང་། གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལས་འགན་ལྗིད་ལ་ལམ་ཐག་རིང་། མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་དུ་འཕེལ་རྒྱས་མངོན་འགྱུར་བྱུང་བ་ལ་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་ཧྥེའི་མི་དམངས་དུང་ཕྱུར་26གིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པ་དང་། 1ཐོག་1བསྣན་ན་2ལས་མང་བའི་ཕན་ནུས་ཆེན་པོ་འདོན་སྤེལ་བྱས་པ་ནི། མ་གཞི་ནས་འཛམ་གླིང་དབུལ་ཕོངས་ཉུང་གཏོང་དང་བྱ་གཞག་འཕེལ་རྒྱས་ལ་འཇོག་པའི་གལ་ཆེ་བའི་བྱས་རྗེས་ཤིག་ཡིན། མ་འོངས་པར་ཁ་གཏད་ཚེ། ཀྲུང་ཧྥེ་མཉམ་ལས་ཀྱི་མདུན་ལྗོངས་འོད་སྟོང་ལྡན་ལ། ནུས་ཤུགས་ཧ་ཅང་ཆེ་བས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྒྱུག་གི་ནུས་པ་ཞིག་ཏུ་འགྱུར་ངེས།

ལྔ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་མཛུབ་སྟོན་འོག་བདེ་བླག་ངང་མདུན་དུ་བསྐྱོད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག རང་རྒྱལ་གྱི་ཕྱི་ཕྱོགས་ལས་ཀ་མཁྲེགས་གཏོར་དཀའ་སེལ་དང་། ཞུན་བརྡར་བྱས་ནས་མདུན་དུ་བསྐྱོད་པ། ཉེན་ཁའི་ཉམས་སད་མང་པོ་ཐེག་ཅིང་། འཐབ་འཛིང་ཚབས་ཆེན་དང་འཐབ་འཛིང་ཛ་དྲག་མི་ཉུང་བ་ཞིག་ལ་རྒྱལ་ཁ་ཐོབ་པ། དོན་ཆེན་དང་དོན་གནད་སྣ་ཚོགས་ཤིག་ལེགས་གྲུབ་བྱུང་སྟེ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

པེ་ཅིན་དབུ་ཚོགས་ལས་ཀྲུང་གོའི་ཕྱི་འབྲེལ་གཞུང་ལུགས་དང་ལག་ལེན་གསར་གཏོད་གྲུབ་འབྲས་གཅིག་བསྡུས་སུ་མཚོན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལམ་རིམ་ཁྲོད་ཚོན་མདངས་ཟབ་མོའི་ལེའུ་ཞིག་བྲིས་ཡོད།

ཧུར་ཐག་སྒོས་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་གཏིང་ཟབ་མོའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་སྟངས་འཛིན་བྱེད་པ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་རྩ་བའི་རྩ་དོན་དང་ཡ་རབས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་དང་འཐབ་ཇུས་གསར་པ་རབ་དང་རིམ་པ་ཞིག་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་གྲུབ་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་གཏད་པའི་ལས་ཀའི་ཐད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནས་ཐིག་གཏན་འཁེལ་བྱེད་རྒྱུ་བཏོན་ནས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ལངས་ནས། ནམ་ཡང་སེམས་རྣམ་པར་དག་པའི་གྲོགས་པོ་དང་ཡིད་རྟོན་རུང་བའི་རོགས་ཟླ་བྱས་པ་དང་། ཡང་དག་པའི་ཁེ་ཕན་ལྟ་བ་དང་བསམ་པ་རྣམ་དག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཧྥེ་ཕྱོགས་ཀྱི་མཉམ་ལས་ལ་“མི་རུང་བ་ལྔ་”ལ་སོགས་པའི་གལ་ཆེའི་དགོངས་པ་རྒྱུན་འཁྱོངས་བྱས། ཐེངས་འདིའི་དབུ་ཚོགས་བདེ་བླག་ངང་བསྡུས་ཡོད་ལ། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་གལ་ཆེ་བའི་ལག་ལེན་གྲུབ་འབྲས་ཤིག་ཡིན་ལ། གལ་ཆེའི་དགོངས་པ་འདི་མུ་མཐུད་ནས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བཏང་བ་ཞིག་ཀྱང་ཡིན་པས། ང་ཚོས་རྗེས་ཕྱོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཤུགས་སྣོན་རྒྱག་པར་གལ་ཆེ་བའི་བརྩི་སྲུང་ཞིག་མཁོ་འདོན་བྱས་ཡོད།

རང་འགུལ་སྒོས་རྒྱལ་སྤྱིའི་སྤྱི་སྤྱོད་ཐོན་རྫས་མཁོ་འདོན་སྤྲོད་པ། ཀྲུང་གོའི་ཕྱི་འབྲེལ་གྱིས་ཧུར་ཐག་བརྩོན་ལེན་དང་། རང་ནུས་གང་འཇོན་གྱི་ཁྱབ་ཁོངས་ནང་སྔར་ལས་མང་བའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་འཁུར་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ནུས་ཤུགས་བྱས་རྗེས་བཞག་པ་རེད། ང་ཚོས་“རྒྱུད་གཅིག་ལམ་གཅིག་”གི་གྲོས་གཞི་ཁྱབ་བརྡལ་གཏོང་བ་དང་། རྒྱ་ཆེའི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བསྐྲུན་ཡོད། ཐེངས་འདིའི་དབུ་ཚོགས་ཀྱི་རིང་ལ་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་སྐོར་ཧྥེ་ཕྱོགས་ལ་གལ་ཆེའི་ཐོད་བརྒལ་བྱུང་ཡོད་པས། “རྒྱུད་གཅིག་ལམ་གཅིག་”གི་སྤྱི་ཡོངས་ཀྱི་འཛུགས་སྐྲུན་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་སྔར་བས་ལེགས་པོ་དང་སྔར་བས་མགྱོགས་པའི་སྒོ་ནས་རྐང་ཚུགས་པ་དང་གཞི་ཆགས་པར་སྐུལ་འདེད་གཏོང་ངེས་ཡིན། ང་ཚོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བའི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་། ཧུར་ཐག་སྒོས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་དགོས། ཐེངས་འདིར་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཧྥེའི་ཞི་བདེ་བདེ་འཇགས་མཉམ་ལས་ཐེབས་རྩ་འཛུགས་རྒྱུ་དང་། ཀྲུང་ཧྥེའི་ཞི་བདེ་བདེ་འཇགས་གླེང་སྟེགས་སྤེལ་རྒྱུ་དང་བདེ་འཇགས་ཀྱི་མཉམ་ལས་ལས་གཞི་རབ་དང་རིམ་པ་ཞིག་ལག་ལེན་བསྟར་རྒྱུ་ཁྱབ་བསྒྲགས་བྱས། འདི་ནི་ཨ་ཧྥེ་རི་ཁ་དང་འཛམ་གླིང་ཞི་བདེ་བདེ་འཇགས་ལ་འཇོག་པའི་བྱས་རྗེས་གསར་པ་ཡིན།

ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་གནས་བབ་ལེགས་འགྱུར་དང་ལེགས་བཅོས་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་རྒྱང་རིང་ལ་གཞིགས་ནས། མཐའ་འཁོར་དང་རྒྱལ་ཁབ་ཆེན་པོ་གཙོ་གནད་དུ་བཟུང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྨང་གཞིར་བྱས་པ་དང་། ཕྱོགས་མང་དེ་ཕྱི་འབྲེལ་གྱི་གར་སྟེགས་སུ་འཛིན་པ། གོ་ལ་ཧྲིལ་པོའི་རོགས་ཟླ་འབྲེལ་བའི་དྲ་ཚུགས་འཛུགས་རྒྱུ་དེ་ཐབས་ལམ་གཙོ་བོར་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་སྣེ་ཁྲིད་བྱེད་རྒྱུ་དེ་སྒོ་འབྱེད་བྱེད་ཕྱོགས་སུ་འཛིན་པ། གླིང་ཆེན་ལྔའི་རིགས་མི་འདྲ་བའི་རྒྱལ་ཁབ་དང་འགྲོ་འོང་ཡོངས་ཁེབས་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱིའི་མཉམ་ལས་སྒྲིག་སྲོལ་ཡོངས་ཁེབས་མངོན་འགྱུར་བྱས་ནས། ཕྱོགས་སོ་སོ་དང་རིམ་པ་མང་བ། འབུར་གཟུགས་ཅན་གྱི་ཕྱི་འབྲེལ་ལས་ཀའི་གནས་བབ་ཆགས་པ་དང་རྒྱ་ཆེར་གཏོང་དགོས། ཨ་ཧྥེ་རི་ཁ་ནི་རང་རྒྱལ་ཕྱི་འབྲེལ་སྤྱི་ཡོངས་ཀྱི་“རྨང་གཞིའི་ནང་གི་རྨང་གཞི་”ཡིན། ཐེངས་འདིའི་དབུ་ཚོགས་ཀྱིས་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ཇེ་ཟབ་བཏང་བ་དང་། “རྨང་གཞི་བརྟན་པོ་གཏོང་བའི་”གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཏེ། མུ་མཐུད་ནས་ཕྱི་འབྲེལ་ལས་ཀའི་གནས་བབ་ལེགས་སུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གཏིང་ཟབ་གཏོང་བར་གལ་ཆེ་བའི་དོན་སྙིང་ལྡན།

རྒྱལ་ཁབ་ཆེན་པོའི་ཐུན་མོང་མ་ཡིན་པའི་གཟི་མདངས་མངོན་པ། ཐེངས་འདིའི་དབུ་ཚོགས་ཀྱི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལས་ཀའི་གྲོས་རིམ་ཧ་ཅང་མང་བ་དང་། ཐེག་ཚད་ལས་བརྒལ་ཏེ་ཕྱོགས་གཉིས་མང་པོའི་ལས་འགུལ་70ལ་ཉེ་བ་སྤེལ་ཞིང་། ཚོགས་འདུའི་ནང་ཞུགས་པའི་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་རེ་རེ་དང་འཇལ་འཛོམས་གླེང་མོལ་སྤེལ་བས། ཕྱི་ཕྱོགས་པ་རྣམས་སེམས་འགུལ་ཚད་མེད་ཐེབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱམས་བརྩེའི་མཛའ་མཐུན་དང་ཟོལ་མེད་དངོས་གཉེར། ཁ་དན་ཚིག་གནས་དང་གྲོགས་ལ་བརྩི་བ། བཟོད་སྒོམ་དམངས་བརྩེ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ཀྱི་གཟི་ཉམས་མངོན་པ་དང་། ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣ་དང་མི་དམངས་ལ་བཅངས་པའི་མཛའ་གཅུགས་ཟབ་མོ་དེ་མངོན་ཡོད་པས། ཀྲུང་གོ་ལ་རྒྱལ་སྤྱིའི་ཐོག་བརྩི་བཀུར་དང་དད་སེམས་རྒྱ་ཆེར་ཐོབ་པ་དང་། འགོ་ཁྲིད་ཀྱི་ཕྱི་འབྲེལ་དཔེ་མཚོན་འཛུགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་འགོ་ཁྲིད་ཀྱི་ཕུལ་བྱུང་གི་གཟི་ཉམས་དང་འཛམ་གླིང་ལ་བཅངས་པའི་བརྩེ་སེམས་དང་དུས་རབས་ཀྱི་འགན་འཁྲི་མངོན་ཡོད།

དུས་རབས་ཀྱིས་འབོད་སྐུལ་གཏོང་ཞིང་། འགན་འཁྲི་ཡིས་མཛུབ་སྟོན་བྱེད་བཞིན་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་བའི་འགོ་ཚུགས་པའི་ལོ་ཡིན། ལོ་འགོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་ལས་ཀ་ལ་སྤྱིའི་ཆ་ནས་འཆར་འགོད་བྱེད་པ་དང་སྐུལ་འདེད་བཏང་སྟེ། བདེ་བླག་ངང་པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་སོགས་པའི་གཙོ་བོའི་ཕྱི་འབྲེལ་ལས་འགུལ་སྤེལ་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པའི་མཛུབ་སྟོན་འོག འཐབ་འཛིང་གི་གཏན་ཤུགས་རྒྱུན་འཁྱོངས་དང་། འཐབ་འཛིང་གི་གདེང་ཚོད་ཇེ་བརྟན་གཏོང་བ། རང་འགུལ་གྱིས་འཆར་གཞི་འགོད་པ། གཅིག་འགྱུར་ལ་ཤུགས་སྣོན་རྒྱག་པ། གཏིང་ཟབ་མོའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་འདུ་འཛོམས་ཆེན་མོའི་དུས་སྐབས་ཀྱི་ཕྱི་འབྲེལ་ལས་དོན་ལེགས་པོ་སྒྲུབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་བྱས་རྗེས་གསར་པ་འཇོག་དགོས།

བློ་བཟང་ལྷ་མོས་བསྒྱུར།