མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་དང་ཀྲུའུ་རེན་གྱི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས25ཉིན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་དང་ཀྲུའུ་རེན་གྱི་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་དང་རིག་གནས་ཡུལ་སྐོར་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དག་གྲོས་ཚོགས་ལ་ཟབ་ཞུགས་བྱས་ཡོད། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུང་གྲོས་ཚོགས་ལ་ཞུགས་པ་མ་ཟད། གཏམ་བཤད་གནང་པ་རེད།

2018ལོར་རང་ཞིང་གིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་བ་མི་ཐེངས་ཁྲི4204.38ལྷག་ལ་སྣེ་ལེན་བྱས་ཤིང་། དེ་ནི་ལོ་སྔོན་མ་དང་སྡུར་ན27.7%འཕར་ཡོད་ལ། ཡུལ་སྐོར་སྤྱིའི་ཡོང་འབབ་ནི་སྒོར་དུང་ཕྱུར466.3ལ་སླེབས་ཡོད་པས་དེ་ཡང་ལོ་སྔོན་མ་དང་སྡུར་ན22.2%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་བའི་རིགས་སོ་སོའི་ཐད་ལ་སྔ་ན་མེད་པའི་གྲུབ་འབྲས་གསར་བ་ཞིག་ཀྱང་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་སྒྱུ་རྩལ་གསར་གཏོད་ཐོན་སྐྱེད་དེ་ཉིན་རེ་བཞིན་དར་རྒྱས་སུ་འགྲོ་བཞིན་ཡོད་ལ། སྤྱི་གཞུང་ཞབས་ཞུའི་མ་ལག་འཛུགས་སྐྲུན་དེ་ཡང་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཤིང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་དང་རྒྱུན་འཛིན་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཤིང་། རིག་གནས་ཡུལ་སྐོར་ཐོན་ལས་བདེ་ཐང་ངང་དར་རྒྱས་སུ་འགྲོ་བ། རིག་གནས་ཡུལ་སྐོར་ལ་རོགས་འདེགས་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། ཁྲོམ་རའི་ལྟ་སྐུལ་བདག་དོམ་མ་ལག་དེ་སྔར་ལས་བདེ་ཐང་དང་ཕྱི་ཕྱོགས་སྒོ་འབྱེད། ཤང་ཀང་ཨོ་མན། ཐའེ་ཝན་སོགས་ལ་འབྲེལ་འདྲིས་ཀྱིས་མཉམ་འབྲེལ་བྱེད་པའི་ཚད་གཏིང་ཟབ་དུ་བཏང་ནས། རྨང་གཞི་ལ་འགན་བཅོལ་དང་བྱ་བ་ཏན་ཏིག་སྒོས་སྒྲུབ་པར་ནུས་པ་ཐོན་ཡོད།

གྲོས་ཚོགས་སྟེང་རྨ་ལྷོ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཁུལ་གྱི་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་དངུལ་གཏོང་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣ་སོགས་སོ་སོས་རང་རང་ས་གནས་ཀྱི2018ལོའི་བྱ་བར་སྤྱི་སྡོམ་དང2019ལོའི་བྱ་བའི་འཆར་གཞི་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་པ་རེད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་ཀྲང་ཉིན་གྱི་ངོ་སྤྲོད་ལྟར་ན། 2019ལོར་རང་ཞིང་གིས་ཀྲུང་གོ་གསར་བ་དབུ་བརྙེས་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པ་དེ་གཙོ་བོར་བཟུང་ནས། རིག་གནས་ཡུལ་སྐོར་གྱི་གནས་བབ་ལེགས་པོ་གསར་འཛུགས་དང་མཉམ་བསྲེས་ཆེན་མོའི་འཕེལ་རྒྱས་ལ་སྐུལ་འདེད། རིག་གནས་ཀྱི་ཡུལ་སྐོར་སྐྱེ་ཁམས་གསར་འཛུགས་དེ་སྣེ་ཁྲིད་དུ་བཟུང་ནས་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་དང་ཡུལ་སྐོར་བྱེད་ཡུལ་གྱི་ཞིང་ཆེན་གྲགས་ཅན་དུ་གོམ་པ་སྤོ་རྒྱུ། 2019ལོར་ཡུལ་སྐོར་འགྲུལ་བར་སྣེ་ལེན་བྱེད་པའི་མི་གྲངས་ཀྱི་ཚད་གཞི་དེ་མི་ཐེངས་ཁྲི5042ལ་སླེབས་པ་མངོན་འགྱུར་དང་ཡུལ་སྐོར་བྱ་བའི་ཐད་ཀྱི་སྣ་འཛོམས་ཡོང་སྒོ་ཡང་སྒོར་དུང་ཕྱུར600ལ་སླེབས་སུ་འཇུག་རྒྱུ། དེ་གཉིས་སོ་སོའི་འཕར་ཚད་ནི20%དང་རིག་གནས་ཐོན་ལས་ཀྱི་ཟིན་ཚད་དེ་ཞིང་ཆེན་ཡོངས་ཀྱིGDPཡི1.98%ལ་སླེབས་སུ་འཇུག་རྒྱུ་བཅས་ཡིན་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།