གྲོན་དངུལ་དང་། སྒྲིག་ཁོངས། ལས་ཐོབ། ཡོང་འབབ་སོགས་ཐད་ལ་འཕྲིན་བཟང་ཆེན་པོ་བདུན་ཐོན་འདུག

སློབ་གསོ་པུའུ་ཡིས་ཟླ2ཚེས15ཉིན་བསྡུས་པའི“དགེ་རྒན་དཔུང་སྡེ་འཛུགས་སྐྱོང”བརྗོད་གཞིར་བཟུང་བའི་ཁྱབ་སྒྲོག་ཚོགས་འདུའི་ཐོག 2019ལོར་སློབ་གསོ་པུའུ་ཡིས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་དགེ་རྒན་གྱི་ཀུན་སྤྱོད་ལ་མཐོང་ཆེན་དང་། དགེ་འོས་དར་སྤེལ། འགག་མདོ་གནད་སེལ། སྤུས་ལེགས་བཅོས་སྐྱོང་། ཐོབ་ཐང་མཐོར་འདེགས། དབུལ་སྒྲོལ་བརྩོན་ལེན་བཅས་ལ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་བསྒྲགས་འདུག

རྒྱལ་ཡོངས་ཀྱི་དགེ་རྒན་ཁྲི1600ལ་ཕན་ཁེ་རབ་དང་རིམ་པ་རག་ཐུབ་རྒྱུ་ཡིན་འདུག

གུས་རྟག་བརྩོན་འགྲུས་ཀྱི་ཡོན་ཏན་དང་ཞི་དུལ་བག་ཡོད་ཀྱི་གཤིས་ཀས་ཕྱུག་པའི་དུས་རབས་གསར་པའི་དགེ་རྒན་གྱི་སྣང་བརྙན་གསར་བཞེངས་བྱ་རྒྱུ། 

2019ལོར་སློབ་གསོ་པུའུ་ཡིས་ཇུས་འགོད་རྩེ་གྲ་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ཐད་ཤུགས་སྣོན་དགོས་པའི་བསམ་འཆར་བཏོན་ཐོག ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་རྒན་ལས་རིགས་ཀྱི་བྱ་སྤྱོད་ཚད་གཞིར་ལྟ་སྐུལ་བྱས་ཏེ་ལམ་ལུགས་ཇེ་ཞིབ་ཏུ་བཏང་ནས་ཚད་གཞིའི་བླང་བྱ་དེ་དགེ་རྒན་གྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལྟ་བུར་བཟུང་ནས་མ་མཐའི་ཚད་ཐིག་བསྲུང་དུ་འཇུག་རྒྱུ་བསྟན།

ཕྱོགས་བསྡུས་དག་ཐེར་གྱི་ལས་མུ་མཐུད་དུ་སྤེལ་ཏེ། དགེ་རྒན་གྱི་ཀུན་སྤྱོད་ལ་འགལ་བའི་གནད་དོན་རྙེད་ཚེ། ང་ཚོས་ཚད་གཞི་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད་ཁྲོམ་སྒྲོག་བྱ་རྒྱུ་དང་། དེ་མིན་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཡང་ཤུགས་བསྣན་ནས་གློག་བརྙན་བརྩམས་ཆོས་གསར་རྩོམ་གྱི་ལམ་ནས་དགེ་རྒན་གྱི་བླ་ན་མཐོ་བའི་ཀུན་སྤྱོད་བཟང་པོ་དར་སྤེལ་བྱ་རྒྱུ་རེད།

ས་གནས་ཁག་གིས་མཐོང་ཆེན་མི་འདང་བ་དང་། གྲོན་དངུལ་མི་འདང་བ། མ་ལག་མི་ཚང་བ་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུ།

2019 ལོར་སློབ་གསོ་པུའུ་ཡིས་དགེ་འོས་སློབ་གླིང་དང་དགེ་འོས་ཆེད་ལས་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱས་ཏེ། རྒྱལ་ཁབ་ཀྱི་དགེ་འོས་སློབ་གསོ་རྟེན་གཞི་དང་དགེ་རྒན་གྱི་སློབ་གསོ་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་གཉེར་ཀྱི་མགོ་བརྩམས་ནས་དགེ་རྒན་སློབ་གསོ་ཡི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། བསླབ་ཚན་འཆད་ཉན་སྨྲ་བ་སོགས་སྒྲིག་འཛུགས་བྱས་ནས་དགེ་རྒན་རྣམས་རྒྱལ་ཁབ་ཕྱི་ནང་དུ་ཞིབ་འཇུག་གམ་སློབ་སྦྱོང་དུ་མངག་གཏོང་བྱ་རྒྱུ་དང་། ཆེད་ལས་ཁས་ལེན་དཔང་ཡིག་བསྒྲུབ་པར་སྐུལ་འདེད་བཏང་སྟེ། འབྲིང་རིམ་ལས་རིགས་དང་དམིགས་བསལ་སློབ་གསོའི་དགེ་འོས་རིགས་ཀྱི་ཆེད་ལས་ཁས་ལེན་དཔང་ཡིག་ལ་ཚད་གཞི་བཏོན་ནས་རིམ་པ་གསུམ་དང་རིགས་ལྔའི་ཁས་ལེན་དཔང་ཡིག་གི་མ་ལག་འཐུས་ཚང་དུ་གཏང་རྒྱུ། དགེ་འོས་སློབ་མའི་ཆ་འཕྲིན་ཅན་འགྱུར་སློབ་ཁྲིད་ཐུབ་མིན་གྱི་ནུས་པར་ཚད་གཞི་འཇོག་པར་ཞིབ་འཇུག་བྱས་ནས་གཏན་འབེབས་དང་། སློབ་གྲྭ་ཆུང་འབྲིང་གི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་ནུས་པ་ཆེར་བསྐྱེད་ཐུབ་པའི་ལས་གཞི2.0དང་། རྒྱལ་ཁབ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་སློབ་ཁྲིད་གསར་གཏོད་དང་དཔུང་སྡེ་འཛུགས་སྐྱོང་ལ་སོགས་ཀྱི་ལས་བརྩམ་རྒྱུ།

སྒྲིག་ཁོངས་གསར་བཟོ་དང་དགོས་ངེས་ཀྱི་ཆ་རྐྱེན་ཇེ་ཚང་དུ་བཏང་སྟེ། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་སྤྱི་འབོར་མི་ལོངས་པའི་གནད་དོན་ཅི་ནུས་ཀྱིས་ཐག་གཅོད་བྱ་རྒྱུ།

2019ལོར་སློབ་གསོ་པུའུ་ཡིས་ལམ་ལུགས་ཕྱི་ནང་ལ་མུ་མཐུད་ནས་ཞིབ་འཇུག་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་དགེ་བཟོ་པའི་སྒྲིག་ཁོངས་འགན་སྲུང་ཐད་གསར་གཏོད་དང་ལྡན་པའི་བསམ་འཆར་འཚོལ་ཞིབ་བྱས་ཏེ། ས་གནས་ཁག་གི་དོན་ལས་ལས་ཁུངས་ཀྱི་སྒྲིག་ཁོངས་བེད་མེད་དུ་ཉར་བ་བེད་སྤྱོད་ཅི་ཐུབ་དང་། ལྷག་པར་དགེ་རྒན་གྱི་དཔུང་སྡེར་ཕྱོགས་ཅི་ཐུབ་བྱེད་པ་དང་། ས་གནས་ཁག་གིས་སྒྲིག་ཁོངས་གཅིག་གྱུར་འཆར་འགོད་དང་། ལས་རིགས་ལས་བརྒལ་བ། སྡེ་ཚན་ལས་བརྒལ་བ། ཁྱབ་ཁོངས་ལས་བརྒལ་བ་བཅས་ཀྱི་སྙོམས་སྒྲིག་བྱེད་ཚད་ལ་སྐུལ་འདེད་བཏང་ཐོག དོན་ལས་ལས་ཁུངས་ཀྱི་སྒྲིག་ཁོངས་འཁོར་རྒྱུག་རྫིང་གི་ཉམས་མྱོང་དང་བྱེད་ཐབས་ལ་ཟུར་ལྟ་བྱས་ནས་བེད་མེད་དུ་ལུས་པའི་སྒྲིག་ཁོངས་སྤྱོད་ཅི་ཐུབ་དང་། སྒྲིག་ཁོངས་བཀོལ་སྤྱོད་ཀྱི་ཕན་འབྲས་ཇེ་ལེགས་སུ་གཏང་རྒྱུ།

སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ལས་གནས་སུ་ཞུགས་པའི་ཐེམ་སྐས་ཇེ་དམར་གཏང་རྒྱུ།

2019ལོར་སློབ་གསོ་པུའུ་ཡིས་ཇུས་འགོད་རྩེ་གྲ་བཟོ་བར་སྔར་བས་ཤུགས་བསྣན་ཏེ། རྒྱུགས་ལེན་བྱེད་ཐབས་བཟོ་བཅོས་དང་། རྒྱུགས་ལེན་གྱི་ཚད་གཞི་དང་རྒྱུགས་ལེན་རྩ་གནད་བཅས་ལ་བཟོ་བཅོས་བརྒྱབ་ནས་དོ་དམ་ལ་ཤུགས་བསྣན་རྒྱུ་དང་། སློབ་གསོ་སྲིད་འཛིན་སྡེ་ཚན་དང་རྒྱུགས་ལེན་ལས་ཁུར་ལས་ཁུངས་ཀྱིས་ལས་ཐོབ་གང་རུང་གི་ལམ་ནས་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ཟབ་སྦྱོང་ངམ་འབྲེལ་ཡོད་བྱེད་སྒོ་གཉེར་མི་རུང་བ་བསྐྱར་བཤད་བྱས་ཏེ། སྤྱི་བདེ་ལས་ཁུངས་དང་མཉམ་དུ་ལས་ཀར་ཤུགས་སྣོན་ནས་གཡོ་སྒྱུ་དང་ལག་འཁྱེར་རྫུན་བཟོ་སོགས་ཁྲིམས་འགལ་གྱི་ཉེས་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དང་འགོག་ཟོན་ནན་མོ་བྱ་རྒྱུ།

སྒྲིག་ཁོངས་ལམ་ལུགས་ལ་བཅོས་སྒྱུར་མཐིལ་ཕྱིན་བྱས་ནས་རྒྱ་ཆེའི་དགེ་བཟོ་བའི་མདུན་ལམ་ཇེ་ཡངས་སུ་གཏང་རྒྱུ།

2019ལོར་སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་དང་། འབྲིང་རིམ་ལས་རིགས། མཐོ་རིམ་སློབ་གྲྭ་བཅས་ཀྱི་ལས་གནས་ཇུས་འགོད་ལ་ཞིབ་འཇུག་དང་གསར་གཏོད་ཀྱི་ཆ་ནས་སློབ་སྟོན་བསམ་འཆར་བཏོན་ནས། སློབ་གྲྭ་ཆུང་འབྲིང་གི་མཐོ་རིམ་རྒན་པའི་ལས་ཐོབ་ཀྱི་གྲངས་ཀ་ཚོད་འཛིན་བྱེད་ཐབས་བསྒྱུར་ཐོག ས་གནས་ཁག་གིས་ལས་གནས་སྒྲིག་གཞི་དཔྱད་འབེབས་ཀྱི་བསྡུར་ཚད་ཚུན་ཆད་ནང་དཔྱད་ཞིབ་གདེང་འཇོག་བྱ་བ་དང་། འབྲིང་རིམ་ལས་རིགས་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ལས་ཐོབ་ལམ་ལུགས་བཅོས་སྒྱུར་སློབ་སྟོན་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་ནས་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ལས་ཐོབ་དཔྱད་ཞིབ་ཀྱི་དབང་ཆ་འོག་རིམ་ལ་སྤྲོད་པའི་ལྟ་སྐུལ་དོ་དམ་དང་ཞབས་ཞུ་ལ་ཤུགས་བསྣན་རྒྱུ།

དགེ་རྒན་གྱི་གླ་ཕོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ།

2019ལོར་སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཕོགས་ཐོབ་འགན་སྲུང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་ཁྲིད་སྟོན་དང་། ཞིབ་བཤེར་ཤུགས་སྣོན། དོ་དམ་མཐིལ་ཕྱིན། བསྐྱར་ལོག་འགོག་སྲུང་གི་ལས་སྤེལ་ནས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་འགན་སྲུང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་ཕྱོད་གླ་ཕོགས་ཀྱི་སྤྱི་འབོར་དཔྱད་འབེབས་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་མིག་དཔེ་དགེ་རྒན་དང་། ཕུལ་བྱུང་དགེ་རྒན། དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་འོས་སྦྱོར་དང་འོས་འདེམས་སྒྲིག་འཛུགས་ལེགས་པོ་བྱས་ནས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭར་ཧོང་ཏཱ་ཉིང་རྣམ་པའི་དགེ་རྒན་དཔུང་སྡེ་རེས་སྐོར་གཉིས་པ་སྒྲིག་འཛུགས་གཏན་འབེབས་བྱ་རྒྱུ།

དགེ་རྒན་གྱི་ཁེ་དབང་ལ་འགན་སྲུང་ལེགས་པོ་བྱ་རྒྱུ། ལམ་ལུགས་རང་བཞིན་གྱི་ཡིག་ཆ་བཏོན་ཏེ་ས་གནས་ཀྱི་ལས་འགན་གསལ་འབེབས་དང་། དཀར་ཆག་རྩིས་ཐོ་ལག་བསྟར། ཞིབ་བཤེར་དང་དཔྱད་ཞིབ་དཔྱད་བསྡུར་གྱི་རེའུ་མིག་དང་སྤྱི་ཚོགས་རང་བཞིན་གྱི་ལས་དོན་སྣ་ཚོགས་ཚད་ལྡན་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་དང་འབྲེལ་མེད་ཀྱི་བྱེད་སྒོ་སྣ་ཚོགས་གཙང་བཤེར་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་འགན་ཁུར་ཇེ་ཡང་དུ་བཏང་ནས་གྲལ་དག་པའི་དཔེ་ཁྲིད་མི་སྐྱོང་གི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ།

ཞིང་གྲོང་དང་ས་ཁུལ་དབུལ་པོའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ།

2019ལོར་སློབ་གསོ་པུའུ་ཡིས་ཞིང་གྲོང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པའི་སྲིད་ཇུས་ཡིག་ཆ་བཏོན་ཏེ། དུས་ལྟར་ཞིང་གྲོང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་གི་ཐབས་གསར་པ་འཆར་འགོད་དང་། དམིགས་བསལ་ལས་གནས་ཀྱི་འཆར་འགོད་གཞི་ཁྱོན་སྔར་བས་རྒྱ་བསྐྱེད་དེ། དབུས་ནུབ་རྒྱུད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དབུ་བཞུགས་དགེ་རྒན་གྱི་ལས་གནས་འཆར་འགོད་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱ་རྒྱུ། གོ་གནས་དང་ཕོགས་ཐོབ་མུ་མཐུད་ནས་ཇེ་མཐོར་བཏང་སྟེ། འཚོ་བའི་གསབ་དངུལ་ཚད་གཞི་ཇེ་མཐོ་དང་རྒྱ་ཇེ་ཡངས་སུ་བཏང་ནས་ཞིང་གྲོང་དུ་ལོ30རིང་ལ་དགེ་རྒན་གྱི་ཕྱག་ལས་གནང་མཁན་རྣམས་ལ་མུ་མཐུད་ནས་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་སྤྲོད་པ་བཅས་དགེ་རྒན་གྱི་བྱང་ཚད་སྔར་བས་ཇེ་མཐོར་བཏང་ནས་རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་དོན་འཁྱོལ་ལེགས་པོ་བྱ་རྒྱུ་སོགས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བསྟན་བྱུང་བ་རེད། 

ཁོན་ཐར་འཚོས་བསྒྱུར།