སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

༄༅།། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

(2018ལོའི་ཟླ་12ཚེས་18ཉིན།)

ཞི་ཅིན་ཕིང་།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

1978ལོའི་ཟླ་12ཚེས་18ཉིན་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་འགོད་ངེས་ཀྱི་ཉིན་མོ་གལ་ཆེན་ཞིག་རེད། ཉིན་འདིར། ང་ཚོའི་ཏང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་ཟབ་མོ་ལྡན་པའི་ཁ་ཕྱོགས་རླབས་པོ་ཆེ་བསྒྱུར་ཐུབ་པ་བྱུང་ཞིང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱང་སྐྱོད་རླབས་པོ་ཆེ་བྱེད་འགོ་ཚུགས་པ་རེད།

དེ་རིང་ང་ཚོས་འདི་གར་འདུ་འཛོམས་གཟབ་རྒྱས་ཐོག་ནས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་འོད་སྟོང་འབར་བའི་ལམ་རིམ་ཕྱིར་དྲན་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་རླབས་པོ་ཆེ་དང་རིན་ཐང་བྲལ་བའི་ཉམས་མྱོང་ཕྱོགས་བསྡོམས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་དུས་རབས་གསར་པར་སྒྱུར་བཅོས་སྒོ་འབྱེད་མུ་མཐུད་དེ་མདུན་དུ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཏང་དང་རྒྱལ་ཁབ་ག་འདྲ་བྱེད་མིན་ལོ་རྒྱུས་ཀྱི་འགག་རྩར་སླེབས་སྐབས་སུ་སྐོང་འཚོགས་བྱས་ཤིང་། སྐབས་དེར་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་། ཚན་རྩལ་ཡར་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་ནའང་། ལོ་བཅུའི་རིང་གི་“རིག་གནས་གསར་བརྗེ་ཆེན་པོའི་”ནང་ཟིང་གི་རྐྱེན་པས་རང་རྒྱལ་གྱི་དཔལ་འབྱོར་རྩ་ཐོར་དུ་འགྲོ་ཉེན་མཚམས་སུ་སླེབས་ཏེ། མི་དམངས་ཀྱི་ལྟོ་གོས་ལའང་དཀའ་ངལ་འཕྲད་པ་དང་། རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་རིགས་སྣ་ཚོགས་འཕེལ་མེད་དུ་ལུས་པ་རེད། ཏང་ཕྱི་ནང་དུ་“རིག་གནས་གསར་བརྗེ་ཆེན་པོའི་”ནོར་འཁྲུལ་ཡོ་བསྲང་བྱེད་རེ་ཆེན་པོ་བཏོན་པས། ཏང་དང་རྒྱལ་ཁབ་ཉམས་ཉེན་གྱི་ཁྲོད་ནས་སླར་སྤོབས་པ་ཆེར་བསྐྱེད་པ་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་“ང་ཚོས་ད་དུང་སྒྱུར་བཅོས་མ་བྱས་ན། ང་ཚོའི་དེང་རབས་ཅན་གྱི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀི་བྱ་གཞག་དེ་འཕུང་གི་རེད་”ཅེས་བསྟན་གནང་བ་རེད།

བློ་མཐུན་ཏེང་ཞའོ་ཕིན་གྱི་དབུ་ཁྲིད་འོག་དང་གསར་བརྗེ་མཁས་ཅན་བགྲེས་རབས་པའི་རོགས་སྐྱོར་འོག་ཏུ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་“གཡོན་”གྱི་ནོར་འཁྲུལ་གྱི་འཆིང་རྒྱ་ཡུན་རིང་དང་ཚབས་ཆེན་ལས་བརྒལ་ཏེ། “ཡིན་ཕྱིན་གཉིས་”ཀྱི་བྱེད་ཕྱོགས་ནོར་འཁྲུལ་ཅན་ལ་འགག་པ་བརྒྱབ་ཅིང་། མའོ་ཙེ་ཏུང་གི་དགོངས་པའི་ཚན་རིག་མ་ལག་ཆ་ཚང་དང་། གནད་འཁེལ་ཁོང་དུ་ཆུད་པར་བྱེད་དགོས་པའི་ཁས་ལེན་གང་ལེགས་བྱས་པ་དང་། བདེན་དོན་གྱི་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་མོལ་ལ་གདེང་འཇོག་ཧ་ཅང་ཆེན་པོ་གནང་ནས། “གྲལ་རིམ་འཐབ་རྩོད་ཀྱིས་རྐང་བྱེད་ཚུལ་”བློ་ཐག་ཆོད་པོས་མཇུག་བསྒྲིལ་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་དང་། ཆབ་སྲིད་ཀྱི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས་བཅས་བསྐྱར་དུ་གཏན་འཁེལ་གནང་བས། དེ་ནས་བཟུང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་ཡོལ་སྒོ་ཕྱེ་བ་རེད།

ང་ཚོའི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཇུས་ཐག་གཅོད་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་སྐལ་ཁོང་དུ་ཟབ་མོ་ཆུད་པ་བྱ་རྒྱུར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་ཕྱོགས་བསྡོམས་གཏིང་ཟབ་བྱ་རྒྱུར་དམིགས་ཤིང་། དུས་རབས་འཕེལ་ཕྱོགས་ཀྱི་མཐིལ་ཟབ་མོ་རྟོགས་པ་བྱ་རྒྱུར་དམིགས་པ། མི་དམངས་མང་ཚོགས་ཀྱི་རེ་སྨོན་དང་དགོས་མཁོ་ཤེས་རྟོགས་ཟབ་མོ་ཡོང་བར་དམིགས་པ་བཅས་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་“དབུལ་ཞིང་ཕོངས་པ་ནི་སྤྱི་ཚོགས་རིང་ལུགས་མ་ཡིན་”ཞེས་དང་། “ང་ཚོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱ་རྒྱུ་ནི་སྒྱུར་བཅོས་བྱེད་པའི་དམིགས་ཡུལ་ཡིན་”ཞེས་བསྟན་གནང་བ་རེད།

ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་དེའི་ཆོས་ཉིད་ལྡན་མོད་ཀྱང་། དེའི་ཁྲོད་དུ་མི་ནི་སྒྱིད་ལུག་གཞན་དབང་དུ་གྱུར་པ་གཏན་ནས་མིན་པས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་འཕོ་འགྱུར་གོ་སྐབས་དམ་འཛིན། སྙིང་སྟོབས་ཆེར་བསྐྱེད། བློ་རྩ་བརྟན་པོས་ཡར་རྒྱས་ལྷུར་ལེན་བཅས་བྱས་ན། མིའི་རིགས་ཀྱི་སྤྱི་ཚོགས་མདུན་སྐྱོད་སྔར་ལས་ལེགས་པོར་ཡོང་ཐུབ།

སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་ལ་གོ་རྟོགས་རླབས་པོ་ཆེ་སད་པ་ཞིག་ཡིན་ཞིང་། གོ་རྟོགས་རླབས་པོ་ཆེ་འདིའི་དབང་གིས་ང་ཚོའི་ཏང་ལ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་པོ་ཆེ་བྱེད་སྐལ་བྱུང་བ་རེད། སྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཐོག་གི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་པས། གསར་བརྗེ་རླབས་པོ་ཆེ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མཆོང་སྐྱོད་རླབས་པོ་ཆེའི་སྐུལ་མ་ཐེབས་སུ་བཅུག་ཡོད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

ཀྲུང་གོའི་གུང་ཁྲན་ཏང་བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། སྒྱུར་བཅོས་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་མ་བཏང་བ་བཅས་ནི་ལྔ་བཞིའི་ལས་འགུལ་སྤེལ་བ་ནས་བཟུང་རང་རྒྱལ་ལ་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དོན་དག་ཆེན་མོ་གསུམ་ཡིན་པ་དང་། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལམ་ཚད་རྡོ་རིང་ཆེན་མོ་གསུམ་རེད།

བློ་མཐུན་མའོ་ཙེ་ཏུང་གིས་ཚབ་མཚོན་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེའི་ལག་ལེན་བྱེ་བྲག་དང་ཟུང་འབྲེལ་གནང་ནས། མའོ་ཙེ་ཏུང་གི་དགོངས་པ་གསར་དུ་གཏོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། རྒྱུན་རིང་ཁྲག་བཏོན་དམར་འཛིང་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་འགྲུབ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་གནང་བ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་སྤྱི་ཚོགས་འཕོ་འགྱུར་ཟབ་ཤོས་དང་རླབས་ཆེ་ཤོས་ལེགས་འགྲུབ་བྱུང་བས། དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་བྱུང་ངོ་ཅོག་ལ་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་བ་རེད། འཚོལ་ཞིབ་བྱེད་རིམ་དུ། ཀྱག་ཀྱོག་ཚབས་ཆེན་བརྒྱུད་མྱོང་ནའང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་དུ་ཏང་གིས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཐུན་མིན་དང་གྲུབ་འབྲས་ཆེན་པོ་བླངས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་དུ་གཏོད་པར་རིན་བྲལ་གྱི་ཉམས་མྱོང་དང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས་པ་རེད།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་སུ། བློ་མཐུན་ཏེང་ཞའོ་ཕིན་གྱིས་ཚབ་མཚོན་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དྲང་ལྡོག་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་གནང་ཞིང་། འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་ལ་དཔེ་བལྟས་ཏེ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་བ་དང་། ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་ཟབ་མོ་གནང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་གནང་བ། རང་ངོས་ཀྱི་ལམ་བུར་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལུགས་ཁ་གསལ་བཏོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ། དུས་རབས་21པའི་དུས་དཀྱིལ་དུ་སླེབས་སྐབས་གོམ་རིམ་གསུམ་ལ་བརྟེན་ནས་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་རྩ་བའི་ཆ་ནས་མངོན་འགྱུར་བྱེད་པའི་འཐབ་ཇུས་གཏན་ལ་ཕབ་པ་བཅས་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱས་པ་ལམ་ལྷོང་བྱུང་བ་རེད།

ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་ལ། བློ་མཐུན་ཅང་ཙེ་རྨིན་གྱིས་ཚབ་མཚོན་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་གནང་བ་དང་། གང་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་པ་དང་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ། ཏང་ཇི་ལྟར་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས། ཏང་སྐྱོང་དང་རྒྱལ་སྐྱོང་གི་རིན་བྲལ་ཉམས་མྱོང་བསགས་པས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཤིན་ཏུ་ཆེ་བ་དང་། འཛམ་གླིང་ཐོག་སྤྱི་ཚོགས་རིང་ལུགས་ལ་ཀྱག་ཀྱོག་ཚབས་ཆེན་བྱུང་བའི་ཚོད་བགམ་འཕྲད་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དམིགས་འབེན་དང་རྩ་བའི་གཞི་སྒྲོམ་གཏན་འཁེལ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་གཏན་འཁེལ་བཅས་གནང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་སྐུལ་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པར་སྐུལ་སྤེལ་བཏང་བ་ལམ་ལྷོང་བྱུང་བ་རེད།

ཏང་གི་ཚོགས་ཆེན་བཅུ་དྲུག་པའི་རྗེས་ལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚབ་མཚོན་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་བླང་བྱ་གསར་པར་གཞིགས་ནས། དུས་བབ་གསར་པའི་འོག་འཕེལ་རྒྱས་ཇི་འདྲ་ཞིག་མངོན་འགྱུར་ཡོང་བར་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་གནང་བ་དང་ལན་བཏབ་ཡོད་པས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་ཆགས་ཤིང་། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱེད་རིམ་དུ་ལག་ལེན་དངོས་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་སྤེལ་བཏང་བ་དང་། མི་གཙོ་བོར་འཛིན་པ་དང་། ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དགོས་ལུགས་ནན་བཤད་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་ཆགས་ཤིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱས་པ་དང་། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྐུལ་སྤེལ། ཞི་མཐུན་གྱི་འཛམ་གླིང་སྐྲུན་པར་སྐུལ་འདེད། ཏང་གི་སྲིད་སྐྱོང་ནུས་པ་ལེགས་སྐྱོང་དང་སྔོན་ཐོན་རང་བཞིན་ལེགས་སྐྱོང་ལ་སྐུལ་འདེད་བཅས་བྱས་པས། ལོ་རྒྱུས་ཀྱི་འཕེལ་གཞི་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་ལམ་ལྷོང་བྱུང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསར་པར་ཁྱོན་ཡོངས་ནས་ཞིབ་གཟིགས་གནང་བ་དང་། ལག་ལེན་དངོས་ཕྱོགས་བསྡོམས་དང་། མ་འོངས་པར་རྒྱང་བལྟ་བྱེད་པར་བརྟེན་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གང་འདྲ་གཏོང་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་ལན་ཟབ་མོ་བཏབ་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཆགས་ཤིང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་སྤྱིའི་བཀོད་པ་མཐའ་འཁྱོངས་བྱས་ཐོག ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཐད་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་འཕོ་འགྱུར་དང་། ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་གྲུབ་འབྲས་ཐོབ་པའི་སྐུལ་སྤེལ་ཐེབས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་རེད། ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་བློ་རིག་ལ་བརྟེན་ཏེ། ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གྱི་སྤྱིའི་དམིགས་ཡུལ་བཏོན་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྒྱུར་བཅོས་རྒྱུད་རིམ་ལྡན་པ་དང་། ཆ་ལག་ཚང་བ། མཐུན་སྦྱོར་ལྡན་པ་བཅས་བྱེད་ཤུགས་ཇེ་ཆེར་གཏོང་གང་ཐུབ་དང་། ལམ་ལུགས་འགངས་ཆེན་གསར་གཏོད་དམ་འཛིན་གང་ཐུབ། མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཇེ་མང་ཡོང་གང་ཐུབ་བཅས་བྱེད་ཕྱིར་ཡིན་ཞིང་། སྒྱུར་བཅོས་ཀྱི་འཆར་གཞི་ཁག་1600ཙམ་བཏོན་ནས། དཀའ་གནད་མི་ཉུང་བ་ཞིག་སེལ་བ་དང་། དཀའ་ཚེགས་མི་ཉུང་བ་ཞིག་བརྒྱུད་ཡོད་པས། སྒྱུར་བཅོས་ཀྱི་ཐད་ལ་སྒུལ་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་དང་། གནད་མང་སྒྲོལ་བ། གོམ་བགྲོད་རིམ་བརྟན། སྐུལ་འདེད་ཟབ་སྤེལ་བཅས་ཀྱི་རྣམ་པ་ཐོན་པ་རེད།

དཀའ་སྡུག་མྱངས་ཕྱིན་སྦྱོང་བརྡར་ལོས་ཀྱང་ཐེབས། ལོ་ངོ་40འདས་རིང་། ང་ཚོས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བློ་ཁོག་ཆེན་པོས་ཚོད་ལྟ། ལེགས་བཅོས་ཕོད་པ་བཅས་ཀྱི་ཐོག་ནས། འཕེལ་རྒྱས་གཏོང་གཞི་གསར་པ་བཏོད་ཡོད། ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་པ་དང་། ཞང་གྲོང་ཁེ་ལས་གློ་བུར་དུ་ཐོན་པ། ཞིང་ལས་ཀྱི་དཔྱ་ཁྲལ་དང་། འབྲོག་ལས་ཀྱི་དཔྱ་ཁྲལ། དམིགས་བསལ་ཐོན་རྫས་ཀྱི་དཔྱ་ཁྲལ་བཅས་མེད་པར་བཟོས་པ་ནས་གྲོང་གསེབ་ཀྱི་ཐོན་འགན་གཙང་ལེན་བྱེད་པའི་ས་ཞིང་གི་“དབང་གསུམ་”ལོག་འཛུགས་དང་། དབུལ་བྲལ་འགག་སྒྲོལ་རྣམ་པར་རྒྱལ་བར་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར། ཧྲེན་ཀྲེན་སོགས་པའི་དཔལ་འབྱོར་དམིགས་བསལ་ཁུལ་གསར་འཛུགས་དང་། མཚོ་རྒྱུད་དང་མཐའ་མཚམས། གཙང་རྒྱུད། ལམ་རྒྱུད་བཅས་དང་། ནང་སའི་ལྟེ་གནས་གྲོང་ཁྱེར་ཕྱི་ཕྱོགས་སུ་སྒོ་ཕྱེ་བ་ནས་འཛམ་གླིང་གི་ཚོང་དོན་རྩ་འཛུགས་སུ་ཞུགས་པ་དང་། “རྒྱུད་གཅིག་ལམ་གཅིག་”ལྷན་དུ་སྐྲུན་པ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་ཇུས་འགོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་མ་གཉེར་བ་བཅས་ལམ་ལྷོང་བྱུང་ཞིང་། “ནང་དུ་འདྲེན་པ་”ནས་“ཕྱི་རུ་སྐྱོད་པ།” རྒྱལ་གཉེར་ཁེ་ལས་ཆེ་འབྲིང་ཆུང་གསུམ་ཡག་པོར་གཉེར་བ་དང་། ཁེར་ལས་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནས་རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་འཕེལ་རྒྱས་བཏང་བ། སྤྱི་ལ་དབང་བའི་ལམ་ལུགས་རྐྱང་པ་ནས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱེད་པ་དང་། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་ཐུན་མོང་དུ་འཕེལ་རྒྱས་གཏོང་བ་དང་“འགྱུར་བ་སྤུ་ཙམ་གཏོང་མི་རུང་བ་གཉིས་”མཐའ་འཁྱོངས་བྱས་པ། སྲོལ་རྒྱུན་གྱི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་སྔར་བྱུང་མ་མྱོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་དེ་ནས་ཐོན་ཁུངས་བགོ་སྒྲིག་གི་ཁྲོད་དུ་ཚོང་རྭས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཙོ་བོར་བྱེད་པ་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་སྒྲིག་སྲོལ་དང་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས། སྲིད་འཛིན་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་སྒྲིག་སྲོལ་སྒྱུར་བཅོས། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས། ཕྱི་དོན་སྒྲིག་སྲོལ་སྒྱུར་བཅོས། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས། རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་སྲོལ་སྒྱུར་བཅོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་སོགས་སྒྱུར་བཅོས་འགངས་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ཏན་ཏིག་ངང་སྤེལ་བ། དམངས་བདེ་དང་། དམངས་ཕན། དམངས་ཁེ་བཅས་ཡོང་ཐབས་ཁག་རྒྱུན་མཐུད་ལག་བསྟར་བྱས་པས། སྒྱུར་བཅོས་སྒོ་འབྱེད་དེ་དེང་རབས་ཀྱི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་། སྣང་ཚུལ་བརྗིད་ཉམས་ཆེ་ཤོས་སུ་གྱུར་པ་རེད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་། དུས་རིམ་གསར་པ་འགོ་ཚུགས་པ་ནས་དུས་རབས་གསར་པར་བར་བརྒལ་བྱས་པ་དང་། འགོ་ཚུགས་གཞི་གསར་པ་ནས་དུས་རབས་གསར་པར་སླེབས་ཏེ། ལོ་ངོ་40རིང་སྐྱིད་སྡུག་མཉམ་དུ་མྱངས། ལོ་ངོ་40རིང་དཀའ་ངལ་གཙང་མར་སེལ། ལོ་ངོ་40རིང་འབད་འབུངས་མདུན་དུ་བསྐྱོད། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་རི་མོ་རྒྱ་ཁྱོན་ལྷག་པར་ཆེ་ལ། བརྗིད་ཆགས་ཉམས་དང་ལྡན་པ་ཞིག་བྲིས་གྲུབ་ཡོད་ལ། མི་སེམས་རབ་ཏུ་འགུལ་ཞིང་། སྤོབས་པས་རི་ཀླུང་སྒུལ་བར་བྱེད་པའི་བསྟོད་གླུ་བརྩམས་ཟིན།

——ལོ་ངོ་40འདས་རིང་། ང་ཚོས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་འགྱུར་མེད་མཐའ་འཁྱོངས། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་འགྱུར་མེད་མཐའ་འཁྱོངས་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གང་ཅི་གསར་གཏོད་བློ་ཁོག་ཆེན་པོས་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ལག་ལེན་གྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་རྒྱུན་མི་ཆད་པ་ལྡན་པར་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཆགས་ཏེ། དགག་ལན་སློག་ཐབས་བྲལ་བའི་དོན་དངོས་ཐོག་ནས་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་དགུང་དུ་ལྷབ་ལྷོབ་གཡོས་པ་རེད།

——ལོ་ངོ་40འདས་རིང་། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བས། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3679ནས་2017ལོར་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་82.7དུ་འཕར་བས། ལོ་རེར་འཕར་ཚད་དངོས་ཆ་སྙོམས་སུ་9.5%ཟིན་ཏེ། འཛམ་གླིང་གི་དུས་མཉམ་དཔལ་འབྱོར་གྱི་ལོ་རེའི་འཕར་ཚད་2.9%ཡས་མས་ཀྱི་མྱུར་ཚད་ལས་ཀྱང་ཆེར་མགྱོགས་པ་བྱུང་ཡོད། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་འཛམ་གླིང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཟིན་གྲངས་སྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་དུས་སུ་1.8%ཡིན་པ་ནས་15.2%བར་འཕར་ཞིང་། ལོ་མང་གི་རིང་ལ་འཛམ་གླིང་གི་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བ་རེད། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་འབོར་བསྡོམས་གྲངས་ཨ་སྒོར་དུང་ཕྱུར་206ནས་ཨ་སྒོར་དུང་ཕྱུར་ཁྲི་4ལས་བརྒལ་ཏེ། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་བཞག་པ་བཀོལ་ཚད་རིམ་པར་བསགས་ན་ཨ་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བ་དང་། ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.9ཟིན་པ་རེད། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཤིང་། འཛམ་གླིང་ཐོག་དེང་རབས་ཀྱི་བཟོ་ལས་མ་ལག་ཆ་ཚང་ཤོས་བཙུགས་པ་དང་། ཚན་རྩལ་གསར་གཏོད་དང་ལས་གཞི་གལ་ཆེན་གྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་རེད། རང་རྒྱལ་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་དོད་པ་དང་། ཆ་འཕྲིན་ཤར་བགྲོད། གཞུང་ལམ་དྲ་སྦྲེལ། ལྕགས་ལམ་ཁྱབ་ཆེ། ཆུ་རགས་མཐོ་བ། ནུབ་རླངས་ཤར་འདྲེན། ནུབ་ཆུ་བྱང་འདྲེན། མྱུར་བགྲོད་ལྕགས་ལམ། གྲུ་ཆེན་རྒྱང་གཏོང་། གནམ་གྲུ་འཕུར་ལྡིང་། རང་བྱུང་འོབས་ཆེན་བཅས་པའི་བདེ་ལམ་ཆགས་ཡོད། ད་ལྟ་རང་རྒྱལ་ནི་འཛམ་གླིང་ཐོག་དཔལ་འབྱོར་དངོས་ཚན་ཨང་གཉིས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཚོང་ཟོག་འཛད་སྤྱོད་ཀྱི་རྒྱལ་ཁབ་ཨང་གཉིས་པ། ཕྱི་རྒྱལ་གྱི་མ་དངུལ་འདུ་བའི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་བཅས་ཡིན་པ་དང་། རང་རྒྱལ་གྱི་ཕྱི་རྒྱལ་དངུལ་བརྗེས་གསོག་འཇོག་ལོ་མང་རིང་བསྟུད་མར་འཛམ་གླིང་ཐོག་ཨང་དང་པོར་སླེབས་ཏེ། ཀྲུང་གོའི་མི་དམངས་ཕྱུག་སྒྱུར་དང་། སྟོབས་ཆེན་དུ་བསྒྱུར་བའི་རྒྱང་སྐྱོད་ཀྱི་བགྲོད་ལམ་དུ་གོམ་སྟབས་ཕུ་ཐག་ཆོད་པོར་སྤོས་པ་རེད།

ལོ་ངོ་40འདས་རིང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་སྤེལ་བཏང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་སྒྲིག་སྲོལ་ཉིན་རེ་བཞིན་འཐུས་ཚང་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཉིན་རེ་བཞིན་འཐུས་ཚང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་དང་ཁྲིམས་སྐྱོང་གི་འགན་སྲུང་སྔར་ལས་ནུས་ལྡན། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་བས་སྲ་བརྟན་བཅས་བྱུང་ཞིང་། མི་དམངས་ཀྱིས་ཁྲིམས་མཐུན་ལྟར་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་དང་ལག་བསྟར་བྱེད་པའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པོ་དང་། ཐབས་ལམ་སྔར་ལས་སྟབས་བདེ། རྣམ་པ་སྔར་ལས་མང་དུ་ཕྱིན་ཡོད་ལ། རང་ཉིད་ཀྱི་ལས་དབང་རང་གིས་འཛིན་པའི་ཀྲུང་གོའི་མི་དམངས་ཀྱི་སྔར་མེད་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་དུ་གཏོད་སེམས་བཅས་འཕེལ་ཏེ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་རི་ཀླུང་ཁྱུར་མིད་གཏོང་ཐུབ་པ་ལྟ་བུའི་སྟོབས་ཤུགས་ཆེན་པོ་མངོན་བཞིན་ཡོད།

ལོ་ངོ་40འདས་རིང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལམ་སྣེ་སྟོན་པ་དང་། གླེང་ཕྱོགས་ཡང་དག་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ། སྔོན་ཐོན་རིག་གནས་ལ་བརྟེན་ནས་མིའི་བསམ་བློ་ལེགས་སྐྱོང་། རྩོམ་རིག་ཕུལ་བྱུང་ལ་བརྟེན་ནས་ངར་ཤུགས་སློང་བ་བཅས་མཐའ་འཁྱོངས་བྱས་པས། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་ཁྱབ་ཆེན་བྱུང་བ་དང་། དུས་རབས་ཀྱི་མིག་དཔེ་དང་། དཔའ་བོ་དང་དཔེ་བཟང་ཅན་ཟམ་མི་ཆད་པར་ཐོན་ཞིང་། རིག་གནས་སྒྱུ་རྩལ་ཉིན་བཞིན་དར་རྒྱས་དང་། དྲ་འཕྲིན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བྱུང་བ། མི་རིགས་ཡོངས་ཀྱི་ཕུགས་བསམ་དད་སེམས་དང་། རིག་གནས་ཀྱི་གདེང་ཚོད་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་པའི་སྟོབས་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་ཕྱིན་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་པ་ལས་བྱུང་བའི་སྒྱུར་བཅོས་སྒོ་འབྱེད་ཀྱི་སྙིང་སྟོབས་རླབས་པོ་ཆེས་མི་རིགས་ཀྱི་སྙིང་སྟོབས་དོན་སྙིང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དེང་རབས་ཀྱི་ཀྲུང་གོའི་མི་དམངས་ཀྱི་བསམ་བློའི་མཚོན་རྟགས་མངོན་གསལ་དོད་ཤོས་སུ་གྱུར་ཡོད།

ལོ་ངོ་40འདས་རིང་། ང་ཚོས་འཕེལ་རྒྱས་གཏོང་རིམ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བྱིས་པར་བསླབ་བྱ་ལྡན་པ་དང་། བསླབ་ན་ཁྲིད་མཁན་ཡོད་པ། རྩོལ་བར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོང་མཁན་ཡོད་པ་བཅས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་དང་མི་དམངས་ལ་བདེ་རྩ་བསྐྲུན་ཡོད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་171ཡིན་པ་ནས་སྒོར་ཁྲི་2.6བར་འཕར་བ་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་བསྟུད་མར་མང་དུ་འགྲོ་བཞིན་ཡོད། རང་རྒྱལ་གྱི་དབུལ་ཕོངས་མི་འབོར་སྔ་ཕྱི་བསྡོམས་ན་དུང་ཕྱུར་7.4ཉུང་དུ་སོང་བ་དང་། དབུལ་པོ་ཐོན་ཚད་བརྒྱ་ཆའི་གཞི་གྲངས་94.4ཆག་པས། མིའི་རིགས་ཀྱིས་དབུལ་ཕོངས་ལ་རྒོལ་བའི་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལེའུ་བརྩམས་ཡོད། སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་སྟེ་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་བྱུང་ཚད་93.8%ཟིན་ཡོད། རང་རྒྱལ་གྱིས་རྒན་གསོ་དང་། སྨན་བཅོས། མ་མཐའི་འཚོ་རྟེན་འགན་སྲུང་། སྡོད་ཁང་བཅས་ཚུད་པའི་འཛམ་གླིང་ཐོག་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཆེ་ཤོས་བསྐྲུན་པ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཁེབས་ཚད་མི་འབོར་དུང་ཕྱུར་9ལས་བརྒལ་ཞིང་། སྨན་བཅོས་འགན་བཅོལ་ཁེབས་ཚད་མི་འབོར་དུང་ཕྱུར་13ལས་བརྒལ་ཡོད། རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་གྱུར་ཚད་58.52%ལ་སླེབས་ཏེ་བརྒྱ་ཆའི་གཞི་གྲངས་40.6འཕར་ཡོད། སྡོད་དམངས་ཀྱི་སྔོན་དཔག་ཚེ་ཚད་1981ལོར་ལོ་67.8ཡིན་པ་ནས་2017ལོར་ལོ་76.7བར་འཕར་ཡོད། རང་རྒྱལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བས། འཛམ་གླིང་ཐོག་བདེ་འཇགས་ཀྱི་ཚོར་སྣང་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་གྱུར་ཡོད། འབྲུ་རིགས་དང་། རས། ཤ་རིགས། སྣུམ། སྲན་ཕྱུར་བཅས་ཉོ་བྱེད་ཀྱི་སྤ་སེ་དང་། ཞོར་ཟས་ཉོ་དེབ། བཟོ་ལས་ཐོན་རྫས་འཛིན་བྱང་སོགས་སྔོན་ཆད་མི་སེར་གྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་འཛིན་ཡིག་རྣམས་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་བསྐྱལ་ཡོད་ཅིང་། བཀྲེས་ལྟོགས་བཟོད་པ་དང་། ཟས་གོས་གཉིས་དཀོན། འཚོ་བ་དཀའ་ངལ་ཆེ་བ་བཅས་ལོ་ངོ་སྟོང་ཕྲག་འགའི་རིང་རང་རྒྱལ་གྱི་མི་དམངས་རྣམས་སྡུག་ལ་སྦྱར་བའི་དཀའ་ངལ་དེ་དག་སྤྱིའི་ཆ་ནས་བསྐྱར་ལོག་ཡོང་མི་སྲིད།

ལོ་ངོ་40འདས་རིང་། ང་ཚོས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་པས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་ངང་ཆགས་ཤིང་། བྱེད་པོའི་གཙོ་གནས་ཐོན་ཁུལ་གྱི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་། ནུས་ཁུངས་གྲོན་ཆུང་དང་ནུས་བསྲི་སྙིགས་འཕྲིར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། སྐྱེ་ཁམས་འགངས་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ཞིང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་མངོན་གསལ་ཆེ་རུ་ཕྱིན་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ངང་ཞུགས་པ་དང་ཁྲིད་སྟོན་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱི་སྐྱེ་ས་དང་འཚོ་རྟེན་གྱི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བར་གྱུར་ཡོད།

ལོ་ངོ་40འདས་རིང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ང་ཚོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་། མི་དམངས་ཀྱི་དམག་དཔུང་ལ་གསར་བརྗེའི་རང་བཞིན་ལྡན་པའི་བསྐྱར་སྐྲུན་ཐུབ་པའི་སྐུལ་འདེད་བཏང་ཞིང་། གོ་མཚོན་དང་སྒྲིག་ཆས་ལ་ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་འགག་སྒྲོལ་བྱུང་བ་དང་། དམག་དཔུང་སྐྱོང་བར་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད་ལ། གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་མི་དམངས་དམག་དཔུང་གི་ནུས་པ་མངོན་གསལ་དོད་པོར་ཆེ་རུ་ཕྱིན་ཏེ། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྲུང་སྐྱོབ་དང་། མེས་རྒྱལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་གཞོམ་ཞིག་མེད་པའི་སྟོབས་ཤུགས་སུ་གྱུར་ཡོད།

ལོ་ངོ་40འདས་རིང་། ང་ཚོས་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཤིང་། སྔ་ཕྱིར་ཞང་ཀང་དང་ཨའོ་མོན་ལ་བདག་དབང་སླར་གསོ་བྱས་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱའི་མཚན་ཤས་ཡོངས་སུ་གཙང་མར་དག་པར་བྱས་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ཐུན་མོང་ལྟ་བ་”མཐའ་འཁྱོངས་བྱས་ནས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་སྤེལ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་དང་བཀག་སྡོམ་བཅས་བྱས་ཐོག ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ངོས་འཛིན་གཅིག་མཐུན་ཡོང་བའི་འདུ་ཤེས་དང་རིག་གནས་ངོས་འཛིན་གཅིག་མཐུན་ཡོང་བའི་འདུ་ཤེས་ཇེ་ཆེར་སོང་བ་དང་། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འདོད་བློ་སྔར་བས་སྲ་ཞིང་བརྟན་པོར་གྱུར་ཡོད།

ལོ་ངོ་40འདས་རིང་། ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་སྐྱོད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཤིང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་ཕྱེ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཐུབ་པར་བྱས་པ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་ནས། མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་དགོས་ངེས་ཕུལ་ཡོད། ང་ཚོས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་སྡེ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ཡོང་བ་དང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ལྟ་བ་གསལ་སྟོན་གྱིས་ངོ་རྒོལ་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་ཟམ་མི་ཆད་པར་སྐྱེས་སུ་ཕུལ་ཡོད། རང་རྒྱལ་འདི་ཉིད་འཛམ་གླིང་གི་གར་སྟེགས་དབུས་དང་ཇེ་ཉེར་བསྐྱོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་འཛམ་གླིང་གི་ཞི་བདེ་སྐྱོང་བ་པོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐྱེས་སུ་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་སུ་གྱུར་ཡོད།

ལོ་ངོ་40འདས་རིང་། ང་ཚོས་ཏང་གི་འགོ་ཁྲིད་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་བྱས་ཏེ། དུས་ཡུན་རིང་པོར་སྲིད་སྐྱོང་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ཏང་གི་མདུན་དུ་ཉེན་ཁ་དང་ཉམས་སད་སྣ་ཚོགས་བྱུང་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་སྤེལ་བཏང་ཞིང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཛིན་བྱས་ཡོད། ང་ཚོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ད་ང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཁོར་ཕྱོགས་གསར་པ་རྒྱུན་མི་ཆད་པར་བཏོད་ཡོད། ཏང་གིས་ཏང་སྐྱོང་བ་དང་། ཏང་ནན་པོར་སྐྱོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་མར་སྐྱོང་བ་བཅས་ང་ཚོས་མཐའ་འཁྱོངས་བྱས་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་བཟང་དར་སྤེལ་དང་སྒྲིག་ལམ་ནན་པོར་བསྲུངས་ཤིང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་དག་ཐེར་བཅོས་སྐྱོང་ཤུགས་ཆེན་བྱས་པ་དང་། བཟོད་སྒོམ་སྤུ་ཙམ་མེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོར་བཅད་པས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ང་ཚོའི་ཏང་གིས་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་དུ་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད།

ལོ་ངོ་40འདས་པའི་སྐལ་བཟང་གསོས་སུ་སྨིན་དུས། དཔྱིད་ཀྱི་མེ་ཏོག་བཞད་དང་སྟོན་འབྲས་སྨིན་པ་བཞིན། སྒྱུར་བཅོས་སྒོ་འབྱེད་བྱས་པས་ཀྲུང་གོའི་རྣམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ། ཀྲུང་གོའི་མི་དམངས་ཀྱི་རྣམ་པ། ཀྲུང་གོའི་གུང་ཁྲན་ཏང་གི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་ཐུབ་པར་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཙུགས་པ་དང་འཕེལ་རྒྱས་བྱུང་བ་ནས་འཐུས་ཚང་གི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་མི་དམངས་ལྟོ་གོས་མི་འདང་བ་ནས་འབྱོར་འབྲིང་དང་འབྱོར་ཕྱུག་གི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ཀྲུང་ཧྭ་མི་རིགས་རྣམ་པ་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད།

ལོ་ངོ་40འདས་རིང་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ལྷུང་བ་མིན་ལ། གཞན་གྱིས་སྦྱིན་པ་བཏང་བ་ནི་དེ་བས་ཀྱང་མིན་པར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལས་ལ་བརྩོན་ཞིང་བློ་རིག་དང་། བློ་སྟོབས་བཅས་ལ་བརྟེན་པ་ལས་བྱུང་བ་ཡིན། ང་ཚོས་ལོ་ངོ་བཅུ་ཕྲག་འགའ་སྤྱད་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་བརྒྱུད་པའི་བཟོ་ལས་ཅན་གྱི་བརྒྱུད་རིམ་འགྲིམས་ཡོད། ཀྲུང་གོའི་མི་དམངས་ཀྱིས་དཔེ་མི་སྲིད་པ་ཞིག་སྲིད་པར་གྱུར་ཡོད་པས། མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་མཁན་ཀྲུང་གོའི་མི་དམངས་ལ་ང་ཚོ་སེམས་དཔངས་མཐོ་ཞིང་སྤོབས་པ་སྐྱེད་མུས་ཡིན།

འདི་གར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འཐབ་ཕྱོགས་ཁག་གིས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཆེད་དུ་བློ་རིག་དང་སྟོབས་ཤུགས་ཕུལ་བའི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། ལས་བྱེད་པ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཉེན་རྟོག་དྲག་དཔུང་གི་དཔོན་དམག སྤྱི་བདེ་ལས་བྱེད་པ་བཅས་དང་། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་དང་། མི་དམངས་ཀྱི་ཚོགས་པ་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་བཅས་ལ་གུས་འདུད་བླ་ན་མེད་པ་ཞུ་རྒྱུ་དང་། མེས་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འབད་བརྩོན་ཧུར་ཐག་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཕྱི་རྒྱལ་བ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

ལོ་ངོ་40འདས་རིང་གི་ལག་ལེན་ལས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་གསར་གཏོད་བྱས་པ་ནི་རྦད་དེ་ཡང་དག་ཡིན་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་ཆགས་ཟིན་པ་ནི་རྦད་དེ་ཡང་དག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།

ལོ་ངོ་40འདས་རིང་གི་ལག་ལེན་ལས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་ལམ་དུ་ལྷོང་བའི་ཉམས་མྱོང་མཁོ་འདོན་བྱས་ཤིང་འོད་སྟོང་ལྡན་པའི་མདུན་ལྗོངས་གསལ་པོར་བསྟན་ཡོད་པས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དར་བ་དང་ཡར་ཐོན་ཡོང་བར་བྱས་རྗེས་གལ་ཆེན་བཞག་པ་ར་འཕྲོད་བྱུང་ཡོད།

ལོ་ངོ་40འདས་རིང་གི་ལག་ལེན་ལས། སྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོའི་ཐོག་ནས་དུས་རབས་ཀྱི་རྗེས་ཟིན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ལྡོག་མེད་ཅིག དེང་རབས་ཀྱི་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གནད་ཀ་ཞིག་བཅས་ཡིན་ལ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་གྱུར་ཐུབ་མིན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་མིན་ཐག་གཅོད་བྱེད་པའི་འགག་རྩའི་གནད་ཀ་ཞིག་ཀྱང་ཡིན་པ་ར་འཕྲོད་བྱུང་ཡོད།

ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བསྟུན་མཁས་འགྱུར་མཁས་དང་། རང་འགུལ་གྱིས་འགྱུར་ལྡོག་ཐུབ་ན་ད་གཟོད་དུས་རབས་ཀྱི་འགྲོས་དང་མཉམ་གཤིབས་མཉམ་བགྲོད་བྱེད་ཐུབ། “ལག་ལེན་བསྟར་ན་ཤེས་རྟོགས་ཟབ་མོ་ཡོང་། ཤེས་རྟོགས་ཟབ་ན་ལག་བསྟར་དཔྱིས་ཕྱིན་ཐུབ།” སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་བསགས་པའི་ཉམས་མྱོང་གལ་ཆེན་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་ཞིང་། འདི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་སློབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་གཅེས་འཛིན་སྔར་ལས་ལྷག་པར་བྱས་ནས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་དང་། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།

དང་པོ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་ཏེ། ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན་པ་ང་ཚོའི་བློ་སྒོ་ཕྱེ་བ་རེད། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པའི་དབང་གིས། ང་ཚོ་ད་གཟོད་ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་པོ་ཆེ་མངོན་འགྱུར་བྱུང་ནས། སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་པ་དང་། ད་གཟོད་ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་འཇལ་ཏེ་དཀའ་ཉེན་གྲངས་མེད་སེལ་ཐུབ་པ་བྱུང་ཞིང་། ད་གཟོད་འགྱུར་ལྡོག་ལ་ཁ་གཏད་དང་། ཟིང་ཆ་ཞོད་འཇགས། ཆུ་ལོག་ལས་རྒྱལ་བ། དམིགས་བསལ་གློ་ཚད་སྔོན་འགོག ས་ཡོམ་གྱི་གནོད་པ་འགོག་སེལ། ཉམས་ཉེན་སེལ་བ་བཅས་ཀྱི་ནུས་པ་བྱུང་བ་རེད། ད་གཟོད་བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་སྐྱོད་པར་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འགྲིམས་ཐུབ་པ་རེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་ན། ཏང་གི་འགོ་ཁྲིད་ངེས་པར་རྒྱུན་མི་ཆད་པར་ལེགས་བཅོས་བྱས་ཏེ། ཏང་གི་འགོ་ཁྲིད་ལག་ལེན་དང་། དུས་རབས། མི་དམངས་ཀྱི་བླང་བྱ་དང་སྔར་ལས་མཐུན་པོ་ཡོང་བར་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཐུག་པའི་རྩ་དོན་གྱི་གནད་དོན་འདིའི་ཐད། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཚད་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་“འདུ་ཤེས་བཞི་”འཛིན་ཤུགས་ངེས་པར་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཐོག ཏང་གི་འགོ་ཁྲིད་འདི་སྒྱུར་བཅོས་གོང་སྤེལ་བརྟན་ལྷིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་ལག་བསྟར་དང་མཚོན་ཐུབ་པར་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་ཀྱི་གོམ་པ་རེ་རེ་བཞིན་སྤོས་པ་ནི་ལས་སླ་པོ་ཞིག་མ་ཡིན་ལ། འབྱུང་འགྱུར་ཡང་ཉེན་ཁ་དང་འགྲན་སློང་འདྲ་མིན་སྣ་ཚོགས་འཕྲད་ངེས་དང་། བསམ་ཡུལ་ལས་འདས་པའི་རྦ་རླབས་འཇིགས་སུ་རུང་བའང་འཕྲད་སྲིད་པས། ང་ཚོའི་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅི་མཐུན་སྦྱོར་བྱས་ནས་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་མཐུན་ལྟར་སྲིད་སྐྱོང་བཅས་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་བ། ཏང་གི་སྲིད་སྐྱོང་འཇོན་ཐང་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་གིས་ཁ་ཕྱོགས་གསལ་སྟོན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་དང་ངེས་གནས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུ་གཟིངས་འདི་ཁ་ཕྱོགས་ཡང་དག་གི་ཕྱོགས་སུ་རླབས་གཤག་མདུན་སྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།

གཉིས་པ། མི་དམངས་ལྟེ་བར་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་འཚོ་བའི་རེ་སྨོན་བཟང་པོ་རྒྱུན་མི་ཆད་པར་མངོན་འགྱུར་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། སྒྱུར་བཅོས་སྒོ་འབྱེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིའང་ཡིན་པ་ང་ཚོའི་བློ་སྒོ་ཕྱེ་བ་རེད། རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་ཞིང་། མི་དམངས་ཁྲོད་དུ་རྩ་བ་ཚུགས་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པས། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་ང་ཚོའི་ལས་དོན་ཐམས་ཅད་ཀྱི་རྩ་བའི་དམིགས་བྱ་དང་གཞི་ཚུགས་གཞིར་ཅིས་ཀྱང་འཛིན་དགོས་པ་དང། མི་དམངས་ཀྱིས་བརྩི་བཀུར་ཞུ་མིན་དང་། ཡིད་མཐུན་བྱེད་མིན། དགའ་པོ་བྱེད་མིན་བཅས་སྲིད་ཇུས་གཏན་ལ་འབེབས་པའི་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དམངས་སེམས་དང་བསྟུན་པ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག མི་དམངས་ཀྱི་གནས་ཚུལ་ལ་དོ་ཁུར། དམངས་འཚོར་གཞོལ་བ་བཅས་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཡང་དག་འདོན་པ་མ་ཟད་ལག་ལེན་མཐར་ཕྱིན་བྱེད་པར་བརྟེན་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་མདུན་སྐྱོད་བྱེད་དགོས་ལ། མི་དམངས་ཀྱི་ལག་ལེན་དངོས་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་དགོས་མཁོའི་ཁྲོད་ནས་མདུན་སྐྱོད་ཀྱི་སྒུལ་ཤུགས་འཐོབ་པའང་བྱས་ཏེ། མི་དམངས་ལ་སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། མི་དམངས་ཡོངས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བྱ་གཞག་ལ་སྔར་བས་རང་རྟོགས་ཀྱིས་ཞུགས་པར་སྐུལ་མ་གཏོང་དགོས།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག མི་དམངས་ཀྱི་འཚོ་བའི་རེ་སྨོན་བཟང་པོ་དེ་ང་ཚོས་ངེས་པར་ཐོག་མཐའ་བར་གསུམ་དུ་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་དུ་བྱས་ནས་ཏང་གི་གཞི་རྩའི་དམིགས་ཡུལ་ལག་ལེན་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར། མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག མི་དམངས་མང་ཚོགས་ཀྱིས་ལག་ལེན་བྱེད་སྒོའི་ནང་མཚོན་པའི་འདོད་བློ་དང་། གསར་སྐྲུན་བྱས་པའི་ཉམས་མྱོང་། ཁེ་དབང་མངའ་རིགས། ནུས་པ་བཏོན་རིགས་བཅས་ལ་བརྩི་འཇོག་བྱས་ཐོག མི་དམངས་མང་ཚོགས་ཁྲོད་ཀྱི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་མངའ་བ་དེ་དག་སྐུལ་སློང་གང་ཐུབ་བྱེད་དགོས། ང་ཚོས་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོའི་ཐབས་ལམ་རྒྱ་ཆེར་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྲིམས་སྐྱོང་གི་འགན་སྲུང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་ལ་དམངས་གཙོའི་ཁེ་དབང་རྒྱ་ཆེ་གང་ལེགས་དང་། ངོ་མ་ཞིབ་ཕྲ། ནུས་ལྡན་གོ་ཆོད་བཅས་ཁྲིམས་མཐུན་ལྟར་མངའ་བའི་འགན་ལེན་ཏན་ཏིག་བྱེད་དགོས། ང་ཚོས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག རེ་སྨོན་བཅས་ཐག་གཅོད་གང་ཐུབ་བྱས་ཏེ། མི་དམངས་ལ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་བྱུང་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་མང་པོ་དངོས་གནས་ཐད་ཀར་ཡོང་བར་བྱས་ནས། མི་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་རྒྱུན་མི་ཆད་པར་གཏོང་དགོས།

གསུམ་པ། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ངེས་པར་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། གསར་གཏོད་ནི་སྒྱུར་བཅོས་སྒོ་འབྱེད་ཀྱི་བླ་སྲོག་ཡིན་པ་དང་། ལག་ལེན་གྱི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་བར་རྫོགས་མཐའ་མེད་པ་ཡིན་ལུགས་ང་ཚོའི་བློ་སྒོ་ཕྱེ་བ་རེད། ཨེན་ཀེ་སིས་“སྤྱི་ཚོགས་འགྱུར་ལྡོག་དང་ཆབ་སྲིད་འཕོ་འགྱུར་མཐའ་དག་གི་མཐའ་མའི་རྒྱུ་རྐྱེན་ནི་ཐོན་སྐྱེད་བྱེད་སྟངས་དང་བརྗེ་ལེན་བྱེད་སྟངས་ཀྱི་འགྱུར་ཚུལ་ནང་ནས་འཚོལ་དགོས་པ་ལས་མི་རྣམས་ཀྱི་ཀླད་པའི་ནང་དང་མི་རྣམས་ཀྱིས་བདེན་དོན་རྟག་པ་ཐེར་ཟུག་དང་དྲང་བདེན་སྐོར་གྱི་ངོས་འཛིན་ཇེ་ཟབ་ཏུ་བྱེད་པའི་ནང་ནས་འཚོལ་མི་རུང་”ཞེས་གསུངས་ཡོད། ང་ཚོས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་དང་། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་འདེབས་པ། ལག་ལེན་ཐོག་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་བ་དང་འཆིང་རྒྱར་གྱུར་པའི་བསམ་བློའི་སྨུག་སྒྲིབ་གཙང་སེལ་བཅས་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ངེས་པར་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་དགོས། དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་ནི་དེང་རབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིས་རང་འགན་གཞན་སྐྱུར་བྱེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པས། ང་ཚོས་དཀའ་གནད་ཀྱི་འདུ་ཤེས་དང་། དུས་རབས་ཀྱི་འདུ་ཤེས། འཐབ་ཇུས་ཀྱི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་མིག་རྒྱང་རིང་པོ་དང་། རྒྱལ་སྤྱིའི་མཐོང་རྒྱ་ཡངས་པོར་བརྟེན་ནས་བྱ་དངོས་འཕེལ་རྒྱས་ཀྱི་ངོ་བོ་དང་གཏིང་གི་འབྲེལ་བ་ཁང་དུ་ཆུད་པར་བྱེད་པ་དང་། མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་ངེས་པ་ལྡན་པའི་ལག་ལེན་གྱི་རྗེས་སུ་དམ་པོར་བསྙེག་པ། མིའི་རིགས་ཀྱི་དཔལ་ཡོན་དར་བའི་གྲུབ་འབྲས་ཕུལ་བྱུང་མཐའ་དག་དཔྱད་གཞིར་འཛིན་ཞིང་དང་དུ་ལེན་པ། དུས་རབས་དང་ལག་ལེན་གྱིས་ང་ཚོར་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པ་གལ་ཆེན་ལ་ཡང་ནས་ཡང་དུ་ལན་འདེབས་པ་བཅས་བྱས་ནས། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་སྔར་བས་རྣམ་པར་བཀྲ་བའི་བདེན་དོན་གྱི་འོད་ཟེར་འཕྲོ་བར་བྱེད་དགོས།

བཞི་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ངེས་པར་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟམ་མི་ཆད་པར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། མདུན་ལམ་ནི་ཁ་ཕྱོགས་ལ་རག་ལས་པ་དང་། ལས་དབང་ནི་འགྲོ་ལམ་ལ་རག་ལས་པས། ང་ཚོས་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་འདོད་ན། ཕུགས་བསམ་མི་འདོར་བ་དང་། འགྲོ་ལམ་མི་བསྒྱུར་བའི་བློ་རྩ་བརྟན་པོ་དགོས་ལུགས་ང་ཚོའི་བློ་སྒོ་ཕྱེ་བ་རེད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་། ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོད་དོ་ཅོག་གི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་འདི་རེད། ཤེས་དཔལ་གྱི་ལོ་རྒྱུས་ལོ་ངོ་5000ལྷག་ཙམ་ལྡན་པ་དང་། མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པའི་ཀྲུང་གོ་འདི་བཞིན་གྱི་རྒྱལ་ཁབ་ཆེན་པོར་སྒྱུར་བཅོས་དང་འཕེལ་རྒྱས་ཡོང་བར་བྱེད་ན། ཕོག་ཐུག་བཏང་མི་ཆོག་པའི་བཀའ་ཁྲིམས་སུ་འོས་པའི་སློབ་གཞི་གང་ཡང་མེད་ལ། ཀྲུང་གོའི་མི་དམངས་ལ་དབང་ཡོད་བཀོད་འདོམས་ཐུབ་མཁན་གྱི་སློབ་དཔོན་ཞིག་ཀྱང་མེད། སྐུ་ཞབས་ལུའུ་ཞུན་མཆོག་གིས་“གང་ཞིག་ལ་ལམ་ཟེར་རམ་ཞེ་ན། དེ་ནི་ལམ་མེད་སར་རྐང་པ་བགྲོད་དེ་བྱུང་བ་ཞིག་དང་། ཚེར་མས་ཁེངས་པའི་ས་ཐོག་གཤགས་ནས་བྱུང་བ་ཞིག་རེད་”ཅེས་གསུངས་མྱོང་བ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་དེང་རབས་ཀྱི་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་ལམ་ཆེན་ཞིག་ཡིན་པས། ངེས་པར་གཡོ་འགུལ་སྤུ་ཙམ་མེད་པར་བསྐྱོད་དགོས།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་ངེས་པར་མཐའ་འཁྱོངས་བྱེད་དགོས་པ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་བཏང་ནས། སྒྱུར་བཅོས་སྒོ་འབྱེད་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། ཅི་ཞིག་བསྒྱུར་བ་དང་ཇི་ལྟར་བསྒྱུར་བ་ནི་ངེས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་མཐུན་མིན་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་རྩ་བའི་ཚད་གཞིར་བཟུང་ནས། བསྒྱུར་དགོས་རིགས་དང་བསྒྱུར་ཐུབ་རིགས་ང་ཚོས་བློ་ཐག་ཆོད་པོས་བསྒྱུར་དགོས་པ་དང་། བསྒྱུར་མི་འོས་པ་དང་བསྒྱུར་མི་རུང་བའི་རིགས་གཏན་ནས་བསྒྱུར་མི་རུང་། ང་ཚོས་ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་འདི་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུའི་རྩ་གནད་འདི་གཉིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་དང་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ཡུན་རིང་མཐའ་འཁྱོངས་དགོས་པ་ལས་གཡོ་འགུལ་གཏན་ནས་གཏོང་མི་རུང་།

ལྔ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་འཕེལ་རྒྱས་གཏོང་བ་ངེས་པར་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་ཟམ་མི་ཆད་པར་འདོན་སྤེལ་དང་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། ལམ་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། བརྟན་པོའི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལ་ཐུག་པའི་གནད་དོན་ཞིག་ཡིན་པ་ང་ཚོའི་བློ་སྒོ་ཕྱེ་བ་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བའི་གནད་འགག་འདི་དམ་པོར་བཟུང་བས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་སྐྱེ་སྟོབས་ཡུན་རིང་སྲུང་འཛིན་བཅས་བྱེད་པར་ཁག་ཐེག་ནུས་ལྡན་བྱས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བཅས་ཡོང་བར་འགན་ལེན་ནུས་ལྡན་བྱས་ཤིང་། ངལ་རྩོལ་དང་། ཤེས་བྱ། ལག་རྩལ། དོ་དམ། མ་རྩ་སོགས་པའི་གནད་ཆེའི་རྒྱུ་རྐྱེན་ཡོད་ཚད་གསོན་ཤུགས་འགྲན་པའི་ཚུལ་གྱིས་ལྷུག་པོར་འཕེལ་དུ་བཅུག་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པའི་འབྱུང་ཁུངས་ཇེ་ཆེར་རྒྱས་ཕྱིར་གསོན་ཤུགས་ཀྱིས་ཁེངས་པའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་བཙུགས་ཡོད།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ངེས་པར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལེགས་པར་བྱེད་པ། ཚོང་ར་ཁག་གི་གྲུབ་ཆ་གཙོ་བོའི་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས། ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། ཁྱབ་རྒྱ་ཆེས་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་དགོས་པ། ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་བྱེད་དགོས་པ་བཅས་རེད། ང་ཚོས་རིག་གནས་ཁྱབ་ཁོངས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་ངོམས་སྟོན་བཅས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཀྱི་རང་བཞིན་ལྡན་པར་སྒྱུར་བ་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་། སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། དུས་རབས་དང་འཛམ་གླིང་དུ་གཟི་འོད་འབར་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་གང་ཐུབ་བཅས་བྱེད་དགོས། ང་ཚོས་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་ཟམ་མི་ཆད་པར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་སྒྲིག་ལམ་ལྡན་པ་རྒྱུན་འཛིན་བྱེད་དགོས། ང་ཚོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བྱེད་དགོས། ང་ཚོས་འཕེལ་རྒྱས་ལ་གནོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་དང་ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་ཡོད་ཚད་གཙང་སེལ་མཐའ་གཅིག་ཏུ་བྱས་ཐོག ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་དང་མ་ལག་མགྱོགས་པོ་ཆགས་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ལེགས་དང་སྔར་ལས་གཏན་འཁེལ་ཡོང་བར་བྱེད་དགོས།

དྲུག་པ། འཕེལ་རྒྱས་ནི་ལས་འགན་ཨང་དང་པོར་འཛིན་རྒྱུ་ངེས་པར་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་མི་ཆད་པར་ཇེ་ཆེར་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་རྩ་བའི་ལས་འགན་ཡིན་པ་ང་ཚོའི་བློ་སྒོ་ཕྱེ་བ་རེད། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་འདི་དམ་པོར་བཟུང་སྟེ། འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་འགྱུར་མེད་ཡིན་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་ཡིན་པའི་འཐབ་ཇུས་ཀྱི་དགོངས་པ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཕྱིན། ད་གཟོད་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དངོས་དང་། ཚན་རྩལ་སྟོབས་ཤུགས་དངོས། རྒྱལ་སྲུང་སྟོབས་ཤུགས་དངོས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དངོས་བཅས་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་ཐུབ་པ་དང་། ད་གཟོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དངོས་པོའི་རྨང་གཞི་བརྟན་པོར་གདིང་ཐུབ།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་མི་དམངས་ཀྱི་འཚོ་བའི་རེ་སྨོན་བཟང་པོའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་པ་འདི་དང་འཕེལ་རྒྱས་དོ་མི་མཉམ་ཞིང་ཆ་མི་ཚང་བའི་བར་གྱི་འགལ་བ་སྟེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འདི་ཐག་གཅོད་རྒྱུར་ངེས་པར་དམིགས་ཏེ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་ལས་ཅན་གསར་པ་དང་། བརྡ་འཕྲིན་ཅན་གསར་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཞིང་ལས་དེང་རབས་ཅན་གསར་པ་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་བཅས་བྱས་ཐོག སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་དྲང་སྙོམས་ཡོང་བ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཕེལ་རྒྱས་གཏོང་གང་ཐུབ་བྱེད་དགོས། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་སྒྱུར་གང་ཐུབ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར། ནང་མཁོ་རྒྱ་བསྐྱེད་གཏོང་གང་ཐུབ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བཅས་བྱས་ཐོག ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་དང་། གནད་འཕིགས་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་ལས་དོན་མཐའ་གཅིག་ཏུ་ཡག་པོར་བསྒྲུབ་དགོས། ང་ཚོས་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། འགག་རྩ་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་རང་བརྟེན་གསར་གཏོད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྐྲུན་དགོས། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ཏེ། ང་ཚོའི་མེས་རྒྱལ་རླབས་པོ་ཆེ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་རྣམས་གནམ་ངོ་སྔར་ལས་དྭངས་ཤིང་། རི་བོ་སྔར་ལས་སྔོ་ལྗང་དང་། ཆུ་མོ་སྔར་ལས་དྭངས་གཙང་གི་མཛེས་སྡུག་ཁོར་ཡུག་ཁྲོད་འཚོ་གནས་ཐུབ་པར་བྱེད་དགོས།

བདུན་པ། སྒོ་མོ་ཆེར་འབྱེད་ངེས་པར་མཐའ་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་སྡེ་མཉམ་དུ་སྐྲུན་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། སྒོ་ཕྱེས་ན་ཡར་ཐོན་ཡོང་ཞིང་། སྒོ་བརྒྱབ་ན་རྗེས་ལུས་ཐེབས་ངེས་ཡིན་པ་ང་ཚོའི་བློ་སྒོ་ཕྱེ་བ་རེད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་བྲལ་ཐབས་མེད་ལ། འཛམ་གླིང་དར་རྒྱས་ཡོང་བར་ཡང་ཀྲུང་གོ་དགོས་མཁོ་ཆེ། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། དགེ་མཚན་ལྡན་ཞིང་རང་འགུལ་གྱི་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱས་ནས། ཕྱོགས་གང་ཅི་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པོ་བཅས་ཕྱོགས་ཡོངས་ནས་སྒོ་ཕྱེ་བའི་རྣམ་པ་གསར་པ་ཆགས་པར་བྱས་ནས། རང་རྒྱལ་ལ་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་འབྱེད་བྱས་ཡོད།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་ངེས་པར་མཐོན་པོར་སྒྲེང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་བརྩི་སྲུང་ནན་པོར་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་མོས་ཐོག་ནས་གོང་སྤེལ་གྱི་ལམ་བུ་འདེམས་པའི་དབང་ཆར་ང་ཚོས་བརྩི་འཇོག་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བ་དར་སྤེལ་བཅས་གཏོད་དགོས་པ་ལས། རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་བྱེད་རིགས་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་རིགས། སྟོབས་ཆེ་བས་ཉམས་ཆུང་ལ་བརྙས་བཅོས་བྱེད་རིགས་བཅས་ལ་ངོ་རྒོལ་བྱེད་དགོས། ང་ཚོས་རང་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་ཐོག་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་མཉམ་དུ་བསྐྲུན་ཆེད་འབད་འཐབ་བྱེད་དགོས། ང་ཚོས་སྒོ་འབྱེད་དང་། དྭངས་གསལ། བསྟུན་མཁས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་། ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་ཚུལ་དེ་སྔར་བས་སྒོ་འབྱེད་དང་། བསྟུན་མཁས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག་”བསྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ་ཕྱོགས་ཁག་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གསར་པ་བསྐྲུན་ནས། འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་དགོས། ཀྲུང་གོས་རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་གཏོང་རིན་དོད་དུ་བྱས་ནས་རང་ཉིད་འཕེལ་རྒྱས་གཏོང་བ་གཏན་ནས་མི་སྲིད་ལ། རང་ཉིད་ཀྱི་ཚུལ་མཐུན་ཁེ་དབང་འདོར་བའང་གཏན་ནས་མི་བྱེད། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གང་ཞིག་ལ་འཇིགས་སྐུལ་ཐེབས་མི་སྲིད། ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཀྱི་ཚད་ཇི་འདྲ་ཞིག་ཏུ་སླེབས་ཀྱང་ནམ་ཡང་བཙན་དབང་མི་བྱེད།

བརྒྱད་པ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་ངེས་པར་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། ལྕགས་རྡུང་བར་ཐོ་བ་ངེས་པར་མཁྲེགས་དགོས་ལུགས་ང་ཚོའི་བློ་སྒོ་ཕྱེ་བ་རེད། ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། ཏང་གིས་ཏང་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་མཐའ་འཁྱོངས་བྱེད་རྒྱུར་ཐུག་ཡོད། ང་ཚོའི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་འགོ་ཁྲིད་བྱེད་པ་དང་དུས་མཚུངས་སུ། ཏང་གིས་རང་ཉིད་ཀྱི་གསར་བརྗེ་རླབས་པོ་ཆེར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་བ་དང་། ཏང་གི་སྒྲིག་གཞིར་གནོད་པའི་ནད་དུག་མཐའ་དག་གཙང་མར་སེལ་ཕོད་པར་བྱས་ཏེ། ཏང་གིས་རང་ངོས་གཙང་འགྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་རྒྱུན་མི་ཆད་པར་བྱེད་པ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློར་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ན། ད་གཟོད་ཏང་གིས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་གྱི་འགན་ལེན་བྱེད་ཐུབ།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར། ཆབ་སྲིད་ལེགས་སྐྱོང་གཙོ་བོར་བྱས་ཏེ། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་ཡོངས་ཀྱི་སྲིད་སྐྱོང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་འཛུགས་སྐྱོང་སྔར་ལས་བརྟན་པོ་དང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རང་ཉིད་ལ་ཞིབ་ལྟ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་དྲག་པོར་བརྟེན་ནས་རང་ཉིད་ལ་དྲན་སྐུལ། སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་ཤུགས་སྣོན་དང་ལེགས་བཅོས། ཉམས་ཉེན་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་སྦྱོང་བརྡར་དང་འཕེལ་རྒྱས། ཏང་ནང་ཁུལ་དུ་འགལ་བ་དང་གནད་དོན་མངོན་གསལ་དོད་པོ་ལྷག་རིགས་ཐག་གཅོད་པའི་ཁྲོད་དྭངས་གཙང་དང་ལྷད་མེད་བཅས་ཡོང་བར་བྱས་ཏེ། ཏང་དོ་དམ་དང་ཏང་སྐྱོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་། སྤྱོད་ལམ་གཙོ་བོར་འཛིན་པ། འཇོན་ཐང་ཅན་བསྐོ་གཞག་བཅས་མཐའ་འཁྱོངས་བྱས་ནས། བློ་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་དང་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་གསོ་སྐྱོང་གང་ཐུབ་བྱེད་དགོས། ང་ཚོས་རུལ་སུངས་ལ་རྒོལ་བ་ནམ་ཡང་ཆད་མེད་ཀྱི་སྙིང་རུས་དང་ཨུ་ཚུགས་ལ་བརྟེན་ནས། རྩ་ལག་མཉམ་བཅོས་ཟབ་སྤེལ་བྱས་ཏེ། རུལ་སུངས་པ་ཡོད་ཚད་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་ཚུལ་ལྡན། ཆབ་སྲིད་དྭངས་གསལ་བཅས་ཡོང་བར་འགན་ལེན་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་མུ་མཐུད་གཏོང་བར་དུས་བདེ་ཞོད་འཇགས་ཀྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།

དགུ་པ། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ངེས་པར་མཐའ་འཁྱོངས་བྱས་ནས། སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་པོའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འདས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས། རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྩ་བའི་རང་བཞིན་གྱི་གནད་དོན་ཐད་མགོ་རྟིང་གོ་སློག་གི་ནོར་འཁྲུལ་གཏན་ནས་འབྱུང་མི་རུང་བ་ང་ཚོའི་བློ་སྒོ་ཕྱེ་བ་རེད། ང་ཚོས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་མི་དམངས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་ཟུང་འབྲེལ་མཐའ་འཁྱོངས་དང་། “ཆུ་ལ་དཔགས་ནས་རབ་རྒྱག་པ་”དང་རྩེ་རིམ་ཇུས་འགོད་ཟུང་འབྲེལ་མཐའ་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། ཚོད་ལྟ་སྔོན་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རེས་ཕན་ཚུན་ཟུང་འབྲེལ་བཅས་བྱས་ནས། བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱེད་དགོས་ལ། དངོས་ཐོག་བདེན་འཚོལ་དང་ལེགས་སྒྲུབ་ལེགས་འགྲུབ་ཀྱང་མཐའ་འཁྱོངས་བྱས་ནས། སྒྱུར་བཅོས་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་འགན་ལེན་བྱེད་དགོས།

མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་འཐབ་ཇུས་ཀྱི་བསམ་གཞིག་དང་། རྩོད་སྒྲུབ་ཀྱི་བསམ་གཞིག གསར་གཏོད་ཀྱི་བསམ་གཞིག ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་འཛིན་སེམས་བཅས་ཆེ་རུ་གཏོང་བ་དང་། སྤྱི་ཁོག་ནས་བསམ་བློ་གཏོང་བ་དང་རྩེ་རིམ་གྱི་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འགལ་བ་དང་གནད་དོན་མངོན་གསལ་ལ་དམིགས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ། གཞི་རིམ་གྱིས་སྙིང་སྟོབས་ཆེན་པོར་བརྟེན་ནས་འཚོལ་ཞིབ་བྱེད་པར་སྐུལ་ལྕག་གཏོང་བ། སྒྱུར་བཅོས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་ཕན་ཚུན་མཐུན་སྦྱོར་ཡོང་བ་མཐའ་འཁྱོངས་བཅས་བྱས་ནས། སྒྱུར་བཅོས་ཀྱི་ཇུས་ཐག་གཅོད་པའི་ཚན་རིག་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ང་ཚོས་ལྕགས་ལ་འཇུས་ན་རྗེས་ཡོད་པ་དང་། རྡོ་ཐོག་ཏུ་བསྐྱོད་ན་ཤུལ་ཡོད་པའི་བློ་སྟོབས་བརྟན་པོར་འཆང་བ་དང་། ལྕགས་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ། སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ང་ཚོས་ཀུན་གྱི་སྔོན་མ་བྱེད་ཕོད་པ་དང་། མཆོང་ཕོད་བྱེད་ཕོད་དགོས་པ་མ་ཟད། ཧུར་ཐག་བརྟན་བརླིང་དང་གོམ་སྟབས་བརྟན་པོའང་སྤོས་ཏེ། སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་གཅིག་གྱུར་བྱས་ཐོག་ཁ་ཕྱོགས་ལ་འགྱུར་བ་མི་གཏོང་བ་དང་། བགྲོད་ལམ་མི་འཁྱོལ་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པར་སྒྱུར་བཅོས་སྒོ་འབྱེད་ཀྱི་གོམ་སྟབས་སྔར་ལས་བརྟན་པོ་དང་། ལམ་ཐག་སྔར་ལས་རིང་པོ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

རྒྱལ་ཁབ་འབྱོར་ལྡན་དང་དམག་དཔུང་སྟོབས་ལྡན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་གོ་གནས་དང་ཆ་མཚུངས་ཤིང་། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རང་རྒྱལ་གྱི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། ང་ཚོས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་འཕེལ་རྒྱས་འགྲོ་ཕྱོགས་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གྱི་བགྲོད་ལམ་ཐོག་བསྐྱོད་པ་མཐའ་འཁྱོངས་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། བཅའ་ཁྲིམས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བཅས་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་དང་། འཛམ་གླིང་ཐོག་དམག་དཔུང་རྩེ་གྲ་ཞིག་ཧུར་ཐག་ངང་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་ཆེད་སྲ་ཞིང་བརྟན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བཞེད་དགོངས་རླབས་པོ་ཆེ་འདིར་གསོན་ཤུགས་ཆེན་པོ་ལྡན་པས། ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བར་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། ཞང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་སྔར་བས་ལེགས་པོ་ཐུབ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུན་ཟླ་ཞང་ཀང་བ་དང་ཨའོ་མོན་པས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་མཉམ་དུ་འཁུར་བ་དང་། མེས་རྒྱལ་དར་རྒྱས་དང་སྟོབས་འབྱོར་ལྡན་པའི་རླབས་ཆེའི་གཟི་བརྗིད་མཉམ་མྱོང་བྱེད་དུ་འཇུག་དགོས།

མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་སའང་ཡིན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ་”མཐའ་འཁྱོངས་བྱེད་པ་དང་། ངོགས་གཉིས་དབར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་དགོས། ང་ཚོར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ཆོད་སེམས་འགྱུར་མེད་དང་ནུས་པ་སྟོབས་ལྡན་ཡོད་པས། མེས་རྒྱལ་གྱི་མངའ་ཁོངས་བསྙོན་མེད་ཚུན་གང་ཡང་ཁ་བྲལ་གཏོང་དུ་འཇུག་མི་རུང་།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

ཀྲུང་གོའི་མི་དམངས་ལ་ཕུགས་འདུན་རླབས་པོ་ཆེའི་སྙིང་སྟོབས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ལ་འཕོ་འགྱུར་གཏོང་བ་དང་སྒོ་འབྱེད་ཀྱི་སྙིང་སྟོབས་ཀྱིས་ཁེངས་ཡོད། ལོ་ངོ་སྟོང་ཕྲག་འགའི་གོང་ལ་ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་“ཀྲོའུ་ནི་མངའ་སྡེ་རྙིང་ན་ཡང་། ། དེ་ཡི་ལས་འགན་གསར་པར་འགྱུར། །”ཞེས་པའི་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་ཧྭའི་ཤེས་དཔལ་བསྐྲུན་པའི་ལག་ལེན་རླབས་པོ་ཆེའི་འགོ་བརྩམས་པ་རེད། གནའ་བོའི་དུས་ནས་བཟུང་། ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་ཁྲིམས་སྒྱུར་ལུགས་སྒྱུར་སྟོབས་སྤེལ་གྱི་ལས་འགུལ་བགྲང་ལས་འདས་པ་བྱུང་ཞིང་། “རྒྱལ་དོན་སྐྱོང་བར་ཚུལ་ལུགས་མཚུངས་མི་དགོས། ། སྲིད་ལ་ཕན་ན་གནའ་སྲོལ་བསྐྱུར་ཀྱང་ཆོག།”སོགས་པའི་སྤོབས་ཉམས་ལྡན་པའི་ལེགས་བཤད་ཡོད། གནའ་བོའི་དུས་ནས་བཟུང་སྟེ། ཀྲུང་ཧྭ་མི་རིགས་ཀྱིས་“གནམ་འོག་སྤྱི་མཐུན་ཆེན་པོ་”དང་། “རྒྱལ་ཕྲན་ཁྲི་སྟོང་མཐུན་པར་གནས་”པའི་བློ་ཁོག་ཡངས་པོར་བརྟེན་ནས། གདེང་ཚོད་ཡོད་ལ་བློ་དཀྱེལ་ཡང་ཆེ་བའི་སྒོ་ནས་ཡུལ་གྲུ་གཞན་གྱི་མི་རིགས་དབར་འགྲོ་འོང་དང་རིག་གནས་སྤེལ་རེས་བྱས་ཏེ། ཚོང་པའི་རྔ་མོང་ལེ་བར་སྟོང་ལ་བསྟར། དྲིལ་བུའི་སྒྲ་ཡང་ལེ་བར་སྟོང་ལ་ཁྱབ་པའི་དར་གོས་འགྲུལ་ལམ་སྟེང་གི་དགའ་གླུ་རིང་མོ་ལེན་མྱོང་ལ། ཐང་རྒྱལ་རབས་སྐབས་སུ་གནམ་འོག་མི་སྣ་ཁྲང་ཨན་མཁར་ལ་འདུས་པའི་དར་རྒྱས་ཀྱི་རྣམ་པ་ཡང་བསྐྲུན་མྱོང་། “དམ་པ་གོ་ལའི་འཁོར་འགྲོས་བཞིན།། ངལ་མེད་བརྩོན་པ་ལྷུར་ལེན་བྱ།།”ཞེས་པ་དང་། “དམ་པ་གཡོ་མེད་ས་གཞི་བཞིན། ཁུར་རྣམས་སུན་མེད་འདེགས་པར་བྱ།”ཞེས་པའི་ལུགས་སྒྱུར་དང་སྒོ་འབྱེད་ཀྱི་སྙིང་སྟོབས་འདི་ལྟ་བུར་བརྟེན་པས། ད་གཟོད་ཀྲུང་ཧྭའི་ཤེས་དཔལ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ལོ་ངོ་5000ལྷག་ཙམ་འཕེལ་རྒྱས་བྱུང་ཞིང་རྒྱུན་ཆད་མ་མྱོང་བར་འོད་སྟོང་འཕྲོ་བའི་ཤེས་རིག་ཅིག་པུར་གྱུར་པ་རེད། ལོ་ངོ་སྟོང་ཕྲག་འགའི་རིང་གི་ལོ་རྒྱུས་ཆེན་མོའི་ཆ་ནས་བལྟས་ན། ལུགས་སྒྱུར་དང་སྒོ་འབྱེད་ནི་སྤྱིའི་ཆ་ནས་ཀྲུང་གོའི་ལོ་རྒྱུས་ཀྱི་རྒྱུན་རྣམ་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱིས་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་འགྱུར་ཐོག་ནས་མུ་མཐུད་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་ལོ་རྒྱུས་ཀྱི་འབྱུང་རྩ་གཏིང་ཟབ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད།

ང་ཚོའི་རྒྱལ་ཁབ་ཆེན་པོ་འདི་ལྟ་བུར། བརྗིད་ཉམས་ཆེ་བའི་བློ་སྟོབས་ལྡན་པ་དགོས། བློ་མཐུན་མའོ་ཙེ་ཏུང་གིས་“རྒྱལ་ཡོངས་སུ་རྒྱལ་ཁ་བླངས་པ་དེ་ནི་ལེ་དབར་ཁྲི་ཕྲག་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་སྤོས་པ་ཙམ་ཞིག་རེད། གོམ་པ་དེ་སྤོས་པ་ཙམ་ལའང་ང་རྒྱལ་བྱས་ན་བྱེད་རིན་དེ་ཙམ་མེད། ང་རྒྱལ་དེ་ལས་ཀྱང་བྱེད་རིན་ཆེ་བ་ནི་ད་དུང་རྗེས་ལ་བསྡད་ཡོད། ལོ་བཅུ་ཕྲག་ཁ་ཤས་ཕྱིན་པའི་རྗེས་སུ་མི་ཚོས་ཀྲུང་གོའི་མི་དམངས་དམངས་གཙོའི་གསར་བརྗེའི་རྒྱལ་ཁར་བལྟས་ན་དེ་ནི་ཟློས་གར་རིང་པོ་ཞིག་གི་འགོ་ཚུགས་པའི་ལེ་ཚན་ཐུང་ཐུང་ཞིག་རང་རེད་སྙམ་པ་ཡོང་གི་རེད། ཟློས་གར་ནི་ངེས་པར་དུ་འགོ་ཚུགས་པའི་ལེ་ཚན་ནས་འཁྲབ་དགོས་ཀྱང་འགོ་ཚུགས་པའི་ལེ་ཚན་དེ་ནི་འཁྲབ་ཚན་འཁྲུག་ཤོས་དེ་མ་རེད་”ཅེས་དང་། “ང་ཚོ་འཇིག་རྟེན་རྙིང་པ་གཏོར་མཁས་པོ་ཡོད་པར་མ་ཟད། ད་དུང་འཇིག་རྟེན་གསར་པ་འཛུགས་མཁས་པོ་ཞིག་ཀྱང་བྱེད་ཐུབ་”ཅེས་གསུངས་མྱོང་།

སྒྱུར་བཅོས་སྒོ་འབྱེད་ཀྱི་ཐོག་མའི་དུས་སུ། ང་ཚོའི་རྒྱལ་ཁབ་ཆེ་ཞིང་། མི་འབོར་མང་ལ་རྨང་གཞི་ཞན་པ་དང་། དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད། འོན་ཀྱང་ང་ཚོ་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ལོ་ངོ་70ལྷག་ཙམ་རིང་གོམ་རིམ་གསུམ་དུ་ཕྱེ་སྟེ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་ཇུས་འགོད་བྱས་པས། རྨད་དུ་བྱུང་བའི་དཔའ་ཇུས་དང་བློ་གདེང་བརྟན་པོ་མེད་ན། བསམ་བཀོད་དང་ཐབས་ཇུས་རྒྱ་ཆེན་པོ་འདི་འདྲ་འདིང་མི་ཐུབ།

ལོ་ངོ་40འདས་རིང་། ང་ཚོས་དམ་འཛིན་ལྷོད་མེད་བྱས་ནས་དཀའ་ངལ་ལའང་མ་འཛེམ་པར་དམིགས་འབེན་རླབས་པོ་ཆེ་འདིའི་ཕྱོགས་སུ་བསྐྱོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རང་རྒྱལ་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་འབེན་སྔར་བས་མཐོན་པོ་བཏོན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ནས་རྩ་བའི་ཆ་ནས་དེང་རབས་ཅན་དུ་མངོན་འགྱུར་དང་། དེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་འཐབ་ཇུས་ཀྱི་བཀོད་པ་བཏིང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྐད་སྒྲ་ཆེ་ཤོས་བསྒྲགས་པ་རེད།

གནའ་མིའི་ཁ་རྒྱུན་དུ་“ལམ་ལྷོང་བྱ་གཞག་བསམས་ཤིང་འབད་ལས་བྱུང་། ཁེངས་སྐྱུང་དོར་ན་བྱ་བ་འགྲུབ་མི་འགྱུར།”ཞེས་པའི་ཤོད་སྲོལ་ཡོད། ཕུགས་འདུན་རླབས་པོ་ཆེ་ནི་དཀའ་སྤྱད་འབད་པ་བྱས་ཏེ་བསྒྲུབས་པ་ཞིག་ཡིན་པ་ལས་བསྒུགས་ནས་འགྲུབ་པ་དང་བོས་ནས་བྱུང་བ་ཞིག་མིན། ད་ཆ་ང་ཚོ་གནས་ས་ནི་གྲུ་གཟིངས་ཆུ་གཞུང་དུ་སླེབས་ནས་རྦ་རླབས་དྲག་པོ་འཕྲད་པ་དང་རི་སྐེད་གཡང་གཟར་དུ་འབྱོར་བ་ལྟ་བུའི་དུས་སྐབས་ལ་སླེབས་ཡོད་པ་དང་། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་དཀའ་ངལ་ཆེ་བ་དང་། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཉེན་ཁ་ཆེ་སར་འབྱོར་ཏེ། མདུན་སྐྱོད་མ་བྱས་ཚེ་རྗེས་ལུས་ཐེབས་ངེས་དང་། མདུན་སྐྱོད་མ་བྱས་ཐབས་མེད་ཀྱི་དུས་སྐབས་སུ་སླེབས་ཡོད། སྒྱུར་བཅོས་སྒོ་འབྱེད་ནི་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་བ་བཞིན་ཡིན་མོད་ཀྱང་ད་དུང་སྔར་བཞིན་ལ་བརྒྱབ་ཀླུང་བརྒལ་བྱེད་དགོས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མདུན་དུ་འགན་འཁྲི་སྔར་བས་གཟི་བརྗིད་ལྡན་པ་དང་། ལས་འགན་དེ་བས་དཀའ་ཚེགས་ཆེ་བ། འགྲན་སློང་དེ་བས་ཛ་དྲག་ཆེ་བ། ལས་དོན་དེ་བས་རླབས་ཆེ་བ་བཅས་ཡིན། འགྲན་རྩོད་ཀྱི་བང་ཁ་མཉམ་གཤིབ་དང་། གཅིག་ལས་གཅིག་མགྱོགས་ཀྱི་དུས་རབས་འདིར། ང་ཚོས་ཁེངས་དྲེགས་ང་རྒྱལ་དང་རང་ལམ་རང་བཀག་རྩ་བ་ནས་བྱེད་མི་རུང་ལ། ཐེ་ཚོམ་དང་ནེམ་ནུར་ཡང་གཏན་ནས་བྱེད་མི་རུང་བར། ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་དང་། འདུ་འགོད་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་གཅིག་འདོམས་བྱས་ནས་རླབས་རྒྱུན་གྱི་མདུན་དུ་ཀྲོང་ངེར་འགྱིང་ཕོད་པ་དང་འབད་བརྩོན་ཆེན་པོས་འཐབ་རྩོད་ཕོད་པར་བྱེད་དགོས།

དད་པ་དད་སེམས་ཡིད་ཆེས་གསུམ་ནི་ནམ་ཡིན་ཡང་གལ་འགངས་ཤིན་ཏུ་ཆེ། ཆུང་ངུ་མི་གཅིག་ཙམ་དང་ཚོགས་པ་ཞིག་ནས་ཆེན་པོ་སྲིད་ཏང་ཞིག་དང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གང་ཡིན་རུང་དེ་ལ་དད་པ་དད་སེམས་ཡིད་ཆེས་གསུམ་ཡོད་ན། ཇི་ཙམ་ཕམ་ཉེས་བྱུང་ན་དེ་ཙམ་གྱིས་འབད་འཐབ་བྱེད་པ་དང་། ཇི་ཙམ་གཡུལ་འཐབ་ན་དེ་ཙམ་གྱིས་དཔའ་ངར་རྒྱས་ངེས་རེད། དེ་ལས་ལྡོག་ན་མ་འཐབ་རང་ཕམ་དུ་འགྱུར་བ་དང་མ་བརྒྱབ་རང་འགྱེལ་དུ་འགྲོ་ངེས་རེད། འདས་མ་འོངས་ད་ལྟ་གང་གི་དུས་སུའང་། མར་ཁེ་སི་རིང་ལུགས་ལ་དད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་ལྡན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་ཡིད་ཆེས་བཅས་བྱེད་པ་ནི་ཀྲུང་གོའི་མི་དམངས་ཡར་ལངས་དང་། ཕྱུག་པོར་འགྱུར་བ། སྟོབས་ཆེར་འགྲོ་བ་བཅས་ལ་སློབ་སྟོན་དང་འདེགས་སྐྱོར་བྱེད་པའི་བསམ་པའི་སྟོབས་ཤུགས་དྲག་པོ་རེད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

ལོ་ངོ་བཞི་བཅུར་རླབས་ཀྱིས་མཚོ་ངོགས་བརྡབས།། ལེ་དབར་དགུ་ཁྲིར་ཁྱུང་ཆེན་རྩལ་གྱིས་འཕུར།། གཙང་པོས་ཆུ་རགས་བརྟོལ་ནས་ཕྱི་རོལ་དུ་འཕྱུར་ཐུབ་པའི་རྒྱུ་མཚན་ནི། དེ་ལ་ལེ་བར་སྟོང་གི་བཞུར་ཤུགས་དང་ཆུ་ཕྲན་འབུམ་གྱི་བཞུར་རྒྱུན་འདུས་པའི་རྐྱེན་གྱིས་རེད། ཉེ་རབས་ཚུན་དུ་ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ཁྲོད་ཀྲུང་གོའི་མི་དམངས་ཀྱིས་དཀའ་སྡུག་གྲངས་ལས་འདས་པ་མྱངས་པ་དང་། བློས་གཏོང་ཁྲི་སྟོང་མང་པོ་བྱས་པ། འབད་འབུངས་རྫོགས་མཐའ་བྲལ་བ་བྱས་པས། ད་ཆ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་ཚད་ཆེན་པོ་བསགས་པ་གང་ལེགས་འདོན་སྤེལ་ཐུབ་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགོག་ཐབས་མེད་པའི་སྟོབས་ཤུགས་ཆེན་པོ་བཏོན་དང་འདོན་མུས་ཡིན།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི། ཤུགས་སྦྲེལ་བང་རྒྱུག་ལྟ་བུ་ཞིག་ཡིན་པས། ང་ཚོས་དབྱུག་པ་དེ་གཅིག་གིས་གཅིག་ལ་སྤྲད་ནས་མདུན་དུ་རྒྱུག་དགོས་ལ། མི་རབས་རེ་རེས་མི་རབས་རྗེས་མར་རྒྱུགས་པའི་འབྲས་བུ་བཟང་པོ་ཞིག་བསྐྲུན་དགོས།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་། སྒྱུར་བཅོས་སྒོ་འབྱེད་མཐིལ་ཕྱིན་བྱས་ཏེ། མི་དམངས་ཀྱི་འཚོ་བའི་རེ་སྨོན་བཟང་པོ་ཟམ་མི་ཆད་པར་མངོན་འགྱུར་བྱེད་པ་དང་། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་གསར་པ་སྔར་བས་ཆེ་བ་གཏོད་པ་དང་། འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་ངོ་མཚར་གསར་པ་སྔར་བས་ཆེ་བ་གཏོད་དགོས།