རང་རེའི་ཞིང་ཆེན་གྱི75%ཡན་གྱི་རྒྱུ་ཤུགས་དམངས་ཚིས་ཐད་སྤྱད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྫོང་དབུལ་པོ 12དང་དམངས་ཚིས་དོན་དངོས36ཡོངས་རྫོགས་འཆར་གཞི་ལྟར་ལེགས་འགྲུབ་བྱུང་། ཉེ་སྔོན། ཞིང་ཆེན་ནོར་སྲིད་ཐིང་གི་གནས་ཚུལ་ལྟར་ན། 2018ལོ་ནས་བཟུང་།  རང་རེའི་ཞིང་ཆེན་གྱི་ནོར་སྲིད་ཀྱིས་དམངས་ཚིས་ཁྱབ་ཁོངས་སུ་ཤུགས་ཆེན་པོ་བརྒྱབ་སྟེ། ནོར་སྲིད་ཀྱི75%ཡན་དམངས་ཚིས་བྱ་བཞག་འཕེལ་རྒྱས་ཐད་བཀོལ་བ་དང་། དམངས་ཚིས་འགན་སྲུང་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད།

འོག་རིམ་དུ་རྒྱབ་སྐྱོར་བྱེད་ཚད་མུ་མཐུད་ཤུགས་བསྣན་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒྱུར་གཏོང80%གཞི་རིམ་དུ་བེད་སྤྱོད་དང་། ནུས་ཤུགས་ཡོད་རྒུས་གཞི་རིམ་སློབ་གསོ་དང་། ལས་ཞུགས། སྨན་བཅོས་འགན་སྲུང་། ཞིང་འབྲོག་པ། རིག་གནས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་དམངས་ཚིས་ལས་གཞི་གཙོ་གནད་ཐད་ཀྱི་གཏོང་སྒོ་འགན་སྲུང་བྱས། 2018ལོར་ཞིང་ཆེན་གྱིས་གཞི་རིམ་དུ་མ་དངུལ་དུང་ཕྱུར930.4ཁ་གསབ་བྱས་པ་དེ་ན་ནིང་དང་བསྡུར་ན11.9%འཕར་བ་དང་། དེའི་ནང་ནོར་ཤུགས་རང་བཞིན་གྱི་མ་དངུལ་དུང་ཕྱུར499.1ཁ་གསབ་རོགས་འདེགས་ཐད་བཏང་།

ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་ནས་ཐུན་མོང་གི་མཉམ་ཤུགས་བཏོན་ཏེ། ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར63.9འོག་རིམ་ལ་བཀོད་སྒྲིག་བརྒྱབ་ནས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་གནས་སྤོ། ཞིང་གྲོང་དར་སྤེལ་ཚོད་ལྟ། དབུལ་པོའི་སྣོད་བཅུད་ལྟ་སྐྱོང་ལས་གནས། ཡུག་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་གོང་སྤེལ་སོགས་ལས་གཞི་ལག་བསྟར་ཐད་བཀོལ་ནས་རྒྱབ་སྐྱོར་བྱས། ཞིང་པ་དང་འབྲེལ་བའི་དབུལ་སྐྱོར་མ་དངུལ“ཐར་ཐོར་ཅན”གྱི་གནད་སེལ་ཏེ། ལོ་ཧྲིལ་པོར་མ་དངུལ་དུང་ཕྱུར220.7གཅིག་གྱུར་འཆར་འགོད་བཟོས་ནས་བསྡུ་སྒྲིལ་བྱས་ནས་ཆེད་དུ་ཡུལ་གཞན་གནས་སྤོ་དང་། ཞར་བྱུང་གི་ཐོན་ལས་སོགས་དབུལ་སྐྱོར་ཁྱབ་ཁོངས་སུ་བེད་སྤྱད་པས། རྫོང་དབུལ་པོ12དང་། གྲོང་ཚོ་དབུལ་པོ526། དབུལ་པོ་མི་འབོར་ཁྲི17.6བཅས་ཀྱི་དབུལ་པོའི་ཞྭ་མོ་འཕུད་ཐུབ་ཡོད་པ་རེད།

“དམངས་ཚིས་ལ་ཡོད་པ་བདུན”གྱི་དམིགས་འབེན་མངོན་འགྱུར་སྙིང་བོར་བཟུང་སྟེ། གཞི་རྩ་སྲུང་ཞིང་ཚད་ཐིག་སྐྱོང་བ། ལམ་ལུགས་བཟོ་བ་གསུམ་འབུར་དུ་བཏོད་ནས་ཕྱོགས་བརྒྱད་ཀྱི་དམངས་ཚིས་དོན་དངོས་སྣ36ཚང་མ་འགྲུབ་པར་ཁག་ཐེག་བྱས། ལས་ཞུགས་སུ་མི་འབོར་ཁྲི 6.1གསར་སྣོན་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི113ལས་ཞུགས་སུ་བསྒྱུར་བས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་སྔར་བས་ལེགས། སློབ་གྲྭ་གསར་པ276འཛུགས་སྐྲུན་བྱས་ཏེ། དུས་རིམ་སོ་སོའི་སློབ་གསོ་མྱོང་མཁན་གྱི་སློབ་མར་རོགས་དངུལ་དུང་ཕྱུར18.8དོན་འཁྱོལ་བྱས་ནས་སློབ་མ་ཁྲི99ལ་ཕན་བཏེགས། “སྨན་གསུམ་མཉམ་འགུལ”དོན་འཁྱོལ་བྱས་ཏེ། སྨན་བཅོས་འགན་སྲུང་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་ལ་མགྱོགས་པོར་སྐུལ་འདེད་དང་། གཞུང་གཉེར་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས་ལ་ཤུགས་བསྣན། རྨང་གཞི་རྒན་གསོའི་འཚོ་དངུལ་ལ་ཟླ་རེར་ཆ་སྙོམས་སུ་སྒོར20བསྣན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མ་དངུལ་བསྡུ་རུབ་ཚད་གཞི་དང་གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུ་ཁ་གསབ་ཚད་གཞི་སོ་སོ་སྒོར776དང་སྒོར60བར་ཇེ་མཐོར་བཏང་། ཁྱིམ་ཚང་དང་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུ་ཚོད་ལྟའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་བསྐྱེད། སྤྱིལ་ཁྱིམ་ཁུལ་གྱི་ཁང་ཧྲུལ3.05སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཏེ་ཁང་པ་ཆ་ཚང་ཁྲི་གཉིས་ཕྱོགས་བསྡུས་ཐོག་ལེགས་བཅོས་བྱས་པ་དང་། ཞིང་པའི་ཁྱིམ་ཚང་ཁྲི6གི་ཁང་རྙིང་ལེགས་བཅོས་བཅས་བྱས་ནས་མཐོ་སྒང་གི་མཛེས་པའི་ཞིང་གྲོང300དང་། མཛེས་པའི་གྲོང་རྡལ16འཛུགས་སྐྲུན་བྱས།

རིག་གནས་ཐོན་ལས་ལས་གཞི་དང་གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། “ཁང་ལྔ”རིན་མི་དགོས་པར་སྐུ་མགྲོན་བསུས་པ་དང་། ལུས་རྩལ་ར་བ་ཆེ་གྲས་སུ་གྲོན་དངུལ་ཉུང་ངུ་རེ་བླངས་ནས་སྐུ་མགྲོན་བསུ་བ་དང་། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་བྱེད་སྒོ་ཆེ་གྲས་བདེ་བླག་ངང་སྤེལ།

ཁོན་ཐར་འཚོས་བསྒྱུར།