ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ(བཅུ་བདུན)

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

---2019ལོའི་ཟླ1པོའི་ཚེས29ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁྲེན་མིང་ཀུའོ།

འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།

2018ལོའི་བྱ་བ་གཙོ་བོ།

2018ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་མཐར་ཕྱིན་བྱས་པའི་ལོ་དང་པོ་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ་གཅིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁའི་རྟིང་མ་ལེན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པར་གོང་མཐུད་འོག་འདྲེན་གྱི་གནད་འགག་གི་ལོ་གཅིག་ཀྱང་ཡིན། ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཤིང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཞིན་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས། སྤྱི་ཚོགས་ལས་རིགས་སོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱས་ལ། དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་དྲང་གཞག་ངང་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་ཞབས་ཕྱི་དང་འགན་སྲུང་བྱེད་པར་ཧུར་ཐག་འབད་བརྩོན་བྱས།

གཅིག འདྲི་གཅོད་འགན་ནུས་འདོན་སྤེལ་བྱས་ནས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཞབས་ཕྱི་དང་འགན་སྲུང་བྱས།

ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི97229དང་ལེན་བྱས་པ་དང་། གྱོད་གཞི87986ཐག་བཅད་ཅིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོ12.02%དང12.08%འཕར། འདྲི་གཅོད་ཐེངས་དང་པོའི་ཁྲིམས་བཅད་ལ་འཐད་ཅིང་ཞུ་གཏུག་མཚམས་འཇོག་པའི་ཚད91.21%ལ་བསླེབས་ཡོད་ཅིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག1.47ཇེ་མཐོར་སོང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི2449དང་ལེན་བྱས་པ་དང། གྱོད་གཞི1994ཐག་བཅད་ཅིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན28.08%དང30.16%འཕར།

ཉེས་དོན་ཉེས་བསགས་ལ་ཁྲིམས་ལྟར་ཆད་པ་དྲག་པོ་བཅད་ནས་བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། འདྲི་གཅོད་ཐེངས་དང་པོའི་ཉེས་དོན་གྱོད་གཞི4845འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན5.4%འཕར་བ་དང་། ཉེས་ཅན5925ལ་ཁྲིམས་ཆད་བཅད་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན10.84%མར་ཆག རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་བསགས་ལ་ཆད་པ་དྲག་པོ་བཅད། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གོ་གནས་གཙོ་བོར་བཞག་སྟེ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་བྱས་པ་སོགས་ཀྱི་ཉེས་བསགས་ལ་རྡུང་རྡེག་དྲག་པོ་བཏང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པའི་ཉེས་བསགས་ལ་ཆད་པ་དྲག་པོ་བཅད། བསམ་བཞིན་དུ་མི་བསད་པ་དང་འཕྲོག་བཅོམ་བྱས་པ་སོགས་དྲག་ཤུགས་ཀྱི་ཉེས་བསགས་ཚབས་ཆེན་དང་། རྐུ་ཁྱེར་སོགས་རྒྱུན་འབྱུང་རང་བཞིན་གྱི་རྒྱུ་ནོར་ལ་གནོད་པའི་ཉེས་བསགས་གྱོད་གཞི1587འདྲི་གཅོད་མཇུག་བསྒྲིལ་ཞིང། ཉེན་ཡོད་རླངས་འཁོར་གཏོང་བ་དང་། འགན་འཁྲི་ལས་འཛོལ་ཚབས་ཆེན་སོགས་སྤྱི་པའི་བདེ་འཇགས་ལ་གནོད་པའི་ཉེས་བསགས་གྱོད་གཞི1531འདྲི་གཅོད་མཇུག་བསྒྲིལ་ཞིང་། ཉེས་ཅན494ལ་ལོ་ལྔའི་དུས་བཀག་བཙོན་འཇུག་ཡན་གྱི་ཉེས་ཁྲིམས་བཅད། ལྐོག་ཟ་རྔན་ལེན་ཉེས་བསགས་ལ་ཆད་པ་དྲག་པོ་བཅད། ལྐོག་ཟ་དང་རྔན་ལེན། འགན་འཛོལ་སོགས་ལས་འགན་ཉེས་བསགས་གྱོད་གཞི129འདྲི་གཅོད་མཇུག་བསྒྲིལ་ཞིང་། ཉེས་ཅན148ལ་ཁྲིམས་ཆད་བཅད། དེ་ལས་སྔར་ཐིན་རིམ་པའི་ལས་བྱེད་པ2དང་། ཁྲུའུ་རིམ་པའི་ལས་བྱེད་པ4ཡོད། མགོ་ཁུངས་བཅོས་སྐྱོང་གཙིགས་སུ་བཟུང་ནས་ལྐོག་རྔན་སྤྲོད་པའི་གྱོད་གཞི24འདྲི་གཅོད་མཇུག་བསྒྲིལ་བ་དང་། ཉེས་ཅན30ལ་ཁྲིམས་ཆད་བཅད། དབུལ་སྐྱོར་མ་དངུལ་དང་ཞིང་ཆས་ཁ་གསབ་སོགས་ལྐོག་ཟ་བྱེད་པའི་ཉེས་བསགས་གྱོད་གཞི16ཁྲིམས་ལྟར་འདྲི་གཅོད་མཇུག་བསྒྲིལ་བ་དང་། དབུལ་ཐར་འགག་གཏོར་ཁྲོད་བྱུང་བའི་རུལ་སུངས་ལ་ཆད་པ་དྲག་པོ་བཅད། མིན་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་དེའི་ཀྲོན་ཏའོ་ཤང་སན་ཝན་སྡེ་བའི་སྔར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ག་གེ་མོ་གཅིག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ག་གེ་མོ་གཉིས་ཀྱིས་འབྲུ་རིགས་ཀྱི་ཐད་ཀར་ཁ་གསབ་མ་དངུལ་ལྐོག་ཟ་བྱས་པའི་གྱོད་དོན་ཁྲིམས་ལྟར་མཇུག་བསྒྲིལ་ནས་གཏུག་ཡུལ་མི་འདི་གཉིས་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་དངུལ་ཆད་བཅད། ནག་འཇོམས་ངན་སེལ་གྱིིི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ། ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་བསགས་གྱོད་གཞི་ཐག་གཅོད་བྱེད་པའི་ལག་བསྟར་ཞིབ་སྲོལ་གཏན་འབེབས་བྱས་ཤིང་། བྱ་བའི་ཆེད་དོན་ཚན་ཁག་བཙུགས་ཏེ་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་བྱས་ལ། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁུངས་གཉིས་དང་མཉམ་ལས་གཞོགས་འདེགས་བྱས་ནས་ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་བསགས་ལ་ཆད་པ་དྲག་པོ་བཅད། གྱོད་གཞི6འདྲི་གཅོད་མཇུག་བསྒྲིལ་ཞིང་། ཉེས་ཅན53ལ་ཁྲིམས་ཆད་བཅད། ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་མི་དམངས་ཁྲིམས་ཁང་གིས་མཱ་ག་གེ་མོ་གཉིས་སོགས་མི8ཀྱིས་སྲུང་སྐྱོབ་གྲོན་དངུལ་བཙན་གྱིས་བསྡུ་བའི་ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་བསགས་གྱོད་དོན་ལ་འདྲི་གཅོད་ཐེངས་དང་པོ་བྱས་ནས་འདྲི་གཅོད་མཇུག་བསྒྲིལ་བ་དང་། གཏེ་བོ་ལ་ཁྲིམས་ལྟར་ཆད་པ་དྲག་པོ་བཅད་དེ་ལོ་བརྒྱད་དང་ཟླ་བ་དྲུག་གིི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་དངུལ་ཆད་བཅད། ཉེས་ཅན་གཞན་དག་ཚང་མར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བསྣན། དམ་ལྷོད་བབ་བསྟུན་གྱི་ཉེས་དོན་སྲིད་ཇུས་མཐར་ཕྱིན་བྱས་ནས་ཉེས་བསགས་ལ་རྡུང་རྡེག་བཏང་བའི་དུས་མཚུངས་སུ་མིའི་ཐོབ་ཐང་གི་འགན་སྲུང་གཙིགས་སུ་བཟུང་། གྱོད་ཡ87གྱི་ཉེས་དོན་ཆད་གཅོད་མེད་པར་བཏང་ཞིང་། མི11ལ་བཅའ་ཁྲིམས་ལྟར་ཉེས་མེད་ཁྱབ་བསྒྲགས་བྱས་པ་དང་། ཉེས་ཅན3087གྱི་ཉེས་ཆད་ཇེ་ཡང་དང་དངོས་མིན་བཙོན་གྲོལ་བཏང་། ལོ་ན་མ་སོན་པའི་མི་དང་འབྲེལ་བའི་ཉེས་བསགས་གྱོད་གཞིའི་འདྲི་གཅོད་ལ་ཤུགས་བསྣན་ཞིང་། སྤྱི་ཚོགས་བརྟག་དཔྱད་དང་ཉེས་བསགས་ཟིན་ཐོའི་ཐམ་མནན་ཉར་ཚགས་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ལོ་ན་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་བྱུང་བར་སྲུང་སྐྱོང་བྱས།

དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་བྱ་བར་ཤུགས་བསྣན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འདྲི་གཅོད་ཐེངས་དང་པོའི་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི49484འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན10.67%འཕར་ཡོད་ལ། གྱོད་གཞིའི་དམིགས་བྱའི་དངུལ་གྲངས་སྒོར་དུང་ཕྱུར305.58ལ་བསླེབས་ཡོད། དམངས་འཚོའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས། གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན་བཅས་ཀྱི་གྱོད་གཞི13336དང་། ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་རྩོད་གླེང་གྱོད་གཞི1265། རྒྱུ་ནོར་གནོད་ཐེབས་སྐྱིན་གསབ་སོགས་ཀྱི་རྫས་དབང་རྩོད་གླེང་གྱོད་གཞི1445། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་དང་སློབ་གསོ་སྨན་བཅོས་སོགས་དབང་ཆ་ལ་གནོད་འཚེ་བཏང་བའི་འགན་འཁྲི་རྩོད་གླེང་གྱོད་གཞི2285། ས་ཞིང་འགན་གཙང་ལེན་དང་རྩྭ་ར་རྒྱུན་འཁོར་སོགས་ཞིང་ལས་དང་འབྲོག་ལས་ལ་འབྲེལ་བའི་གྱོད་གཞི377བཅས་འདྲི་གཅོད་མཇུག་བསྒྲིལ་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་། ཚོང་རའི་སྒྲིག་ལམ་གཟབ་ནན་སྒོས་ཚད་ལྡན་དུ་བཏང། གན་རྒྱ་སྣ་ཚོགས་ཀྱི་རྩོད་གླེང་གྱོད་གཞི29181དང་། དངུལ་སྡུད་དང་དངུལ་འཛིན། འགན་བཅོལ་སོགས་ཀྱི་དངུལ་རྩའི་རྩོད་གླེང་གྱོད་གཞི289། འཛུགས་སྐྲུན་ལས་གྲྭ་དང་ཚོང་ཟོག་སྡོད་ཁང་ཉོ་འཚོང་སོགས་ཀྱི་ས་ཁང་བདག་ཁོངས་རྩོད་གླེང་གྱོད་གཞི3712བཅས་འདྲི་གཅོད་མཇུག་བསྒྲིལ་ཏེ་གཞུང་དྲང་ཡིད་རྟོན་གྱི་བསམ་བློ་དར་སྤེལ་བཏང་། སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་བཀར་བར་རྒྱུན་འཁྱོངས་བྱས། ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི817འདྲི་གཅོད་མཇུག་བསྒྲིལ་བ་དང་། དེ་ལས་ཁོར་ཡུག་ཐོན་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི28ཡོད། ན་གོར་མོ་ཁྲིམས་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་བྱས་པའི་ཁོར་ཡུག་ཐོན་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་འདྲི་གཅོད་མཇུག་བསྒྲིལ་བ་དང་། ཏུའུ་ལན་རྫོང་པཱ་ལུང་ཤང་པུའུ་ལའོ་ཀུ་སྡེ་བས་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་གྱིས་རྩྭ་ཐང་ནགས་ས་གསར་སྦོལ་བྱས་པས་སྡེ་བའི་ལས་བྱེད་པ3ལ་ཁྲིམས་ཐག་བཅད་ཅིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཏོར་བརླག་བཏང་བའི་ནགས་ས་སླར་གསོ་བྱེད་དགོས་པ་མ་ཟད་ལོ་ལྔའི་ནང་སྐྱེ་ཁམས་རྩོལ་ནུས་སླར་གསོ་བྱེད་ཐུབ་དགོས་པའི་བཀའ་ཕབ། འབྲི་ཆུ་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11+1གི་ཁོར་ཡུག་ཐོན་ཁུངས་ཁྲིམས་འཛིན་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆིངས་བཞག་སྟེ་སྐྱེ་ཁམས་ཁོར་ཡུག་ཆེད་དམིགས་ཅན་གྱིི་འདྲི་གཅོད་མ་ལག་འཛུགས་པར་སྐུལ་འདེད་བཏང་། རྒྱུ་ནོར་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ཇེ་དྲག་ཏུ་བཏང་། ཟླ་སྒྲིལ་བསྐྱར་སྒྲིག་དང་བུན་སྟོངས་རྩིས་བཤེར་སོགས་གྱོད་གཞི16འདྲི་གཅོད་མཇུག་བསྒྲིལ་ནས“རོ་རེངས་ཁེ་ལས”ཁྲིམས་ལྟར་གཙང་བཤེར་བྱས། དམངས་གཉེར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་འོས་འཚམ་གྱིས་འདྲི་གཅོད་བྱས་ནས་དམངས་གཉེར་ཁེ་ལས་གྱི་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་སྒོས་སྲུང་སྐྱོབ་བྱས། ཀྲུང་དབྱང་གི་ཤེས་ཡོན་ཐོན་དབང་འདྲི་གཅོད་ཁྱབ་ཁོངས་བཅོས་བསྒྱུར་གསར་གཏོད་ལ་ཤུགས་བསྣན་པའི་སྐོར་གྱི་བསམ་འཆར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ཤེས་ཡོན་ཐོན་དབང་གི་གྱོད་གཞི80འདྲི་གཅོད་མཇུག་བསྒྲིལ། དམག་འབྲེལ་ཁ་གསབ་མཚམས་འཇོག་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་། ཀྲུང་དབྱང་གི་དམག་དཔུང་དང་དྲག་ཆས་ཉེན་རྟོག་རུ་ཁག་ཏུ་གླ་ཡོད་ཞབས་ཕྱི་ཕྱོགས་ཡོངས་ནས་མཚམས་འཇོག་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་མཐར་ཕྱིན་བྱས་ཤིང་། མགྱོགས་མྱུར་གྱིས་གྱོད་དོན་ཐོ་འགོད་དང་འདྲི་ཞིབ། ཁྲིམས་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ནས་གྱོད་གཞི135གཏན་འབེབས་དུས་བཀག་ནང་མཇུག་བསྒྲིལ་བས་རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་དམག་འབྲེལ་ཁ་གསབ་མཚམས་འཇོག་པའི་འགན་འཁྲི་ལེགས་འགྲུབ་བྱུང་བའི་ཞིང་ཆེན་གྱི་གྲས་སུ་ཚུད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ན་གོར་མོ་ཁྲིམས་ཁང་གིས་བཅིངས་གྲོལ་དམག93951རུ་ཁག་གིས་གཏུག་བཤེར་བྱས་པའི་མཱ་ག་གེ་མོ་གསུམ་གྱི་ས་ཞིང་བོགས་མ་གཏོང་ལེན་གྱི་གན་རྒྱའི་གྱོད་གཞི་བདེ་བླག་ངང་ལག་བསྟར་མཇུག་རྫོགས་པར་བྱས་ཤིང་། ཁྱིམ་ཚང200ལྷག་དང་མི1400ལྷག་བཀོད་སྒྲིག་འོས་འཚམ་བྱས་པ་དང་། དུས་བཀག་ལྟར་ས་ཞིང་སྤོས་ཤིང་རུ་ཁག་ལ་ཕྱིར་སྤྲད་པས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དཔེ་མཚོན་གྱི་གྱོད་དཔེ་རུ་བརྩིས།

སྲིད་འཛིན་རྩོད་གླེང་འོས་འཚམ་གྱིས་མེད་པར་བཟོས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་ལྟ་སྐུལ་བྱས། འདྲི་གཅོད་ཐེངས་དང་པོའི་སྲིད་འཛིན་གྱོད་གཞི692འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན20.98%འཕར་ཡོད། རྒྱལ་ཁབ་ཀྱི་སྐྱིན་གསབ་གྱོད་གཞི67འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན16%འཕར་ཡོད། ཁྲིམས་བསྟར་བྱ་སྤྱོད་ལྟ་སྐུལ་བྱས་པ་དང་ཚད་ལྡན་དུ་བཏང་། འཆར་འགོད་དང་བཤིག་སྤོ་སོགས་གྲོང་ཁྱེར་འཛུགས་སྐྲུན་རིགས་ཀྱི་གྱོད་གཞི125འདྲི་གཅོད་མཇུག་བསྒྲིལ་ཞིང18%ཟིན་ཡོད། ཤང་སྲིད་གཞུང་གི་སྲིད་འཛིན་བྱེད་སྒོ་དང་འབྲེལ་བའི་གྱོད་གཞི119འདྲི་གཅོད་མཇུག་བསྒྲིལ་ཞིང17%ཟིན་ཡོད། གཏེར་རྫས་དང་ནགས་ཚལ། རླུང་གློག་སོགས་ཐོན་ཁུངས་རིགས་ཀྱི་གྱོད་གཞི117འདྲི་གཅོད་མཇུག་བསྒྲིལ་ཞིང16.91%ཟིན་ཡོད། བགྲོད་ལམ་དང་བདེ་སྲུང་སོགས་སྤྱི་བདེའི་རིགས་ཀྱི་གྱོད་གཞི101འདྲི་གཅོད་མཇུག་བསྒྲིལ་ཞིང14.6%ཟིན་ཡོད། གཏུག་བཤེར་མ་ཡིན་པའི་སྲིད་འཛིན་བྱ་སྤྱོད་ལག་བསྟར་ཞིབ་བཤེར་བྱེད་པར་རེ་ཞུ་བྱས་པའི་གྱོད་གཞི189འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན3.84%འཕར་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་རོགས་འདེད་བྱས། སྲིད་འཛིན་མགོ་ཁྲིད་ཁྲིམས་རར་ཞུགས་ནས་ཞུ་འབུལ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཁྲིམས་རར་ཞུགས་ནས་ཞུ་འབུལ་བྱེད་པའི་ཚད64.6%ལ་བསླེབས་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག21.3འཕར་ཡོད། མཚོ་ལྷོ་ཁུལ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ཏེ་ཞུ་འབུལ་བྱས་པའི་ཚད94.11%ལ་བསླེབས་ཡོད། སྲིད་འཛིན་ལས་ཁུངས་ཀྱི་གཏུག་བཤེར་ཕམ་པའི་གྱོད་གཞི153ལ་ཁྲིམས་ཆད་བཅད་ཅིང་། གཏུག་བཤེར་ཕམ་ཚད28.81%ཡིན་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག4.69འཕར་ཡོད། སྲིད་འཛིན་འདྲི་གཅོད་འགན་ནུས་རྒྱ་བསྐྱེད་བཏང། བསྟུད་མར་ལོ་བཅུ་ལ་སྤྱི་ཚོགས་སུ་སྲིད་འཛིན་འདྲི་གཅོད་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཤིང་། དཔེ་མཚོན་གྱོད་དཔེ་སྤྱི་བསྒྲགས་བྱས་པ་དང་། ཁྲིམས་འཛིན་གྲོས་གཞི་བཏོན་ལ། ཁྲིམས་འཛིན་ཞིབ་བཤེར་བྱས་ནས་གཤམ་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱས། སྲིད་འཛིན་ལས་ཁུངས་དང་མཉམ་དུ་མཉམ་འབྲེལ་གྲོས་ཚོགས་བསྡུས་ཤིང་། ལས་རྨས་ངོས་ལེན་ཚད་གཞི་སོགས་དཀའ་གནད་རྙོག་འཛིང་གི་གནད་དོན་ལ་ངོས་ཟིན་གཅིག་གྱུར་བྱུང་ནས་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཚད་གཞི་གཅིག་གྱུར་བཟོས།

གཉིས། ལག་བསྟར་འགག་གཏོར་ལ་རྒྱལ་ཁའི་རྟིང་མ་བླངས་ཏེ་ཧུར་ཐག་གིས“ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི”དམིགས་འབེན་མངོན་འགྱུར་བྱས།

ན་ནིང་ནི“ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི”ཆེས་མཐའ་མཇུག་གི་ལོ་ཡིན་པས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་འགག་གཏོར་དཀའ་སེལ་གྱིས་རིགས་སོ་སོའི་ལག་བསྟར་གྱོད་གཞི24212དང་ལེན་བྱས་ཤིང་། གྱོད་གཞི20797ལག་བསྟར་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན16.18%དང16.97%འཕར་ཡོད་ལ། ལག་བསྟར་དམིགས་སར་འབྱོར་བའི་དངུལ་གྲངས་སྒོར་དུང་ཕྱུར35.056ཡོད།

ལག་བསྟར་བྱ་བའི་རྣམ་པ་ཆགས་པར་བྱས། ཞིང་ཆེན་ཏང་ཨུས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་ཐག་བཅད་ཀྱི་དོན་འཁྱོལ་ལ་ཤུགས་སྣོན་དང་ལྟ་སྐུལ་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ལག་བསྟར་འགག་གཏོར་ལ་བཀའ་མཆན་གལ་ཆེན་གནང་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པར་རྒྱབ་སྐྱོར་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག17གྱིས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པའི་མཉམ་ལས་བརྗེད་ཐོ་བཀོད་ཅིང་། སྡེ་ཁག82མཉམ་འབྲེལ་བྱས་ཏེ་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མཉམ་འབྲེལ་ཡིད་རྟོན་ཆད་གཅོད་རྐྱེན་སྲོལ་བཙུགས། གྲོང་ཁྱེར(ཁུལ)དང་རྫོང(ཆུས་དང་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཆེན་པོ་བྱས་ཤིང་། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པ་སྤྱི་ཡོངས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་། ཏང་ཨུའི་མགོ་ཁྲིད་དང་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ སྲིད་གཞུང་གི་རྒྱབ་སྐྱོར། ཁྲིམས་ཁང་གི་གཙོ་ཁྲིད། སྤྱི་ཚོགས་ཕྱོགས་སོ་སོ་ཞུགས་པ་བཅས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བའི་རྣམ་པ་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་སུ་ཆགས་པར་བྱས།

ལག་བསྟར་བྱེད་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་། རྒྱུ་ནོར་བཤེར་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། དངུལ་ཁང་དང་ཁང་ནོར་སོགས་སྡེ་ཁག་གིས“སྤྱིས་སྤྱི་ལ་སྦྲེལ་བ”དང“གནས་ཀྱིས་གནས་ལ་སྦྲེལ་བའི”དྲ་ལམ་བཤེར་སྡོམ་མ་ལག་སྒོ་ཕྱེས་ཤིང་། དུས་ཐོག་དང་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་བཤེར་སྡོམ་བྱས་པས་བསྡོམས་པས་གྱོད་གཞི(ཐེངས)27195འདྲི་རྩད་བྱས་པ་དང་། བསྡམས་འཇོག་གྲངས་དངུལ་སྒོར་དུང་ཕྱུར19.38ཡོད། ལག་བསྟར་ལ་གཡོལ་བའི་བྱ་སྤྱོད་ལ་ཆད་པ་བཅད་ཅིང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། དངུལ་ཁང་། བཟོ་ཚོང་སོགས་ཡིད་རྟོན་ཤོར་བའིི་ལག་བསྟར་བྱ་ཡུལ་ལ་མཉམ་འབྲེལ་ཡིད་རྟོན་གྱི་ཆད་པ་བཅད་པས་མི8229ཡིས་གནམ་གྲུའི་སྤ་སེ་ཉོ་བར་ཚོད་འཛིན་བྱས་པ་དང་། མི་ཐེངས7966འགྲུལ་འཁོར་དང་མྱུར་བགྲོད་ལྕགས་ལམ་སྡོད་པར་ཚོད་འཛིན་བྱས། ཚགས་པར་དང་བརྙན་འཕྲིན་སོགས་སྨྱན་བྱད་དང་མཉམ་འབྲེལ་བྱས་ཏེ་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་ཆ་འཕྲིན་མི་ཐེངས3240སྤྱི་བསྒྲགས་ཐེར་འདོན་བྱས་པ་དང་། ལག་བསྟར་མི་བྱེད་པའི་ཉེས་བསགས་ཀྱི་དཔེ་མཚོན་གྱོད་དཔེ20སྤྱི་ཚོགས་ལ་ཡོངས་སུ་བསྒྲགས། ལག་བསྟར་མི་བྱེད་པའི་ཁྲིམས་འགལ་ཉེས་བསགས་རྡུང་རྡེག་བཏང་ཞིང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་གཉིས་དང་མཉམ་འབྲེལ་སྒོས་སྤྱི་ཚོགས་ཡོངས་སུ་སྤྱི་བསྒྲགས་སྤེལ་བ་དང། ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ་ཏེ་ཁྲིམས་ཐག་བཅད་པ་གཏན་ནས་ལག་བསྟར་མི་བྱེད་པའི་ལག་བསྟར་བྱ་ཡུལ་གྱི་མི1183ལ་ཁྲིམས་འཛིན་བཀག་ཉར་བྱས་ཤིང་། སྒོར་ཁྲི15.7གྱི་ཆད་པ་བཅད་པ་དང་། ལག་བསྟར་མི་བྱེད་པའི་ཉེས་བསགས་ལྟར་མི10ལ་ཉེས་འགན་རྩད་གཅོད་བྱས། རྐང་ཚ་རྫོང་མི་དམངས་ཁྲིམས་ཁང་སོགས་ཁྲིམས་ཁང9ཡིས་ཀྱང་བྱ་དགའི་ལག་བསྟར་སྤེལ། རྨ་ལྷོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ཁྲིམས་ཁང16དང་འགན་བཅོལ་སྤྱི་གཉེར་ཁང་བར་མཉམ་ལས་གྲོས་ཆིངས་བཀོད་ནས་རེ་ཞུ་བར་གཏུག་བཤེར་གེགས་སྲུང་དང་བྱ་དགའི་ལག་བསྟར་གྱི་འགན་བཅོལ་འདོན་སྤྲོད་བྱས།

ལག་བསྟར་གྱོད་རྙིང་གཙང་བཤེར་གྱི་བྱེད་སྒོ་སྤེལ། ལག་བསྟར་གྱོད་རྙིང་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པའི་རྨང་གཞིའི་སྟེང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ཤིང་། རིམ་པ་གསུམ་པའི་ཁྲིམས་ཁང་མཉམ་སྒྲུབ་བྱས་ནས་ཞིང་ཆེན་ཡོངས་སུ་གཅིག་བསྡུས་སྒོས་ལོ་གཉིས་རིང་གི“མཐོ་སྒང་བློ་སྤོབས”ཀྱི་ལག་བསྟར་ཆེད་དོན་བྱེད་སྒོ་སྤེལ། ཆེད་དོན་བྱེད་སྒོའི་ཁྲོད་ཉེན་རྟོག་པའི་སྟོབས་ཤུགས་མི་ཐེངས7417དང་། རླངས་འཁོར་ཐེངས4791མངགས་པ་དང་། གྱོད་གཞི8098ལག་བསྟར་མཇུག་བསྒྲིལ་ཞིང་། ལག་བསྟར་དངུལ་གྲངས་སྒོར་དུང་ཕྱུར10.84ལ་བསླེབས་ཡོད། དུས་མཚུངས་སུ་དམངས་འཚོ་དང་འབྲེལ་བའི་གྱོད་གཞི་དང་། ཏང་སྲིད་ལས་ཁུངས་དང་འབྲེལ་བའི་དམིགས་བསལ་གཙོ་གཞིའི་གྱོད་གཞིའི་ལག་བསྟར་ཆེད་དོན་བྱེད་སྒོ་གཙོ་ཆེར་སྤེལ་ནས་བསྡོམས་པས་དམངས་འཚོ་དང་འབྲེལ་བའི་གྱོད་གཞི1151ལག་བསྟར་མཇུག་བསྒྲིལ་བ་དང་། ལག་བསྟར་དམིགས་སར་འབྱོར་བའི་དངུལ་གྲངས་སྒོར་ཁྲི4513.77ཡོད་ལ། གྱོད་གཞི220ཡིི་དོ་བདག་པར་ཁྲིམས་འཛིན་རོགས་སྐྱོར་སྒོར་ཁྲི236.95འདོན་སྤྲོད་བྱས། ཏང་སྲིད་ལས་ཁུངས་ལག་བསྟར་བྱ་ཡུལ་ཡིན་པའི་གྱོད་གཞི11ལག་བསྟར་མཇུག་བསྒྲིལ། ལག་བསྟར་གྱོད་རྙིང་གཙང་བཤེར་བྱེད་པའི་མཉམ་འཐབ་ཁྲོད་གྱོད་གཞི་ཅུང་མང་བའི་ཟི་ལིང་དང་མཚོ་ཤར་སོགས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལས་བཟོ་བ་ཡོངས་སྐུལ་སློང་བྱས་ཤིང་འཐབ་གྲལ་དུ་ཞུགས་པ་དང་། གྱོད་གཞི་ཅུང་ཉུང་བའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་གཞི་རིམ་མི་དམངས་ཁྲིམས་ཁང་སོ་སོའི་གྱོད་གཞི་དང་ལག་བསྟར་མི་སྣ་གཅིག་ཏུ་བསྡུས་ནས་གཅིག་གྱུར་གྱིས་ལག་བསྟར་བྱས།

ལག་བསྟར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་། ལག་བསྟར་བྱ་བའི“ནན་འགོག་བྱ་དགོས་པ་བཅུ”བློ་ཐག་རྦད་ཆོད་ཀྱིས་མཐར་ཕྱིན་བྱས་ཤིང་། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་ལ་སྒོ་བྱང་བཀལ་ཞིང་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་སྒྱིད་ལུག་དང་གདམ་གའི་ངང་ལག་བསྟར་བྱས་པའི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་བྱས། ལག་བསྟར་མཇུག་བསྒྲིལ་བའི་གྱོད་གཞི་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་པ་དང་། ལག་བསྟར་གྱོད་གཞིའི་དངུལ་གྲངས་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་བྱེད་ཐབས24དངོས་སུ་བཏོན་ཞིང་། ལག་བསྟར་གྱོད་གཞིའི་དངུལ་གྲངས་ལ“གྱོད་གཞི་རེར་རྩིས་ཨང་རེ”དང་། དུས་བཀག་འགྲེམ་གཏོང་བྱས་ལ། རྒྱུ་ནོར་གྱི་ཐག་གཅོད་དང་བགོ་བཤའ་བྱེད་ལུགས་ཁྱབ་བསྒྲགས་བྱས་ནས་ནང་ཁུལ་དུ་གཟབ་ནན་གྱིས་དོ་དམ་བྱས་པ་དང་། ཕྱིའི་ལྟ་སྐུལ་དང་ལེན་བྱས། ལག་བསྟར་རྒྱུ་ནོར་གྱི་དྲ་ལམ་ཁྲིམས་འཛིན་ཕམ་ཚོང་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་བསྡོམས་པས་དྲ་ལམ་ཕམ་ཚོང་ཐེངས1235བརྒྱབ་ཅིང་། བཙོང་འབོར་སྒོར་དུང་ཕྱུར2.69ཡོད་ལ། རིན་གོང་འཕར་ཚད23.27%ཟིན། དོ་བདག་པར་བར་དངུལ་སྒོར་ཁྲི806.58གྲོན་ཆུང་བྱས་པས་ཁྲིམས་འཛིན་ཕམ་ཚོང་ཁྲིམས་འགལ་ལུགས་འགལ་གྱི་ཐད་ནས་གཏུག་བཤེར་པ་གཅིག་ཀྱང་མེད་པར་མངོན་གྱུར་བྱུང་། དངུལ་རྩའི་ལས་ཁུངས་དང་མཉམ་དུ་ལག་བསྟར་གྱོད་གཞི་ལ་འབྲེལ་བའི་བརྟན་ནོར“དྲ་ཐོག་ཕམ་ཚོང་དང་བུན་གཏོང”གི་མཉམ་ལས་ཚོད་ལྟ་སྤེལ་ནས་རྒྱུ་ནོར་ཐག་གཅོད་ཀྱི་ལག་དངུལ་བསྒྱུར་ཚད་ཇེ་མཐོར་བཏང་།

ལོ་གསུམ་ཙམ་གྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མངགས་བཅོལ་བྱས་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས“ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི”དཔྱད་འཇོག་ཁྲོད་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི“90%ཅན་གསུམ་དང80%ཅན་གཅིག”གི་སྲོག་ཤིང་དམིགས་ཚད་བཞི་བོ་ཚད་ལོངས་པར་བྱས། ང་ཚོར་རྒྱལ་ཡོངས་མི་དམངས་ཁྲིམས་ཁང་དང་མཉམ་དུ“ལོ་གཉིས་ནས་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི”དམིགས་འབེན་འགན་འཁྲི་དུས་ལྟར་ལེགས་འགྲུབ་ཡོང་བའི་ཆོད་སེམས་དང་ཡིད་ཆེས་ཡོད།

གསུམ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་ནས་བསྟུད་མར་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་གསར་བ་བསྐངས།

མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱས་ཤིང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་དམངས་བདེ་དམངས་ཕན་གྱི་ཁྲིམས་འཛིན་ཐབས་ལམ་རྒྱ་བསྐྱེད་ནས་དོ་བདག་པར་གཏུག་བཤེར་ཞབས་ཕྱི་ལེགས་པོ་ཞིག་འདོན་སྤྲོད་བྱས།

མང་ཚོགས་ཀྱིས་གཏུག་བཤེར་བྱེད་པར་སྟབས་བདེ་བསྐྲུན། གྱོད་དོན་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། གྱོད་དོན་ཡོད་ཚེ་ཐོ་འགོད་བྱས་པ་དང་། གཏུག་བཤེར་ཡོད་ཚེ་འདྲི་གཅོད་དང་དུ་ལེན་ཐུབ་པར་བྱས་ཏེ་ཡུལ་དངོས་ནས་གྱོད་དོན་ཐོ་འགོད་བྱེད་ཚད98.6%ལ་བསླེབས་ཡོད། ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་གཏུག་བཤེར་ཞབས་ཕྱི་ཚོམས་ཆེན་འཛུགས་སྐྲུན་བྱས་ཤིང་། ལས་བཟོ་བ་ཡོངས་ཀྱི་གཏུག་བཤེར་མཛུབ་སྟོན་དང་། དྲ་ཐོག་གི་གཏུག་བཤེར་ཞབས་ཕྱི་ལས་སྟེགས། 12368གཏུག་བཤེར་ཞབས་ཕྱིའི་སྐུད་ལམ་སོགས་དམངས་བདེ་ཞབས་ཕྱིའི་བྱེད་ནུས་འཐུས་ཚང་དུ་བཏང་། རྒྱང་བསྟེན་གྱོད་དོན་ཐོ་འགོད་དང་ཁ་དན་གྱོད་དོན་ཐོ་འགོད། གུང་གསེང་ཐོ་འགོད། རྒྱབ་རྟེན་དྲ་ཐོག་ཁྲིམས་ཁང་། ལག་ཁྱེར་ཁ་པརAPP། འཕྲིན་ཕྲན་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ཁྱབ་སྤེལ་བཏང་ནས་དོ་བདག་པར་དྲ་ཐོག་དྲ་འོག་ཟུང་འབྲེལ་དང་། བདེ་མྱུར་གྱི“ས་ཚིགས་གཅིག་གི་རྣམ་པའི”གཏུག་བཤེར་ཞབས་ཕྱི་འདོན་སྤྲོད་བྱས། རོང་འབྲོག་ཁུལ་དུ“རྟ་ཐོག་ཁྲིམས་ཁང”དང“འཁོར་ཐོག་ཁྲིམས་ཁང”གི་སྐོར་སྐྱོད་འདྲི་གཅོད་ཤུགས་ཆེན་པོས་སྤེལ་ཞིང་། རྒྱ་ཆེ་བའི་ཁྲིམས་དཔོན་ཞིང་ས་དང་རྩྭ་ར་ནགས་ཁུལ་དུ་ཟབ་ཞུགས་བྱས་ལ་ཡུལ་དངོས་ནས་རྩོད་གླེང་མེད་པར་བཟོས་ཏེ་གྲོང་གསེབ་ཏུ་དུས་ལྟར་ཁྲིམས་ལུགས་བསྒྲགས། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཡོངས་ཁྱབ་ཏུ་ཁྲིམས་རྩོད་པའི་གྱོད་བཤེར་ཁང་དང་ངལ་གསོ་ཁང་བཙུགས་ཤིང་། ཁྲིམས་རྩོད་པའི་ཞབས་ཕྱི་དྲ་ལམ་ལས་སྟེགས་དྲ་ཐོག་ནས་འཁོར་རྒྱུག་ཐུབ་པར་བྱས་ནས་ཁྲིམས་དཔོན་གཏུག་བཤེར་དུ་ཞུགས་པར་སྟབས་བདེ་བསྐྲུན།

ཁྲིམས་འཛིན་ཁྲོམ་བསྒྲགས་ལ་སྐུལ་འདེད་བཏང་། ཁྲིམས་བཀོད་དོན་རྩ་ཡོད་པ་ཕན་ཆད་ཀྱི་གྱོད་གཞི་ཡོད་ཚད་ཡོངས་གྲགས་སུ་འདྲི་གཅོད་བྱས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ལས་རིམ་དང་ཁྲིམས་སའི་འདྲི་གཅོད་བྱེད་སྒོ། ཁྲིམས་འདུམ་ཡིག་རིགས། ལག་བསྟར་ཆ་འཕྲིན་བཅས་ཀྱི་ཁྲོམ་བསྒྲགས་ལས་སྟེགས་ཆེན་མོ་བཞི་གཅིག་གྱུར་གྱིས་བཙུགས་ནས་དོ་བདག་པར་གྱོད་གཞི་ལས་རིམ་ཆ་འཕྲིན་ཁྲི240ལྷག་དང་། ཁྲོམ་བསྒྲགས་གྱོད་གཞི་ཁྲི11.36ལྷག ཐད་གཏོང་ཁྲིམས་སའི་འདྲི་གཅོད་ཁྲི2ལྷག ཁྲོམ་བསྒྲགས་ཁྲིམས་འདུམ་ཡིག་རིགས་ཁྲི8.7འགྲེམ་གཏོང་བྱས་པས་ཁྲོམ་བསྒྲགས་ཀྱི་བསྡུར་ཚད་དང་དུས་ཐོག་ཡིན་ཚད་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་གྲས་སུ་བསླེབས་ཡོད། གྱོད་གཞི་ལག་ཏུ་བསྟར་བའི་གོ་རིམ་ཁྲོད་དོ་བདག་པར་རྒྱུ་ནོར་བཤེར་སྡོམ་དང་དཔྱད་འཇོག ཐག་གཅོད། བགོ་བཤའ་སོགས་ལས་རིམ་ཡོངས་ཀྱི་ཆ་འཕྲིན་ཁྲོམ་བསྒྲགས་བྱས་ཏེ་དོ་བདག་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཕྱོགས་ཀུན་ནས་དང་ལེན་བྱས། ཁྲིམས་ཁང་གི་པོད་ཕྲན་དང་འཕྲིན་ཕྲན་གྱི་འཕྲིན་སྟེགས་སྒོ་ཕྱེས་ནས་སྤྱི་ཚོགས་ལ་ཁྲིམས་ཁང་གི་བྱ་བའི་ཆ་འཕྲིན9360འགྲེམ་གཏོང་བྱས་ཤིང་། ཚགས་པར་དང་དྲ་ལམ་སྨྱན་བྱད་དང་། ཁྲིམས་ཁང་གཙོ་ཆེའི་དྲ་ཚིགས་ལ་བརྟེན་ནས་ཆ་འཕྲིན7700ལྷག་ཁྲོམ་བསྒྲགས་སྒྲོག་སྤེལ་བྱས་ཡོད།

ཡིག་སྐུར་ངོ་གཏུག་གྱོད་རྙིང་མེད་པར་བཟོས། ཡིག་སྐུར་ངོ་གཏུག་གི་གྱོད་རྙིང་མེད་པར་བཟོ་བའི་ཆེད་དོན་བྱེད་སྒོ་གཅིག་བསྡུས་ཀྱིས་སྤེལ་ནས་གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་ལོ་རྒྱུས་གྱོད་རྙིང44བརྟག་སེལ་བྱས་ཤིང་། ཟླ་བ་གསུམ་གྱི་དུས་ཚོད་གཅིག་བསྡུས་ཀྱིས་སྤྱད་ནས་རིམ་པ་གསུམ་པའི་ཁྲིམས་ཁང་མཉམ་སྒྲུབ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གྱོད་རྙིང་ཡོད་ཚད་མེད་པར་བཟོས་ཡོད། པེ་ཅིན་དུ་ངོ་གཏུག་བྱེད་པ་དང་ཐུན་མོང་ངོ་གཏུག་བྱེད་པའི་སྣང་ཚུལ་མེད་པར་བཟོ་རྒྱུ་གཙོ་གནད་དུ་བཟུང་ཞིང་། རྒྱུན་ལྡན་གྱི་གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་བྱ་བ་དམ་དུ་བཟུང་ནས་དུས་ཆེན་གལ་ཆེན་དང་བྱེད་སྒོ་གལ་ཆེན་སྤེལ་བའི་རིང་ལ“པེ་ཅིན་དུ་གཏུག་མཁན་མེད་པ”དང“སོར་འཇོག་མེད་པ”མངོན་འགྱུར་བྱུང་ཡོད། ཁྲིམས་ལྟར་ནོར་འཆུག་ཡོ་བསྲང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཡང་བསྐྱར་འདྲི་གཅོད་བྱེད་པའི་རེ་ཞུ་དང་ཞིབ་བཤེར་དག་ཞུའི་བྱ་བར་ཤུགས་བསྣན་ནས་ཡང་བསྐྱར་འདྲི་གཅོད་བྱེད་པའི་རེ་ཞུའི་གྱོད་གཞི781ཞིབ་བཤེར་བྱས་ཤིང་། ཡང་བསྐྱར་འདྲི་གཅོད་བྱེད་པའི་གྱོད་གཞི211འདྲི་གཅོད་མཇུག་བསྒྲིལ་ལ། ཐོག་མའི་ཁྲིམས་ཆད་ནོར་འཆུག་བྱུང་བའམ་ཁྲིམས་བཀོད་དོན་རྩ་གཞན་དག་གི་དབང་གིས་གྱོད་དོན68ཁྲིམས་ཆད་བསྒྱུར་བ་དང་། དེས32.23%ཟིན་ཡོད།

ཁྲིམས་འཛིན་རོགས་སྐྱོབ་བྱེད་ཚད་ཇེ་ཆེར་བཏང་། དཔལ་འབྱོར་ཐད་ལ་དཀའ་ཁག་ངོ་མ་ཡོད་པའི་དོ་བདག་པས་ཞུ་གཏུག་གི་འགྲོ་སོང་སྤྲོད་རྒྱུ་ཕྱིར་འགྱངས་པ་དང་ཉུང་དུ་སྤྲོད་པ། སྤྲོད་མི་དགོས་པའི་སྒོར་ཁྲི1087.07ལ་བསླེབས་ཤིང་། རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་གྱོད་གཞི196ཁྲོད་ཀྱི་རོགས་སྐྱོབ་བྱ་ཡུལ290ལ་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི413སྤྲད། ཁྲིམས་འཛིན་རོགས་སྐྱོབ་ལག་ཏུ་བསྟར་བའི་ཆེད་དོན་མ་དངུལ་སྒོར་ཁྲི400བརྩོན་ལེན་བྱས་ནས་ཆ་རྐྱེན་དང་མཐུན་པའི་ལག་བསྟར་གྱོད་གཞི76ལ་རོགས་སྐྱོབ་བྱས་པ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི306ལ་བསླེབས་ཡོད།

བཞི། ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་།

ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ཞིང་། གཙོ་བོར་འདྲི་གཅོད་དོ་དམ་ལྟ་སྐུལ་དང་ཕྱོགས་བསྡུས་ཆ་འགྲིག་བཅོས་བསྒྱུར་ལ་ཤུགས་བསྣན་ནས་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས།

འདྲི་གཅོད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན། འདྲི་གཅོད་དོ་དམ་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། 《གྱོད་གཞིའི་ལས་རིམ་གྱི་དོ་དམ་བྱེད་ཐབས》 དང《ཁུ་སིམ་རྣམ་པའི་ལྟ་སྐུལ་དོ་དམ་ལ་སྐུལ་སྤེལ་གཏོང་བའི་སྐོར་གྱི་བརྡ་སྦྱོར》སོགས་ཚད་ལྡན་གྱི་ཡིག་ཆ་དངོས་སུ་བཏོན་ནས་གྱོད་དོན་ཐག་གཅོད་བྱེད་ཚུལ་ཐད་ཕྱོགས་ཡོངས་དང་ལས་བཟོ་བ་ཡོངས། ལས་རིམ་ཡོངས་ལ་གཟབ་ནན་སྒོས་ལྟ་སྐུལ་དོ་དམ་བྱས། གྱོད་དོན་དཔྱད་བཤེར་བྱེད་ཐབས་དང་ཚད་གཞི་སོགས་ཀྱི་གཏན་འབེབས་དངོས་སུ་བཏོན་ནས་གྱོད་གཞིའི་སྤུས་ཚད་དཔྱད་བཤེར་དང་། ཁྲིམས་སའི་འདྲི་གཅོད་བྱེད་སྒོ་དཔྱད་བཤེར། ཁྲིམས་འདུམ་ཡིག་ཆ་དཔྱད་བཤེར། གྱོད་གཞི་མཇུག་བསྒྲིལ་བའི་ཞིབ་བཤེར་གཏན་འབེབས་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཙུགས། ཁྲིམས་ཆད་བསྒྱུར་བ་དང་ཡང་བསྐྱར་འདྲི་གཅོད་བྱེད་པར་ཕྱིར་སྤྲད་པའི་གྱོད་གཞིར་གཙོ་ཆེར་དཔྱད་བཤེར་བྱས་ནས་གྱོད་གཞི692ལ་དཔྱད་བཤེར་བྱས། ཁྲིམས་འདུམ་ཡིག་ཆ་ལ་སྐབས་བསྟུན་ཟུར་བཤེར་བྱས་ནས་བསྡོམས་པས་ཁྲིམས་འདུམ་ཡིག་ཆ2100ལྷག་དཔྱད་བཤེར་བྱས་ཡོད། ཁྲིམས་སའི་འདྲི་གཅོད་བྱེད་སྒོ་ལ་དུས་ཆད་ལྟར་དཔྱད་བཤེར་བྱས་ནས་ཁྲིམས་སའི་འདྲི་གཅོད890ལྷག་དཔྱད་བཤེར་བྱས། གྱོད་གཞི་ཡོངས་ཀྱི་འདྲི་གཅོད་མཇུག་བསྒྲིལ་ཚུལ་དྲ་ཐོག་ནས་ཞིབ་བཤེར་བྱས་ཏེ་གྱོད་གཞི2698ཀྱི་ནོར་འཁྲུལ་ཡོ་བསྲང་དང་དག་ཐེར་བྱས་པར་སྐུལ་འདེད་བཏང་། དཔྱད་བཤེར་མཇུག་འབྲས་དེ་གྲུབ་འབྲས་དང་ལས་ཕྱོད་དཔྱད་ཞིབ་ཀྱི་གཞི་འཛིན་ས་གཙོ་བོར་བྱས་ནས་ཁྲིམས་ཆད་བསྒྱུར་བ་དང་ཡང་བསྐྱར་འདྲི་གཅོད་བྱེད་པར་ཕྱིར་སྤྲད་པའི་གྱོད་གཞི་དག་ལ་དུས་ཆད་ལྟར་བརྡ་ཁྱབ་སྤེལ། དཔྱད་བཤེར་བྱས་པ་བརྒྱུད་ཚད་ལོངས་མེད་པའི་གྱོད་གཞི་ལ་གྱོད་གཞི་ཞིབ་གཅོད་འགན་འཁྲི་རྩད་གཅོད་ཀྱི་བྱ་རིམ་མགོ་བརྩམས། ཡོན་ཀྲང་དང་ཁྲིམས་དཔོན་གྱི་གྱོད་གཞི་ཞིབ་གཅོད་བྱེད་ཚུལ་གྱི་དུས་ཆད་བརྡ་ཁྱབ་ལམ་ལུགས་བཙུགས་པས་ཡོན་ཀྲང་དང་ཁྲིམས་དཔོན་གྱིས་གྱོད་གཞི28080འདྲི་གཅོད་མཇུག་བསྒྲིལ་བ་དང་། དེ་འདྲི་གཅོད་མཇུག་བསྒྲིལ་བའི་གྱོད་གཞི་ཡོངས་ཀྱི42%ཟིན།

འདྲི་གཅོད་རྐྱེན་སྲོལ་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་ནང་བཙུགས་ལས་ཁུངས་བཅོས་བསྒྱུར་འགྲུབ་པར་བྱས་ཤིང་། ཁྲིམས་དཔོན་གྱི་སྒྲིག་ཁོངས་བསྡུར་ཚད་བབ་བསྟུན་ལེགས་སྒྲིག་བྱས་ནས་འདྲི་གཅོད་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་། གྱོད་གཞིའི་གྲངས་ཀ་དང་གྱོད་གཞིའི་རིགས་དབྱེ། དཀའ་སླའི་ཚད། མི་སྣའི་གྲུབ་ཚུལ་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་ནས་འདྲི་གཅོད་ཚོགས་པའི་ནང་ཁུལ་གྱི་བྱ་བའི་དབྱེ་བགོ་འཐུས་ཚང་དུ་བཏང་ཞིང་། གྱོད་གཞི་སྒྲུབ་པའི་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་། ཁྲིམས་དཔོན་ལ་འདྲི་གཅོད་ལག་རོགས་མི་སྣའི་བྱ་བའི་དབྱེ་བགོས་དབང་ཆ་དང་། བྱ་དགའ་ཆད་གཅོད་ཀྱི་གྲོས་གཞི་འདོན་དབང་སྤྲད་ནས་ཚོགས་པའིི་བྱ་བའི་སྤུས་ཚད་དང་ལས་ཕྱོད་ཇེ་མཐོར་བཏང་། གྱོད་གཞི་བཙན་ཤེད་བཤེར་འཚོལ་གྱི་སྙན་ཞུའི་ལམ་ལུགས་སྐུལ་སྤེལ་བཏང་ཞིང་། ཆེད་ལས་ཁྲིམས་དཔོན་གྱི་གྲོས་ཚོགས་དང་མཉམ་གྲོས་ཁྲིམས་སའི་དཔྱད་གླེང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་བགྲོ་གླེང་གྱོད་གཞི་བཅས་ཀྱི་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་རྙོག་འཛིང་དང་རྣམ་པ་གསར་བའི་གྱོད་གཞིའི་སྤུས་ཚད་ཇེ་མཐོར་བཏང་།

འདྲི་གཅོད་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་། འདྲི་གཅོད་ལྟེ་བ་ཡིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ཞིང་། རྒྱུན་མཐོང་ཉེས་བསགས་བདེན་དཔང་གི་ཚད་གཞི་གཏན་འབེབས་བྱས་ལ། འདྲི་གཅོད་མགོ་མ་བརྩམས་གོང་གི་གྲོས་ཚོགས་ལམ་ལུགས་དང་ཁྲིམས་འགལ་བདེན་དཔང་སེལ་བའི་ལམ་ལུགས། ཁྲིམས་སའི་བརྟག་དཔྱད་གོ་རིམ་བཅས་འཐུས་ཚང་དུ་བཏང་ནས་ཉེས་དོན་གྱོད་གཞིར་ཁྲིམས་དཔོན་དག་འབུད་ཕྱོགས་ཡོངས་སུ་ཁེབས་པར་བྱས། ཁྱིམ་དོན་འདྲི་གཅོད་བྱེད་ཐབས་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ཞིང་། ཁྱིམ་དོན་འདྲི་གཅོད་ཀྱི་ཞི་ལྷོད་དུས་སྐབས་དང་སེམས་ཁམས་ཚད་ལེན་དཔྱད་བསྡུར་གྱི་ཞབས་ཕྱིའི་རྐྱེན་སྲོལ་བཙུགས་ནས་གཉེན་སྒྲིག་ཁྱིམ་ཚང་གི་འགལ་འདུ་ནུས་ལྡན་སྒོས་བརྟག་སེལ་བྱས། ཧུའུ་ཀྲུའུ་རྫོང་མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་དུ“བདེ་སྐྱིད་ཀྱི་ཁྱིམ་ཚང་སློབ་ཁང”བསྒྲུབས་པའི་བྱེད་ཐབས་དེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁས་ལེན་གང་ལེགས་ཐོབ། རྙོག་འཛིང་དང་སྟབས་བདེ་ཁག་བགོས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། གྱོང་ཆུང་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྟབས་བདེའི་དམངས་དོན་གྱོད་གཞི་དུས་ལྟར་ནུས་ལྡན་སྒོས་ཐག་བཅད། ཞིང་ཆེན་ཞིབ་དཔྱོད་ཁང་དང་མཉམ་དུ་ཞིབ་དཔྱོད་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞིའི་ཆོད་དོན་གཏན་འབེབས་བྱས་ཤིང་ཞིབ་གཅོད་བྱས་ནས་ཞིབ་དཔྱོད་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། “ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཛིན་དང་གསར་སྐྲུན་བྱས་ཤིང་། མི་དམངས་ཀྱི་འདུམ་འགྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམངས་ཁྲོད་རྩོད་གཞི་རྣམ་པ་དུ་མའི་སྒོ་ནས་སེལ་བར་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་ལ་དུས་ལྟར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཤིང་། གྱོད་དོན་སྒྲུབ་པའི་མཉམ་ལས་བྱེད་ཐབས་གཏན་འབེབས་དང་དངོས་སུ་བཏོན་ལ། བྱ་བའི་རྐྱེན་སྲོལ་མཐུན་སྦྱོར་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་འགྲུབ་པར་བྱས།

ཤེས་རིག་ཁྲིམས་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཆེད་དོན་དྲ་ལམ་འཛུགས་སྐྲུན་འགྲུབ་པར་བྱས་ཤིང་། རིམ་པ་གསུམ་པའི་ཁྲིམས་ཁང་དང་མི་དམངས་ཁྲིམས་ཁང་མང་ཆེ་བས་ཆེད་དོན་དྲ་ལམ་མཐུད་ནས“དྲ་ངོས་གཅིག”གི་གཞུང་ལས་དང་གྱོད་དོན་སྒྲུབ་པར་མངོན་འགྱུར་བྱས་པ་དང་། གོ་རིམ་ཡོངས་སུ་བྱ་བ་བསྒྲུབས་པའི་སྒྲུབ་ཤུལ་འཇོག་པ་དང་གོ་རིམ་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱས། དྲ་ཐོག་ནས་གྱོད་དོན་སྒྲུབ་པའི་མ་ལག་འཐུས་ཚང་དུ་བཏང་ཞིང་། དྲ་ཐོག་ནས་གྱོད་དོན་སྒྲུབ་པའི་ལམ་ལུགས་དང་བྱེད་ཐབས་དངོས་སུ་བཏོན་ཞིང་སྐུལ་སྤེལ་བྱས་པ་དང་། གྱོད་དོན་ཐོ་འགོད་དང་། སྐྱེལ་སྤྲོད། ཞིབ་གཅོད། ལག་བསྟར་བཅས་ཀྱི་ལས་རིམ་ཡོངས་དྲ་ཐོག་ནས་བསྒྲུབས་ལ། བདེན་དཔང་རྒྱུ་ཆ་དང་གཏུག་བཤེར་ཡིག་ཆ་ཡོད་ཚད་དུས་ལྟར་འགྲོས་མཉམ་པོས་དྲ་འགོད་བྱས་པ་དང་། གློག་རྡུལ་ཡིག་ཁུག་དྲ་ཐོག་ཏུ་འགྲོས་མཉམ་པོས་ཐོན་པར་བྱས་ནས་གློག་རྡུལ་ཡིག་ཁུག་ཁེབས་ཚད97.1%ལ་བསླེབས་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག30ཡན་ལས་མཐོ། དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གི37%གྱི་གྱོད་གཞིའི་ཡིག་ཆ་འཕྲིན་ཐུང་དང་འཕྲིན་ཕྲན་སོགས་གློག་རྡུལ་གྱི་བྱེད་ཐབས་ལ་བརྟེན་ནས་སྐྱེལ་སྤྲོད་བྱས། གཞུང་ལས་མ་ལག་གཅིག་གྱུར་བྱས་ཤིང་། ཤོག་བུ་མེད་པའི་གཞུང་ལས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཏེ་གཞུང་ཡིག་སྐོར་སྐྱོད་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཕྱིའི་འགན་སྲུང་། སྲིད་དོན་དོ་དམ་བཅས་ཀྱི་ཕྱོགས་གནས་ཡོངས་དྲ་ཐོག་ནས་འཁོར་སྐྱོད་བྱས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་བརྙན་འཕྲིན་གྲོས་ཚོགས་མ་ལག་ཡོངས་སུ་ཁེབས་པར་བྱས་ཤིང་། གྲངས་འཛིན་ཁྲིམས་རའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་གྱོད་དོན་སྒྲུབ་པ་དང་དོ་དམ་བྱེད་པ་གཞི་གཅིག་ཏུ་གྱུར་བའི་ལག་བསྟར་མཛུབ་སྟོན་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན། ཕྱོགས་ཡོངས་ཀྱི་གྱོད་དོན་སྒྲུབ་པའི་རིག་ནུས་ཞབས་ཕྱི་ལ་སྐུལ་འདེད་བཏང་ཞིང་། མིས་བཟོས་རིག་ནུས་ཀྱི་རམ་འདེགས་ཁྲིམས་འདུམ་ལ་བརྟེན་ནས་ཁྲིམས་དཔོན་ལ་རིགས་མཐུན་པའི་གྱོད་གཞིའི་གཞི་འཛིན་ས་དང་ཡིག་ཆ་དག་ཐེར་སོགས་ཀྱི་འདྲི་གཅོད་རྒྱབ་སྐྱོར་འདོན་སྤྲོད་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་ཐིན། བཙོན་ཁང་དོ་དམ་ཅུས་བཅས་དང་མཉམ་དུ་ཁྲིམས་ཆད་ཇེ་ཡང་དང་དངོས་མིན་བཙོན་གྲོལ་བཏང་བའི་ཆ་འཕྲིན་ཅན་གྱི་གྱོད་དོན་སྒྲུབ་པའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས“གསང་གྲོས་ལྐོག་ལས”ལ་སྒོ་ཁེག་པར་བྱས།

ལྔ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དྲང་གཞག་ཁྲིམས་འཛིན་གྱི་འཇོན་མིའི་འགན་སྲུང་ཇེ་དྲག་ཏུ་བཏང།

ཏང་གིས་ཏང་སྐྱོང་བ་དང་། ཏང་གིས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་དམངས་ཀྱི་ཆེད་དུ་ཁྲིམས་བསྟར་བ། ལས་འགན་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ཁྲིམས་ཁང་དཔུང་སྡེ་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱས།

བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཆེན་མོ་དང་གྲོས་མོལ་ཆེན་མོ་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཞིང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་ནན་སྲུང་བྱས་ནས་ཏང་གིས་ཁྲིམས་ཁང་བྱ་བའི་མགོ་ཁྲིད་གཙང་བཙན་རྒྱུན་འཁྱོངས་བྱས། “སློབ་གཅིག་བྱེད་གཉིས”ཀྱི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་ལ་ཏན་ཏིག་སྒོས་སྐུལ་འདེད་བཏང་ཞིང་། “འདུ་ཤེས་བཞི”བརྟན་པོར་བཅངས་བར་བྱས་ལ། “རང་རྟོན་བཞི”དངོས་སུ་ཇེ་དྲག་ཏུ་བཏང་ནས“སྲུང་སྐྱོང་གཉིས”བློ་ཐག་རྦད་ཆོད་ཀྱིས་འགྲུབ་པར་བྱས། འདུ་ཤེས་འཛིན་སྟངས་ཀྱི་གཙོ་གཞིའིི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ནུབ་ཕྱོགས་པའི“ཁྲིམས་སྲིད་དམངས་གཙོ”དང“དབང་གསུམ་དབྱེ་བཀོད”སོགས་བསླད་སྐྱོན་ཞུགས་པའི་ནོར་འཁྲུལ་གྱི་བསམ་བློ་རྦད་ཆོད་ཀྱིས་བཀག་འགོག་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་རྦད་ཆོད་ཀྱིས་མཐར་ཕྱིན་བྱས་ཏེ《 “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ཁྲིམས་འཛིན་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་པའི་བསམ་འཆར》གཏན་འབེབས་བྱས། དོན་ཚན་གལ་ཆེན་གྱི་དགོངས་སྐོར་སྙན་ཞུ་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལོ་གཅིག་གི་བྱ་བ་གལ་ཆེན་དང་དོན་ཚན་གཙོ་བོ་དུས་ལྟར་ཞིང་ཆེན་ཏང་ཨུར་དགོངས་སྐོར་སྙན་སེང་ཞུས། ཁྲིམས་ཁང་གི་ཏང་འཛུགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་། “བདུན་གཅིག”དང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བ་སོགས་ཀྱིི་བརྗོད་དོན་བྱེད་སྒོ་སྤེལ་བར་རྩ་འཛུགས་བྱས་ལ། འབྲེལ་བ་ཆད་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་གཙང་བཤེར་བྱས་ཏེ་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཁྲིམས་འཛིན་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན། སློབ་སྦྱོང་རྣམ་པའི་ཁྲིམས་ཁང་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་ཏེ་ལས་བྱེད་ཉེན་རྟོག་པའི་དཔེ་ཀློག་ཚོགས་འདུ་དང་ན་གཞོན་ཁྲིམས་དཔོན་གྱི་བགྲོ་གླེང་ཚོགས་འདུ། རིག་གཞུང་བརྩམས་ཆོས་བསྡུ་བ་སོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ། ལས་བྱེད་ཉེན་རྟོག་པ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་སོགས་ཀྱིས་སྒྲུབ་པའི་གསོ་སྦྱོང་སྣ་ཚོགས་ཐེངས112ལ་ཞུགས་པ་དང་། གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པ་མི་ཐེངས335ཡོད། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་མཚོ་སྔོན་སློབ་གླིང་གིས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས19བསྒྲུབས་པ་དང་། ལས་བྱེད་ཉེན་རྟོག་པ་མི་ཐེངས2453ལ་གསོ་སྦྱོང་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་འོས་ཐོབ་རྒྱུགས་ལེན་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་བསྒྲུབས་ནས་རིམ་པ་སོ་སོའི་ཁྲིམས་ཁང་གི་ཆ་རྐྱེན་ཚང་བའི་མི་སྣ་ཡོད་ཚད་གསོ་སྦྱོང་ལ་ཞུགས། རྒྱུགས་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པ173གྱི་ནང་ནས་དཔང་ཡིགAཐོབ་མཁན་མི40ཡོད་པ་དང་། དཔང་ཡིག་རིགས་གཞན་དག་ཐོབ་མཁན་མི58ཡོད་ལ། ཐོབ་ཚད56.6%ལ་བསླེབས་ཡོད།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་བསྣན། ཁྲིམས་འཛིན་སྐོར་ཞིབ་དང་འདྲི་གཅོད་བྱ་བའི་ལྟ་ཞིབ། གྱོད་གཞིའི“གཏན་འབེབས་གཉིས”བཀག་འགོག་དང་ཐེ་གཏོགས། འདྲི་རྟོག་བཅས་བྱེད་པ་སོགས་ཀྱི་ལམ་ལུགས་གཟབ་ནན་སྒོས་ལག་ཏུ་བསྟར་ནས་ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་། སྤྱོད་པ་ཚུལ་ལྡན་དང་སྒྲིག་ཁྲིམས་ནན་སྲུང་གི་བྱ་བ་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་། འབྲིང་རིམ་མི་དམངས་ཁྲིམས་ཁང8ལ་ཁྲིམས་འཛིན་སྐོར་ཞིབ་དང“ཕྱིར་མིག་ལྟ་བའི”བྱ་བ་སྤེལ་ཞིང་། འབྲིང་རིམ་གཞི་རིམ་ཁྲིམས་ཁང་དང་མི་དམངས་ཁྲིམས་ཁང41ལ་ལྐོག་རྩད་མངོན་བཤེར་བྱས་ནས“རྣམ་འགྱུར་མི་ལེགས་ཤིང་རང་འགན་གཞན་དཀྲི་བྱེད་པ”སོགས་ཁྲིམས་འཛིན་ཚད་ལྡན་མིན་པ་དང་གཟབ་ནན་མིན་པའི་གནད་དོན་ནུས་ལྡན་སྒོས་བཅོས་སྐྱོང་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གསུམ་པའི་ཕྱིར་ལྡོག་བསམ་འཆར་གཞིར་བཟུང་ཞིང་། ནན་ཏན་སྒོས་སྐོར་ཞིབ་བཅོས་སྐྱོང་བྱས་ནས་མྱུར་དུ་བཅོས་སྐྱོང་བྱེད་ཐུབ་པའི་ལས་འགན16ཡོངས་རྫོགས་འགྲུབ་པ་དང་། ཡུན་རིང་ལ་ལེགས་བསྒྱུར་བྱ་དགོས་པའི་ལས་འགན10རྒྱུན་མཐུད་བཅོས་སྐྱོང་བྱས། ལྟ་སྐུལ་ཁྲིམས་བསྟར་གྱི“འདུ་ཤེས་རིགས་བཞི”བེད་སྤྱོད་ལེགས་པོ་བྱས་ནས་འདྲི་གཅོད་ལག་བསྟར་གྱི་དབང་ཆ་སྤྱད་དེ་ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་སྤེལ་བར་སྔོན་འགོག་དང་རྩད་གཅོད་བྱས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་འཕྲིན་འདྲི་མི་ཐེངས12བྱས་ཤིང་། བསྐོང་འདྲི་དྲན་སྐུལ་མི་ཐེངས34བྱས་པ་དང་། དྲན་སྐུལ་སློབ་གསོའི་ཁ་བརྡ་མི་ཐེངས12བྱས་ལ། ཏང་སྲོལ་སྲིད་དོན་ཐག་གཅོད་མི་ཐེངས12བྱས་པ་དང་། མི1ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱས།

དྲུག རང་འགུལ་གྱིས་ལྟ་སྐུལ་དང་དུ་བླངས་ནས་མི་དམངས་ཁྲིམས་འཛིན་ལས་དོན་སྐྱོན་བྲལ་ངང་འཕེལ་བར་ཁག་ཐེག་བྱས།

ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དང་ལེན་དེ་དྲང་གཞག་ཁྲིམས་འཛིན་གྱི་འགན་སྲུང་གལ་ཆེན་དུ་བརྩིས་ཤིང་། རང་འགུལ་གྱིས་ལྟ་སྐུལ་དང་དུ་ལེན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁྲིམས་ཁང་གི་བྱ་བ་བསྟུད་མར་ཚད་ལྡན་དང་ལེགས་བསྒྱུར་བྱས།

དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལག་བསྟར་བྱ་བའི་གནས་ཚུལ་ཡིག་ཐོག་ནས་སྙན་ཞུ་ཕུལ་ཏེ་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་པའི་བྱ་བར་མཉམ་འབྲེལ་སྒོས་བརྟག་དཔྱད་ཞིབ་འཇུག་བྱས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་འཐུས་མི་རྣམས་ཀྱིས་བཏོན་པའི་བསམ་འཆར་གཞིར་བཟུང་ནས་བསམ་འཆར་ཕྱོགས9དང་དོན་ཚན57ཕྱོགས་བསྡུས་ལེགས་སྒྲིག་བྱས་ཤིང་། འགན་འཁྲི་དང་དུས་བཀག་ངེས་གསལ་བྱས་ནས་ཐག་གཅོད་བྱས་ཚུལ་ཟླ11པའི་ཟླ་དཀྱིལ་དུ་འཐུས་མི་རྣམས་ལ་ལན་ལྡོག་ཟིན། རང་འགུལ་གྱིས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་གདན་དྲངས་ཏེ་མི་ཐེངས30ལྷག་ཁྲིམས་ཁང་ལ་གཟིགས་ཞིབ་དང་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་གྲོས་གཞི2ནན་ཏན་སྒོས་བསྒྲུབས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་སྤྲད་པའི་ཡིག་སྐུར་ངོ་གཏུག་གྱོད་གཞི8པོ་ཐག་གཅོད་བྱས་ཡོད།

སྲིད་གྲོས་ཀྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱས། སྲིད་གྲོས་དང་མཉམ་འབྲེལ་བྱེད་པར་རང་འགུལ་གྱིས་ཤུགས་བསྣན་ཞིང་། དམངས་གཙོའི་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་རྒྱུན་ལྡན་འབྲེལ་འདྲིས་ལ་ཤུགས་བསྣན་པ་དང་། ནན་ཏན་སྒོས་བསམ་འཆར་ཉན་ནས་ཐུན་མོང་གི་ངོས་ཟིན་རྒྱ་ཆེར་བསྡུས། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ནས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི2ཐག་བཅད་བྱས་ཡོད།

ཞིབ་དཔྱོད་ཀྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཤིང་། བྱ་བའི་མཐུན་སྦྱོར་གཞོགས་འདེགས་ཀྱི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་གྲུབ་པར་བྱས་ཏེ་བཅའ་ཁྲིམས་ལྟ་སྐུལ་ཕན་ནུས་སྔར་བས་མཐོར་འདེགས་སུ་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་ཐེངས་དང་པོར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་སུ་ཟུར་ཞུགས་མཛད་ཅིང་། ཞིབ་དཔྱོད་གྲོས་གཞི་གཉིས་ལ་བསམ་འཆར་བཏོན། ཞིབ་དཔྱོད་ལས་ཁུངས་དང་གཞོགས་འདེགས་བྱས་ནས་གཏུག་བཤེར་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ་རྒོལ་གཏུག་གྱོད་གཞི42འདྲི་གཅོད་མཇུག་བསྒྲིལ་ཞིང་། བསྐྱར་དུ་འདྲི་གཅོད་བྱས་པའི་ཞིབ་དཔྱོད་བསམ་འཆར་གྱོད་གཞི10ཐག་གཅོད་བྱས་པ་དང་། གྱོད་གཞི7བསྐྱར་དུ་འདྲི་གཅོད་བྱ་རྒྱུ་མགོ་བརྩམས་ནས་ཁྲིམས་འཛིན་དྲང་གཞག་ལ་མཉམ་དུ་སྲུང་སྐྱོང་བྱས།

སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཆེར་དང་ལེན་བྱས། མི་དམངས་འདྲི་གཅོད་ལག་རོགས་པ་འདྲི་གཅོད་ལ་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། མི་དམངས་འདྲི་གཅོད་ལག་རོགས་པ་ཁྲིམས་འཛིན་ལ་ཞུགས་པ་དང་ཁྲིམས་འཛིན་ལ་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བསྡོམས་པས་གྱོད་གཞི9477གྱི་འདྲི་གཅོད་ལ་ཞུགས་པ་དང་། འདྲི་གཅོད་ལ་ཞུགས་པའི་ཚད70.75%ལ་བསླེབས་ཡོད། གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ལམ་ལུགས་འཐུས་ཚང་དུ་བཙུགས་ཤིང་། གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཐེངས8བསྡུས་ལ། ཁྲིམས་ཁང་གི་བྱ་བ་གལ་ཆེན་དང་བྱེད་སྒོ་གལ་ཆེན་དུས་ལྟར་དུ་སྤྱི་ཚོགས་ལ་ཁྲོམ་བསྒྲགས་བྱས་ནས་སྤྱི་ཚོགས་དང་སྨྱན་བྱད་ཀྱི་ལྟ་སྐུལ་དང་ལེན་བྱས།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་གྲུབ་འབྲས་ཐོབ་པ་ནི། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིི་ཁྲིམས་བཞིན་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཆེན་པོ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་སྐྱོར་བྱས་པ་བཅས་ཀྱི་འབྲས་བུ་ཡིན་པས། ངས་འདི་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

ང་ཚོས་ཀྱང་གསལ་བོ་མཐོང་ཐུབ་པ་ནི། མིག་སྔར་ཁྲིམས་ཁང་གི་བྱ་བར་ད་དུང་གནད་དོན་དང་དཀའ་ལས་མི་ཉུང་བ་ཞིག་ཡོད་དེ། ཁྲིམས་དཔོན་དང་ཁྲིམས་འཛིན་ལག་རོགས་པའི་བཅའ་ཁྲིམས་སྤྱད་འཐུས་ནུས་པ་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ། ཆ་འཕྲིན་ཅན་བཀོལ་སྤྱོད་བྱེད་པའི་ནུས་པ་ཞན་པས་དེང་རབས་ཅན་གྱི་ཁྲིམས་འཛིན་བྱ་བའི་དགོས་མཁོ་དང་ཡོངས་སུ་མི་འཚམ་ཞིང་། ཁྲིམས་དཔོན་ཉུང་ཤས་ཤིག་གི་ཁྲིམས་འཛིན་བྱ་སྤྱོད་ཚུལ་ལྡན་མིན་པ་དང་། ལས་བྱེད་ཉེན་རྟོག་པ་འགའ་ཞིག་གིས་ཐ་ན་ཉེ་སྐྱོར་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་པ་དང་གཅིག ཁྲིམས་ཁང་གིས་གྱོད་གཞི་ཐག་གཅོད་བྱ་རྒྱུ་དང་ལེན་བྱས་པའི་གྲངས་འབོར་བསྟུད་མར་འཕར་ཞིང་། གྱོད་དོན་ཞིབ་གཅོད་བྱེད་པའི་དཀའ་ཁག་དང་གནོན་ཤུགས་ཇེ་ཆེར་གྱུར་བས་ཁྲིམས་དཔོན་ཁག་གཅིག་གིས་ཡུན་རིང་ལ་ཚད་ལས་བརྒལ་བའི་བྱ་བ་བསྒྲུབས་པས་ལུས་སེམས་གཉིས་ཀྱི་གནས་ཚུལ་མི་ལེགས་པ་དང་གཉིས། ཁྲིམས་འཛིན་འགན་འཁྲིིའི་ལམ་ལུགས་ཀྱི་ཆ་འགྲིག་བཅོས་བསྒྱུར་ད་དུང་འགྲོས་མཉམ་མིན་ཞིང་། ཁྲིམས་འཛིན་བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། ཐུན་མོང་རང་བཞིན་ད་དུང་ཤུགས་སྣོན་དགོས་པ་དང་གསུམ། གཞི་རིམ་མི་དམངས་ཁྲིམས་ཁང་གིས་ལས་བྱེད་བསྡུ་བར་དཀའ་ངལ་ཆེ་ཞིང་། ལས་བྱེད་ཉར་རྒྱུ་དེ་ལས་ཀྱང་དཀའ་བའི་གནད་དོན་མངོན་གསལ་ཡིན་ལ། ཁྱད་པར་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གཞི་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་རིམ་ཆད་བྱུང་བ་དང་འདྲི་གཅོད་ལག་རོགས་པ་བརྟན་འཇགས་མིན་པ་སོགས་གནད་དོན་ཚབས་ཆེན་ཡིན་པ་དང་བཞི་བཅས་སོ། །གནད་དོན་དང་དཀའ་ཚེགས་འདི་དག་ལ་ང་ཚོས་དུས་ལྟར་དུ་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན།

2019ལོའི་བྱ་བའི་བཀོད་སྒྲིག

2019ལོར། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཞིང་ཆེན་ཏང་ཡོན་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང། ལྔ་བའི་དགོངས་དོན་དང་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་གཏིང་ཟབ་མོས་དོན་འཁྱོལ་མཐར་ཕྱིན་བྱེད་ཅིིང་། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་མོས་ལག་ཏུ་བསྟར་བ་དང་། “བརྟན་འཇགས་སྲུང་བར་རང་འགུལ་དང་། གྱོད་གཞི་འདྲི་གཅོད་ཞིབ་ཚགས། བཅོས་བསྒྱུར་དོན་འཁྱོལ་བྱེད་པ། དཔུང་སྡེའི་ཉམས་སད་ཐེག་པ། འགན་སྲུང་རིག་ནུས་ལྡན་པ”བཅས་ཀྱི་བྱ་བའི་རིག་ལམ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ལ། ཁྲིམས་འཛིན་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་ལག་ཏུ་བསྟར་བ་མ་ཟད། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”བརྩོན་པས་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱིི་ཚོགས་བསྐྲུན་པའི་བྱ་བ་མཇུག་བསྒྲིལ་བའི་ཐག་ཆོད་རང་བཞིན་གྱི་རྨང་གཞི་འདིིང་བར་ཁྲིམས་འཛིན་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་དགོས།

གཅིག་ནི་ཆབ་སྲིད་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་ཁང་བྱ་བའི་གཙོ་གནད་དུ་འཛིན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཤིང་། ལག་བསྟར་ལ་མཛུབ་སྟོན་བྱེད་པ་དང་། བྱ་བར་སྐུལ་འདེད་བཏང་ནས“འདུ་ཤེས་བཞི”བརྟན་པོར་ཚུགས་པར་བྱ་ཞིང་། “རང་རྟོན་བཞི”སྲ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”འགྲུབ་པར་བྱ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག》 ལག་ལེན་མཐར་ཕྱིན་བྱེད་ཅིང་། ཏང་གིས་ཁྲིམས་ཁང་བྱ་བའི་མགོ་ཁྲིད་གཙང་བཙན་བྱེད་པ་རྒྱུན་འཁྱོངས་བྱས་ནས་བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དགོས། དོན་དངོས་དམ་དུ་སྦྲེལ་ཞིང་། བྱ་བ་དོན་འཁྱོལ་ཡོང་བར་དམ་དུ་བཟུང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་ཇི་བཞིན་དོན་འཁྱོལ་མཐར་ཕྱིན་ཡོང་བར་བྱ་དགོས།

གཉིས་ནི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་ཏུ་བསྟར་བར་ཁྲིམས་ལྟར་ཞབས་ཕྱི་དང་འགན་སྲུང་བྱ་དགོས། ཁ་བྲལ་སྟོབས་ཤུགས་ཉེས་བསགས་ལ་རྦད་ཆོད་ཀྱིས་རྡུང་རྡེག་གཏོང་ཞིང་། གཏུམ་སྤྱོད་འཇིགས་སྐུལ་ཉེས་བསགས་ལ་ཁྲིམས་ལྟར་ཆད་པ་དྲག་པོ་གཅོད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་གཏིང་ཟབ་མོས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་སྣ་ཚོགས་ལ་ཁྲིམས་ལྟར་འདྲི་གཅོད་བྱེད་ཅིང་། འགལ་འདུ་རྩོད་གླེང་སྣ་ཚོགས་འོས་འཚམ་གྱིས་ཐག་བཅད་ནས་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏང་དགོས། སྲིད་འཛིན་གྱོད་གཞི་དང་རྒྱལ་ཁབ་ཀྱི་སྐྱིན་གསབ་གྱོད་གཞི་སྣ་ཚོགས་ལ་ཁྲིམས་ལྟར་འདྲི་གཅོད་བྱས་ནས་སྲིད་འཛིན་རྩོད་གླེང་དང་དཔོན་དམངས་རྩོད་གླེང་ནུས་ལྡན་སྒོས་ཐག་གཅོད་བྱ་དགོས། བྱ་བ་ལག་བསྟར་བྱེད་ཤུགས་བསྟུད་མར་ཇེ་ཆེར་བཏང་ནས་ལག་བསྟར་བྱེད་དཀའ་བའི་བྱ་བ་ཐག་གཅོད་པའི་ཡུན་ཕན་རྐྱེན་སྲོལ་ཆགས་པར་བྱ་དགོས།

གསུམ་ནི་ལེགས་ཐོག་ལེགས་བརྩེགས་ཀྱིས་གྱོད་གཞི་རེ་རེ་བཞིན་འདྲི་གཅོད་བྱ་དགོས། ཁེངས་སྐྱུང་ཚོད་འཛིན་དང་། འདྲི་གཅོད་གཟབ་ནན། ཀུན་སློང་བཟང་པོ། བདེན་པ་དྲང་གཞག་བཅས་ཀྱི་ཁྲིམས་འཛིན་འདུ་ཤེས་བརྟན་པོར་བཅངས་ཤིང་། གྱོད་གཞི་ཐག་གཅོད་པའི་སྤུས་ཚད་ཐད་བརྩོན་པ་བསྐྱེད་པ་དང་། སྤུས་ལེགས་གྱོད་དཔེ་གང་མང་འབྱུང་བར་བྱས་ནས་ཆུ་ཚད་དང་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཕྱི་འདོན་སྤྲོད་བྱ་དགོས། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་བཏོན་ཞིང་། སྐྱེ་ཁམས་དང་ཁོར་ཡུག་ཐོན་ཁུངས་སོགས་ཀྱི་གྱོད་གཞིའི་འདྲི་གཅོད་དམ་དུ་བཟུང་ནས་གྱོད་དོན་སོ་སོར་ཉེས་དཔང་ཁུངས་འཕར་གྱི་གྱོད་གཞི་རུ་བསྒྲུབས་པར་བརྩོན་ལེན་བྱ་དགོས།

བཞི་ནི་ཁྲིམས་འཛིན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ལ་བརྩོན་པ་ལྷད་མེད་ཀྱིས་སྐུལ་འདེད་གཏང་དགོས། འདྲི་གཅོད་དབང་ཆའི་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། བཅའ་ཁྲིམས་ཀྱི་གཅིག་གྱུར་སྤྱད་འཐུས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། འདྲི་གཅོད་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་གྱོད་གཞི་ཐག་བཅད་པའི་སྤུས་ཚད་དང་གྲུབ་འབྲས་དངོས་སུ་མཐོར་འདེགས་གཏང་དགོས། ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཀྱི་ཆ་འགྲིག་བཅོས་བསྒྱུར་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་ཞིང་། ཁྲིམས་དཔོན་གྱི་སྒྲིག་ཁོངས་ཕྱིར་འཐེན་དང་། རིམ་བཞིན་འདེམས་སྒྲུག བྱས་འབྲས་དཔྱད་ཞིབ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་བཅོས་བསྒྱུར་ཕན་ནུས་མཐོར་འདེགས་སུ་གཏང་དགོས།

ལྔ་ནི་ཁྲིམས་ཁང་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས། ཆ་འཕྲིན་ཅན་གྱི་བེད་སྤྱོད་དངོས་སུ་དམ་འཛིན་བྱེད་ཅིང་། ཆ་འཕྲིན་ཚན་རྩལ་བྱེད་ཐབས་སྤྱད་ནས་མི་གྱོད་འགལ་འདུ་སེལ་བ་དང་། ལག་བསྟར་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་འདུམ་ཚད་གཞི་གཅིག་གྱུར་ལ་ཁག་ཐེག་བྱེད་པ་སོགས་ཀྱི་ཐད་ནས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་བྱ་བ་དང་དེང་རབས་ཚན་རྩལ་བེད་སྤྱོད་མཉམ་བསྲེ་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱ་དགོས།

དྲུག་ནི་དུས་རབས་གསར་བའི་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་དཔུང་སྡེ་ཤུགས་ཆེན་པོས་འཛུགས་དགོས། དཔུང་སྡེའི་སློབ་གསོ་དང་དོ་དམ་ལ་ཤུགས་བསྣན་ཞིང་། དཔུང་སྡེའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་ཁང་ནན་སྐྱོང་གི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། གཞི་རིམ་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། གཞི་རིམ་ནས་ལས་བྱེད་པ་བསྡུ་དཀའ་ལ་ཉར་རྒྱུ་དེ་ལས་ཀྱང་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། ལས་བྱེད་ཉེན་རྟོག་པར་ཐུགས་འཁུར་དང་གཅེས་སྐྱོང་བྱས་ནས་ཁྲིམས་དཔོན་གྱིས་ཁྲིམས་ལྟར་རང་འབབ་འགན་འཁྲི་སྒྲུབ་པར་སྲུང་སྐྱོང་བྱ་དགོས། “ནན་འགོག་བྱ་དགོས་པ་ལྔ”ནན་ཏན་གྱིས་ལག་ཏུ་བསྟར་ཞིང་། བཟོད་སྒོམ་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱིས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་གཟབ་ནན་སྒོས་ཆད་པ་དྲག་པོ་བཅད་དེ་ཁྲིམས་འཛིན་གྱི་དྲང་གཞག་དང་སྤྱོད་གཙང་། ནུས་ལྡན་བཅས་ལ་ཁག་ཐེག་བྱ་དགོས།

འཐུས་མི་རྣམ་པ། ང་ཚོས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འོག “མཚོ་སྔོན་གསར་བའི་སྙིང་སྟོབས”ཤུགས་ཆེན་པོས་དར་སྤེལ་གཏོང་ཞིང་། ཁྲིམས་སྐྱོང་ནན་ཏན་དང་། འགག་གཏོར་དཀའ་སེལ། གསར་གཏོད་ཧུར་བརྩོན། ཏན་ཏིག་ལས་སྒྲུབ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བའི་རྣམ་པ་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་པ་དང་། སྔར་བས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་འཇོག་དགོས།