རང་ཞིང་གི་ས་ཁུལ་མི་འདྲ་བ་གཉིས་ལ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རིག་གནས་དང་ཡུལ་སྐོར་པུའུ་ཡིས2018-2020ལོའི་བར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། དཔྱད་སྡུར་ཞིབ་བཤེར་བྱས་པ་བརྒྱུད་རང་ཞིང་གི་མཚོ་ཤར་གྲོང་ཁྱེར་ཧོང་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་འདན་མ་གྲོང་བརྡལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་རྫོང་གི་རེབ་གོང་རྫོང་གཉིས་མིང་ཐོའི་ཁྲོད་ཚུད་ཡོད།

“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པ་ནི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་གསར་འཛུགས་བྱས་པའི་མང་ཚོགས་ཀྱི་རིག་གནས་ཚོང་རྟགས་ལས་གཞི་ཞིག་སྟེ། དེ་ཡང1987ལོར་དཔྱད་འཇོག་བྱས་ཏེ་མིང་བཏགས་པ་དང་འཛུགས་སྐྲུན་གྱི་བྱ་བ་བསྒྲུབས་པ་ནས་བཟུང་། མིང་དེ་དཔྱད་འདེམས་ཀྱི་དུས་ཡུན་ནི་ལོ3ནང་གཅིག་ཡིན་ཞིང་། དེ་ཡང་དཔྱད་འཇོག་ཞིབ་སྡུར་གྱི་བླང་བྱ་དང་རེ་འདོད་ལྟར།“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་པར་བདམས་ཐོན་བྱུང་བའི་ས་ཁུལ་དག་ལ་ངེས་པར་དུ་ཁྱད་ཆོས་མངོན་པར་དོད་པ་དང་མང་ཚོགས་དགའ་སྤྲོ་ཆེ་ཞིང་མོས་འདུན་ཡོད་པའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཞིག་ཡིན། དེར་མ་ཟད་རྒྱལ་ཡོངས་སུ་ཤུགས་རྐྱེན་ངེས་ཅན་ཡོད་པའི་མངའ་ཁོངས་གང་དེའི་ཁྱད་ཆོས་ཤིག་ཀྱང་ཡིན་དགོས།

འདན་མ་ས་ཁུལ་གྱི་ཧོར་རིགས་མཛའ་གཞས་ནི་རྒྱལ་ཁབ་གྱི་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་རིམ་པ་དང་པོའི་ཁྲོད་ཚུད་ཡོད་ལ། རང་ཞིང་གི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་སྲུང་སྐྱོབ་དང་བསྟུན་ནས། འདན་མའི་ཡུལ་གྱི་མཛའ་གཞས་དེའི་མཚན་སྙན་རྒྱས་ཡང་ཀུན་ལ་ཁྱབ་པ་རེད། རེབ་གོང་རྫོང་གི་རོང་བོ་དགུ་ཆུའི་འབབ་ཡུལ་དུ་མྱུ་གུ་རྒྱས་པའི་རེབ་གོང་སྒྱུ་རྩལ་ནི་རང་རྒྱལ་རིག་གནས་ཀྱི་བང་མཛོད་ཁྲོད་ཀྱི་ངོ་མཚར་བའི་མེ་ཏོག་རྐང་གཅིག་སྟེ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཤུགས་རྐྱེན་ངེས་ཅན་ཡོད་པའི་གྲུབ་མཐའ་ཞིག་ཀྱང་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།