མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ།(བཅོ་བརྒྱད་པ)

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

—2019ལོའི་ཟླ1པོའི་ཚེས 29 ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་ཚབ་མ། མེང་ཡུང་ཧྲན།


འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།

2018ལོའི་ཞིབ་དཔྱོད་བྱ་བའི་སྐོར།

2018ལོར་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་མགོ་ཁྲིད་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ། སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱས་ཐོག་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒོར་སྐུལ་འདེད་བཏང་བ། ནན་སྐྱོང་དྲང་སྐྱོང་གིས་དཔུང་སྡེ་སྟོབས་ལྡན་དུ་བཏང་ནས། ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་།

གཅིག ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་བྱ་བར་མགོ་ཁྲིད་གཙང་བཙན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱས།

ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་ངོ་བོ་དམ་པོར་བཟུང་ཐོག་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱེད་པ་དེ་ཞིབ་དཔྱོད་བྱ་བའི་ཨང་དང་པོར་བཞག་ཅིང་། ཏང་གི་མགོ་ཁྲིད་གཙང་བཙན་དེ་ཞིབ་དཔྱོད་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་པ་དང་། ཆབ་སྲིད་ངེས་ཤུགས་རྒྱུན་སྲུང་བྱས་ཤིང་། “འདུ་ཤེས་བཞི” བརྟན་པོར་བཅངས་པ་དང་། “རང་རྟོན་བཞི” ཇེ་བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”ལག་ལེན་བྱས་ཤིང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་གཅིག་གྱུར་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་ཨུ་ལ་ཞིབ་དཔྱོད་བྱ་བའི་བཀོད་སྒྲིག་གལ་ཆེན་དང་དོན་ཚན་གལ་ཆེན། གྱོད་གཞི་ཚབས་ཆེན་བཅས་ཧུར་ཐག་རང་འགུལ་གྱིས་ཞུ་འབུལ་བྱས་པ་དང་། ལོ་གཅིག་གི་རིང་ལ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཏང་ཨུ་ལ་དོན་ཚན(ཐེངས)25དགོངས་སྐོར་དང་ཞུ་འབུལ་བྱས་ལ། ཏང་གི་མགོ་ཁྲིད་ལ་དམ་པོར་བརྟེན་ནས་བྱ་བར་སྐུལ་སྤེལ་དང་དཀའ་གནད་ཐག་གཅོད་བྱས་ཏེ། ཞིབ་དཔྱོད་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱས།

གཉིས། ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས།

ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་རྒྱུན་འཁྱོངས་བྱས་ཐོག ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་མགོ་རྩོམ་ས་དང་ཤུགས་འདོན་ས་ཡང་དག་པས་བཙལ་ཏེ། སྔར་ལས་སྤུས་ལེགས་ནུས་ཆེའི་ཁྲིམས་སྐྱོང་ཐོན་རྫས་དང་ཞིབ་དཔྱོད་ཐོན་རྫས་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱས།

འཐབ་ཇུས་གལ་ཆེན་ལག་ལེན་དུ་བསྟར་བར་ཞབས་འདེགས་གང་ལེགས་ཞུས།“འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ” དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས” ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི“བསམ་འཆར15” གཏན་ལ་ཕབ་ཅིང་དངོས་སུ་བཏོན་པས་ཞིང་ཆེན་ཏང་ཨུའི་ཁས་ལེན་གང་ལེགས་ཐོབ་ཡོད། སྦག་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་རྒྱག་པར་ཞབས་འདེགས་ཞུ་བའི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས། ཁེ་ལས་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་གྱིས་སྲུང་སྐྱོང་བྱས་ཐོག་ཁྲིམས་འགལ་ཐོབ་ཆ་དང་ཁྲིམས་མཐུན་རྒྱུ་ནོར་དང་། མི་སྒེར་གྱི་རྒྱུ་ནོར་དང་ཁེ་ལས་ཁྲིམས་མིའི་རྒྱུ་ནོར། དཔལ་འབྱོར་རྩོད་གླེང་དང་དཔལ་འབྱོར་ཉེས་བསགས་སོགས་ཀྱི་དབྱེ་མཚམས་ནན་མོར་ཕྱེས་ནས། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་བསགས་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི212ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི371ཞུ་གཏུག་བྱས། ཤེས་ཡོན་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཤེས་ཡོན་ཐོན་དབང་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི11ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི20ཞུ་གཏུག་བྱས། གློག་འཕྲིན་དང་དྲ་བ་བེད་སྤྱད་དེ་མགོ་སྐོར་གཡོ་ལེན་བྱས་པའི་ཉེས་བསགས་དང་། མང་ཚོགས་ཀྱི་བཅོལ་དངུལ་ཁྲིམས་དང་འགལ་ནས་བསྡུ་ལེན་བྱས་པའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི26ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི30ཞུ་གཏུག་བྱས།

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་འགན་ཁུར་དང་འགན་འཁྲི་འཁུར་ཕོད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་སྲུང་བྱས། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་མགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་བཙུགས་ཤིང་། ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་པ་དང་བྱ་བ་སྒྲུབ་མཁན་ཧྲག་པོ་བསྐོ་གཞག་བཟང་པོ་བྱས་ཏེ། ཆེད་དོན་འཐབ་རྩོད་སྤེལ་བར་རྩ་འཛུགས་དང་མི་སྣའི་འགན་སྲུང་མཁོ་སྤྲོད་བྱས། འབྲེལ་ཡོད་སྡེ་ཁག་དང་རོགས་ལས་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་སོ་སོར《ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་རོགས་ལས་དང་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ནས་གཤམ་སྒྲོག་བྱས་པ་དང་། ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞིར་དམིགས་ནས་སྔོན་དུ་ཞུགས་པ་དང་རྗེས་འདེད་མཛུབ་སྟོན། གྱོད་གཞི་ཞིབ་གཅོད་སོགས་ཀྱི་ལམ་ལུགས་དང་རྐྱེན་སྲོལ་བཙུགས་ནས། ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་པའི་སྙིང་སྟོབས་དེ་འཛིན་བཟུང་ཆོག་མཆན་འགོད་རྒྱུ་དང་ཞུ་གཏུག གཏུག་བཤེར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་། ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ནས་ལས་སྒོའི་རྐང་འཛིན་པ་འདེམས་མངག་བྱས་ནས“3.20”སོགས་ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི་ཚབས་ཆེན་ཐག་གཅོད་པའི་བྱ་བར་སྔོན་ཞུགས་བྱས། ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། བསྡོམས་པས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི66དང་མི338ཐག་གཅོད་བྱེད་རྒྱུ་དང་དུ་བླངས་ཤིང་། ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི་ལྟར་མི165ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་། ཉེས་དོན་གྱོད་གཞི་དཀྱུས་མ་ལྟར་མི91ལ་འཛིན་བཟུང་ཆོག་མཆན་བཀོད། བསྡོམས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི53དང་མི321ཐག་གཅོད་བྱེད་རྒྱུ་དང་དུ་བླངས་ཤིང་། ནག་ཚོགས་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི་ལྟར་གྱོད་གཞི26དང་མི222གཞུང་གཏུག་བྱེད་པར་ཞུས་པ་དང་། ཉེས་དོན་གྱོད་གཞི་དཀྱུས་མ་ལྟར་གྱོད་གཞི11དང་མི50གཞུང་གཏུག་བྱེད་པར་ཞུས།

སྐྱེ་ཁམས་ཐད་ཀྱི་ཞིབ་དཔྱོད་བྱ་བར་ཤུགས་བསྣན། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་དམིགས་ནས་ཆེད་དོན་གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་རྒྱུན་མཐུད་ངང་ཁྱབ་སྤེལ་བྱས་པ་དང་། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེར་བཏང་སྟེ། སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་སྤོ་སྐྱེལ་བྱས་པའི་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་དོགས་ཡོད་གྱོད་གཞི14ལ་ཁྲིམས་ལྟར་ལྟ་སྐུལ་བྱས་པ་དང་། མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་བཀོད་པའི་གྱོད་གཞི8ལ་ལྟ་སྐུལ་བྱས་པ། མི69ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི157ཞུ་གཏུག་བྱས། “ཆེད་ལས་ཅན་གྱི་བཅའ་ཁྲིམས་ལྟ་སྐུལ+སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”གི་སྐྱེ་ཁམས་ཐད་ཀྱི་ཞིབ་དཔྱོད་རྣམ་པ་ཧུར་ཐག་གིས་ལག་ལེན་བྱས་ཏེ། རྩྭ་ས་དང་ནགས་ས། རྨོ་ཞིང་སྣ་ཚོགས་མུའུ3200ཆད་གསབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཁོར་ཡུག་ཐོན་ཁུངས་ཞིབ་དཔྱོད་ཁྲུའུ་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་གི་ཞིབ་དཔྱོད་བྱ་བ་མཛུབ་སྟོན་བྱས། ཟི་ལིང་དང་མཚོ་ནུབ། མཚོ་ཤར་བཅས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར” དང“ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་གྱི་བཟོ་ལས་སྡེ་ཁུལ” །“སྟོང་རི་གཡུ་མཚོ་རང་བྱུང་སྲུང་སྐྱོང་ཁུལ”སོགས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བྱ་བ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས།

དམངས་འཚོ་ཐད་ཀྱི་ཞིབ་དཔྱོད་བྱ་བར་ཤུགས་བསྣན། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱས་ཐོག་ཁྲིམས་དང་འགལ་ནས་མ་དངུལ་བསྡུ་རུབ་བྱེད་པར་དོགས་ཟོན་དང་ཆད་གཅོད་བྱེད་པའི་དྲིལ་སྒྲོག་བྱེད་སྒོ་རྣམ་པ་མང་པོ་སྤྱད་དེ་སྤེལ་ཞིང་། ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི9ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི51ཞུ་གཏུག་བྱས། རྒན་རྒོན་དང་། བུད་མེད། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་མི309ཞུ་གཏུག་བྱས། “གླ་རྒྱག་ཞིང་པས་གླ་ཕོགས་འདེད་ལེན་བྱེད་པར་རོགས་ལས་དང་ཐག་གཅོད་བྱེད་པའི”ཆེད་དོན་བྱེད་སྒོ་སྤེལ་ཞིང་གྱོད་གཞི133ཐག་བཅད་དེ། གླ་རྒྱག་ཞིང་པར་ཆད་འགྱངས་ཀྱི་གླ་ཕོགས་སྒོར་ཁྲི3100ལྷག་འདེད་ལེན་བྱས་པ་དང་། ངལ་རྩོལ་གླ་ཆ་མ་སྤྲད་པའི་ཉེས་བསགས་གྱོད་གཞི10དང་མི10ཞུ་གཏུག་བྱས།

གསུམ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།

ང་ཚོས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་གནོད་པའི་འབུར་ཐོན་གནད་དོན་དམ་པོར་བཟུང་ཞིང་། འཛིན་བཟུང་ཆོག་མཆན་འགོད་པ་དང་ཞུ་གཏུག་སོགས་ཀྱི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱས་ནས། བསྡོམས་པས་ཉེས་བསགས་སྣ་ཚོགས་ཀྱི་དོགས་ཡོད་ཉེས་ཅན3926ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི6446ཞུ་གཏུག་བྱས།

རྒྱལ་ཁབ་ཀྱི་བདེ་འཇགས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ཐོག་འཇིགས་སྐུལ་ལ་ངོ་རྒོལ་དང་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་གཏིབ་ཟབ་ཏུ་སྤེལ་ཞིང་། དྲ་ཐོག་གི་ཆབ་སྲིད་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་ནང་ཧུར་ཐག་གིས་ཞུགས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པའི་བྱེད་སྒོ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཆད་པ་བཅད།

ཉེས་དོན་ཉེས་བསགས་ཚབས་ཆེན་ལ་ཉེས་ཆད་དྲག་པོ་བཅད། འཕྲོག་བཅོམ་དང་། བཙན་འཕྲོག རྐུ་ཁྱེར་སོགས་བྱུང་ཐེངས་མང་བའི་རྒྱུ་ནོར་གནོད་སྐྱེལ་གྱི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་ཞིང་། མི1422ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི1541ཞུ་གཏུག་བྱས། བསམ་བཞིན་དུ་མི་བསད་པ་དང་། བཙན་གཡེམ་དང་བཙན་འཆིང་བྱས་པ་སོགས་གཏུམ་སྤྱོད་ཀྱི་ཉེས་བསགས་ཚབས་ཆེན་ལ་གནད་སར་བཟུང་ནས་རྡུང་རྡེག་བཏང་ཞིང་། མི144ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི158ཞུ་གཏུག་བྱས། མེ་མདའ་དང་འབར་གས་བཅས་དང་འབྲེལ་བའི་ཉེས་བསགས་ལ་བློ་ཐག་རྦད་ཆོད་ཀྱིས་རྡུང་རྡེག་བཏང་ཞིང་། མི47ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི64ཞུ་གཏུག་བྱས། “འཆལ་རྒྱན་དུག་གསུམ” གྱི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ཞིང་། མི514ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི518ཞུ་གཏུག་བྱས།

ལོ་ན་མ་སོན་པའི་མིའི་ཐད་ཀྱི་ཞིབ་དཔྱོད་བྱ་བར་ཤུགས་བསྣན། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་གཉིས་དང་མཉམ་དུ《ཁྲིམས་སྐྱོང་གི་དྲིལ་སྒྲོག་སློབ་གསོ་སློབ་གྲྭ་ནས་སྤེལ་བའི་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ནས། “བཅའ་ཁྲིམས་ཀྱིས་སྲུང་སྐྱོང་དང་ཕུགས་འདུན་འགྲུབ་པར་བྱེད་པ” དང “ལོ་ཆུང་བྱིས་པར་སྲུང་སྐྱོང་དང་འཚར་ལོངས་འབྱུང་བར་ཐུགས་ཁུར་བྱེད་པ” སོགས་བརྗོད་བྱ་གཙོ་བོ་ཡིན་པའི་ཁྲིམས་སྐྱོང་གི་ཤེས་བྱ་སློབ་གྲྭར་སྐྱེལ་བའི་བྱེད་སྒོ་གཅིག་བསྡུས་ཀྱིས་སྤེལ་ཞིང་། བྱེད་སྒོ་དེ་སློབ་གྲྭ་ཆུང་འབྲིང་དང་བྱིས་པ་ཁང་། ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་དང་དེ་བཞིན་ལས་རིགས་སློབ་གྲྭ228 དུ་ཁྱབ་པ་དང་། སློབ་མ་དང་དགེ་རྒན། ཁྱིམ་བདག་བཅས་མི་ཁྲི25.6ལྷག་ལ་སློབ་གསོ་ཐོབ་པར་བྱས་ཏེ་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ལེགས་པོ་བྱུང་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གིས《མཚོ་སྔོན་གྱི་ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བའི་སྐོར་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ》ཁྱབ་སྒྲོག་བྱས། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་དང་ཅཱན་ཁྲ་ཀྲང་གཞོན་པས་ཡོངས་ཁྱབ་ཏུ་མངའ་ཁུལ་ནང་ཁྲིམས་ལུགས་སློབ་གཙོ་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་ཡོད། “འཛིན་བཟུང་དང་། ཞུ་གཏུག ལྟ་སྐུལ། སྔོན་འགོག”གཞི་གཅིག་ཅན་གྱི་བྱ་བའི་རྐྱེན་སྲོལ་ལག་བསྟར་བྱས་ཤིང་། ཞར་བྱུང་གི་ཆ་རྐྱེན་ལྟར་ཞུ་གཏུག་མི་བྱེད་པ་དང་གྱོད་གཞི་སོ་སོར་ཞུ་གཏུག་བྱེད་པ། ཉེས་བསགས་ཟིན་ཐོ་བཀག་སྡོམ་ཉར་ཚགས་བྱེད་པ་སོགས་ལོ་ན་མ་སོན་པའི་མིའི་ཉེས་བསགས་གྱོད་གཞི་ཐག་གཅོད་ལམ་ལུགས་དོན་འཁྱོལ་ནན་མོ་བྱས། བསྡོམས་པས་ལོ་ན་མ་སོན་པའི་མིའི་ཉེས་བསགས་གྱོད་གཞི148དང་མི217ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་། གྱོད་གཞི32དང་མི50ལ་འཛིན་བཟུང་ཆོག་མཆན་མ་བཀོད་ལ། གྱོད་གཞི179དང་མི309ཞུ་གཏུག་བྱས་པ་དང་། ལོ་ན་མ་སོན་པའི་མིའི་ཉེས་བསགས་ཟིན་ཐོ107བཀག་སྡོམ་ཉར་ཚགས་བྱས།

ཞིབ་དཔྱོད་ལྷུ་ཚིགས་ཀྱི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ཟབ་སྤེལ་བྱས། “སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ”རྒྱུན་འཁྱོངས་བྱས་ཐོག ཞིབ་དཔྱོད་བཅའ་ཁྲིམས་ཡིག་རིགས་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་རྒྱུ་མཚན་གསལ་བཤད་བྱེད་པ། ཞིབ་དཔྱོད་དཔོན་གྱིས་གྱོད་གཞིར་བརྟེན་ནས་ཁྲིམས་དོན་འགྲེལ་བཤད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། དཔེ་མཚོན་གྱོད་དཔེ་སྤྱི་བསྡོམས་དང་ཁྱབ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་། ཁྲིམས་རྩོད་པ་བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་འདུམ་འགྲིག་དང་ལས་ཚབ་བྱེད་པར་ཞུགས་པའི་ལམ་ལུགས་ལ་སྐུལ་སྤེལ་བཏང་སྟེ། བསྡོམས་པས་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི1014ཐག་བཅད་པ་དང་། ཁྲིམས་རྩོད་པ་ཡིག་སྐུར་ངོ་གཏུག་ལ་སྣེ་ལེན་བྱེད་པའི་གྱོད་གཞི300ལྷག་ལ་ཞུགས་ཡོད། ཞིབ་དཔྱོད་ལྷུ་ཚིགས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས། འཚོ་བར་དཀའ་ངལ་ངོ་མ་ཡོད་པའི་གནོད་འཚེ་ཕོག་མཁན་དང་ཡང་ན་དེའི་གཉེན་ཉེ99ལ་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི253བཏང་།

བཞི། ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་དང་འགན་འཁྲི་ལ་དམིགས་ནས་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་བཏང་།

ང་ཚོས་ཉེས་དོན་དང་དམངས་དོན། སྲིད་འཛིན་གཏུག་བཤེར་བཅས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱེད་ཤུགས་རྒྱུན་མི་ཆད་པར་ཇེ་ཆེར་བཏང་བ་དང་། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས། མི་དམངས་མང་ཚོགས་ཉིན་རེ་བཞིན་འཕར་བའི་དམངས་གཙོ་དང་ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཕྱོགས་ཀྱི་དགོས་མཁོ་སྐོང་བར་འབད་བརྩོན་བྱས།

ཉེས་དོན་གཏུག་བཤེར་གྱི་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་། གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ཐོག གྱོད་ཐོ་འགོད་དགོས་ཀྱང་མ་བཀོད་པ་ལ་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་འགོད་པར་ལྟ་སྐུལ་བྱས་པའི་གྱོད་གཞི40ཡོད་ཅིང་། གྱོད་ཐོ་འགོད་མི་དགོས་ཀྱང་བཀོད་པ་ལ་གྱོད་གཞི་ཕྱིར་འཐེན་པར་ལྟ་སྐུལ་བྱས་པའི་གྱོད་གཞི12ཡོད། མྱུལ་ཞིབ་བྱེད་སྒོའི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་མྱུལ་ཞིབ་བྱེད་སྒོ་ཁྲིམས་དང་འགལ་བར་ཡོ་བསྲང་བྱས་པའི་གྱོད་གཞི36ཡོད་ཅིང་། འཛིན་བཟུང་བསྐྱར་གསབ་བྱས་པའི་མི49དང་ཞུ་གཏུག་བསྐྱར་སྣོན་བྱས་པའི་མི42ཡོད། ཉེས་དོན་འདྲི་གཅོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཉེས་དོན་རྒོལ་གཏུག་བྱེད་པར་བཏོན་པའི་གྱོད་གཞི21ཡོད། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་མི་ཐེངས89ཡོད།

ཉེས་དོན་ལག་བསྟར་གྱི་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་། བཙོན་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ལྟ་སྐུལ་བྱེད་པ་སོགས་ཀྱི་ཆེད་དོན་བྱེད་སྒོ་གསུམ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས་ཏེ། དངོས་ཁྲིམས་བཅད་པའི་ཉེས་བསགས་ལ་ཁྲིམས་ཆད་ལག་བསྟར་མ་བྱས་པའི་ཉེས་ཅན23ལ་དམིགས་ནས་ཡོ་བསྲང་བྱས་པ་དང་། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་བྱེད་པའི་གྱོད་གཞི2795དང་བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བྱེད་པའི་གྱོད་གཞི13ལ་ཞིབ་བཤེར་ལྟ་སྐུལ་བྱས། གྱོད་གཞི་ཐག་གཅོད་ལས་ཁུངས་ལ་བཙན་ཤེད་ཀྱི་བྱེད་ཐབས་སྒྱུར་བའི་གྲོས་གཞི་བཏོན་་པའི་མི244ཡོད་པ་དང་། དེ་ལས་དང་ལེན་ཐོབ་པའི་མི134ཡོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་ནས། ཞི་ཕིང་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་བཙུགས་ཤིང་། སྟོབས་ཤུགས་མཉམ་སྡེབ་དང་འགན་ནུས་ལེགས་སྒྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་ཁྲིམས་ཆད་ལག་བསྟར་བྱེད་སྒོར་གཅིག་གྱུར་གྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས།

དམངས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་། ལྟ་སྐུལ་བྱེད་སྟངས་སྣ་མང་བེད་སྤྱོད་གང་ལེགས་བྱས་ནས་སྣ་མང་ཅན་གྱི་ལྟ་སྐུལ་རྣམ་པ་ཤུགས་ཡོད་རྒུས་ཆགས་པར་བྱས་ཏེ། བསྡོམས་པས་དམངས་དོན་ལྟ་སྐུལ་གྱོད་གཞི598དང་སྲིད་འཛིན་ལྟ་སྐུལ་གྱོད་གཞི213ལ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་། རྒོལ་གཏུག་བྱེད་དགོས་པར་ཞུས་པ་དང་བཏོན་པའི་གྱོད་གཞི13ཡོད་ཅིང་། ཞིབ་དཔྱོད་གྲོས་གཞི་སྣ་ཚོགས386བཏོན་པ་དང་། དེ་ལས་བསྐྱར་ཞིབ་བྱེད་དགོས་པའི་ཞིབ་དཔྱོད་གྲོས་གཞི10བཏོན་པ་དང་ཁྲིམས་ཁང་གིས་གྱོད་གཞི7ལ་ཁྲིམས་ཆད་བསྒྱུར་ཡོད། དམངས་དོན་དང་སྲིད་འཛིན་ལག་བསྟར་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། བསྡོམས་པས་དམངས་དོན་དང་སྲིད་འཛིན་ལག་བསྟར་གྱི་ལྟ་སྐུལ་གྱོད་གཞི264ལ་ཞིབ་བཤེར་དང་ཐག་གཅོད་བྱས་ཤིང་ཞིབ་དཔྱོད་གྲོས་གཞི120བཏོན་ཏེ། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པར་རམ་འདེགས་བྱས། དམངས་དོན་དང་སྲིད་འཛིན་གཏུག་བཤེར་མིན་པའི་ལག་བསྟར་ལྟ་སྐུལ་ཆེད་དོན་བྱེད་སྒོ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས་ཤིང་། དམངས་དོན་དང་སྲིད་འཛིན་གཏུག་བཤེར་མིན་པའི་ལག་བསྟར་ལྟ་སྐུལ་གྱི་གྱོད་གཞི138ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པ་དང་། ཞིབ་དཔྱོད་གྲོས་གཞི36བཏོན་ཡོད།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཧུར་ཐག་གིས་སྐུལ་སྤེལ་བཏང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ཐོག མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ཏེ་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་། “མཛེས་ཤིང་སྡུག་པའི་མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ” དང“ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས་ལ་འགན་སྲུང་བྱེད་པ”སོགས་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས་ཤིང་། “མ་གནས་དམའ་བའི་སྤྱི་ཕན་གཏུག་བཤེར་གྱི་གྱོང་གུན་བྱུང་ཚད་གཏན་འཁེལ་དང་གྱོང་གསབ་ལེན་པའི་རྐྱེན་སྲོལ་འཛུགས་པ་དང་། ཕྱོགས་གཉིས་པོར་ཕན་ཁེ་ཐོབ་པ་དང་ཕྱོགས་མང་པོར་ཕན་ཁེ་ཐོབ་པ། ཐུན་མོང་ལ་ཕན་ཁེ་ཐོབ་པའི་རྐྱེན་སྲོལ་འཛུགས་པ། ཀུན་སྤྱོད་ཅན་གྱི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་དཔུང་སྡེ་གསོ་སྐྱོང་བྱེད་པ”བཅས་ཀྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་རྣམ་པ” ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་ཀྲང་ཅུན་གྱི་ཁས་ལེན་གང་ལེགས་ཐོབ་ལ། ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གིས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང་། བསྡོམས་པས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞིའི་ཁུངས་སྣེ500འཚོལ་སྡུད་བྱས་ཤིང་། གྱོད་གཞི430ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་དང་། ཞུ་གཏུག་མ་བྱས་སྔོན་གྱི་གོ་རིམ་ལག་བསྟར་བྱེད་མགོ་བརྩམས་ནས་ཞིབ་དཔྱོད་གྲོས་གཞི326བཏོན་ཞིང་། ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི39བཏོན་ལ། སྐྱེ་ཁམས་ཁོར་ཡུག་དང་། ཐོན་ཁུངས་སྲུང་སྐྱོང་། ཟས་རིགས་སྨན་རྫས་བདེ་འཇགས། རྒྱལ་དབང་རྒྱུ་ནོར་སྲུང་སྐྱོང་། རྒྱལ་དབང་ས་ཞིང་བེད་སྤྱོད་དབང་ཆ་བཤུག་པ་སོགས་དབང་བཅོལ་ཁྱབ་ཁོངས་ཡོད་ཚད་དུ་ཁྱབ་ཡོད། ཡུལ་ཤུལ་ཁུལ་དང་མཚོ་བྱང་ཁུལ་སོགས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་དང་མཉམ་དུ་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་སུ་རང་དགར་གྱིས་ཕྱི་ཡོང་ཉ་རིགས་ཚེ་ཐར་གཏོང་བར་གཏན་འགོག་དང་མདོ་ལའི་གནའ་བོའི་སྡོང་རྒན་སྲུང་སྐྱོང་བྱེད་པ་སོགས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་ལ་སྐུལ་སྤེལ་བཏང་ནས། ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། བཅའ་ཁྲིམས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

ལྔ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་ཞིབ་དཔྱོད་བཅོས་སྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ནས་ཁྲིམས་འཛིན་ཐད་ཀུན་གྱི་ཡིད་ཆེས་ཚད་ཇེ་ཆེར་བཏང་།

ང་ཚོས་དམིགས་འབེན་འཛིན་ཕྱོགས་དང་གནད་དོན་འཛིན་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཐོག་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་ཞིབ་དཔྱོད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་།

ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་ཤུགས་ཡོད་རྒུས་ཟབ་སྤེལ་བྱས། སྒྲིག་ཁོངས་སུ་ཚུད་པའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་ངེས་པར་དུ་གྱོད་གཞི་ཐག་གཅོད་དགོས་པ་རྒྱུན་འཁྱོངས་བྱས་ཐོག གྱོད་གཞི་ཐག་གཅོད་པའི་གྲངས་ཀའི་ཚད་མཐའ་དང་སྤུས་ཚད་ཀྱི་བླང་བྱ་གཏན་འབེབས་བྱས་པ་དང་། ལྟ་ཞིབ་བརྡ་ཁྱབ་དང་ཡོངས་བསྒྲགས་ལྟ་སྐུལ། དཀའ་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་ཚབས་ཆེན་དེ་སྒྲིག་ཁོངས་སུ་ཚུད་པའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་གྱོད་གཞི་ཐག་གཅོད་པའི་རྐྱེན་སྲོལ་བཙུགས་ནས། གྱོད་གཞི་ཐག་གཅོད་པའི་ཐད་ཕྱི་ཚུལ་གཉེར་བ་དང་བཟོ་ལྟ་ཙམ་སྟོན་པ། མངག་བཅོལ་བྱས་ནས་གྱོད་གཞི་ཐག་གཅོད་པ། མིང་ཁྱེར་ནས་གྱོད་གཞི་ཐག་གཅོད་པ་སོགས་ཀྱི་གནས་ཚུལ་འབྱུང་བར་དངོས་གནས་སྔོན་འགོག་བྱས་པ་དང་། སྒྲིག་ཁོངས་སུ་ཚུད་པའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་བསྡོམས་པས་གྱོད་གཞི2750ཐག་གཅོད་བྱས། གྱོད་གཞི་ཐག་གཅོད་རུ་ཚོགས་གསར་བའི་འཛུགས་སྐྱོང་ལ་ཧུར་ཐག་གིས་སྐུལ་སྤེལ་བཏང་ནས། ཁེར་ཁུར་ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་ཐག་གཅོད་པའི་སྡེ་ཚན773སྒྲིག་འཛུགས་བྱས་པ་དང་། གཏན་འཇགས་ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་ཐག་གཅོད་པའི་ཚོགས་ཆུང227གསར་འཛུགས་བྱས། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་འགག་སྲུང་འགན་ནུས་ཚད་ལྡན་དུ་བཏང་བ་དང་། ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིམ་ལྡན་སྒོས་དབང་ཆ་གཤམ་སྤྲོད་དང་ནུས་ལྡན་གྱིས་ལྟ་སྐུལ་དོ་དམ་བྱེད་པ་ཕན་ཚུན་གཅིག་གྱུར་ཡོང་བར་བྱས། གློག་རྡུལ་ཡིག་ཁུག་དེ་གྱོད་གཞི་དང་དུས་མཉམ་དུ་གྲུབ་པ་དང་བརྒྱུད་རིམ་ཧྲིལ་བོར་དྲ་ཐོག་ནས་གྱོད་གཞི་ཐག་གཅོད་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། སྦྲེལ་ཚིགས་འདྲི་རྩད་དང་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། ཉེན་ཁ་སྔོན་དཔག བརྒྱུད་རིམ་ཧྲིལ་བོར་ཁུངས་འདེད་བྱེད་ཆོག་པའི་དམིགས་འབེན་མངོན་འགྱུར་བྱས། གྲུབ་འབྲས་དང་ལས་ཕྱོད་དཔྱད་ཞིབ་དང་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིབ་དཔྱོད་མི་སྣས་གྱོད་གཞི་མང་དུ་ཐག་གཅོད་པ་དང་གྱོད་གཞི་མགྱོགས་པོར་ཐག་གཅོད་པ། གྱོད་གཞི་ལེགས་པོར་ཐག་གཅོད་པར་ཁྲིད་སྟོན་བྱས། ཞིབ་དཔྱོད་དཔོན་གྱི་སྒྲིག་ཁོངས་ཕྱིར་འཐེན་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། བསྡོམས་པས་སྒྲིག་ཁོངས་ལས་ཕྱིར་འཐེན་པའི་མི33ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་ཁུངས་ནང་འཛུགས་སྒྲིག་གཞིའི་བཅོས་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ནང་འཛུགས་ལས་ཁུངས་སྔར་ལས་ལེགས་སྒྱུར་བྱས།

རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ལ་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས། 《ལྟ་ཞིབ་བཅའ་ཁྲིམས》དང་བཟོ་བཅོས་བྱས་རྗེས་ཀྱི《ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ལས་གནས་ཐོག་གི་ཉེས་བསགས་ལ་ཞིབ་དཔྱོད་ཀྱི་བྱ་བ་སྒྲུབ་ཤུགས་ཇེ་ཆེར་བཏང་། ལྟ་ཞིབ་ལས་ཁུངས་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཐོག་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་གིས་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི་ཐག་གཅོད་པའི་སྐོར་གྱི་འབྲེལ་མཐུད་བྱེད་ཐབས(ཚོད་ལྟའི་ལག་ལེན)》གཏན་ལ་ཕབ་པ་དང་། གྱོད་གཞི་བདག་སྐྱོང་དང་ཐག་གཅོད་བྱེད་རྒྱུ་དང་ལེན་དང་། བརྟག་དཔྱད་དང་ཞིབ་བཤེར་གནས་ཚུལ་ཐག་གཅོད། ཉར་འཇོག་དང་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་འཐུས། གྱོད་གཞི་ཐག་གཅོད་པའི་འབྲེལ་མཐུད་དང་གཞོགས་འདེགས་སོགས་ཀྱི་རྐྱེན་སྲོལ་བཙུགས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་སྒྲིལ་ཤུགས་ཆགས་པར་སྐུལ་འདེད་བཏང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གྱོད་གཞི་སྤོ་སྐྱེལ་བྱས་པའི་གྱོད་གཞི་ཐག་གཅོད་བྱ་བར་གཙིགས་འཛིན་བྱས་ཐོག་ཅཱན་ཁྲ་ཀྲང་གིས་མདུན་དུ་བསྐྱོད་ནས་བཀོད་འདོམས་བྱེད་པ་དང་སྡེ་ཁག་གི་འགན་འཁུར་པའམ་ཞིབ་དཔྱོད་དཔོན་བསླབ་རྒན་དམིགས་འཛུགས་བྱས་ནས་ཆེད་མིས་ཆེད་སྒྲུབ་བྱེད་པ། འཛིན་བཟུང་དང་ཞུ་གཏུག་གཅིག་ཏུ་སྒྲིལ་བ། གྱོད་གཞི་ཞིབ་བཤེར་ཞིབ་ཚགས་བྱེད་པ་སོགས་ཀྱི་བྱེད་ཐབས་བེད་སྤྱད་ནས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤོ་སྐྱེལ་བྱས་པའི་གྱོད་གཞི་ཐག་གཅོད་སྤུས་ཚད་ལ་ཁག་ཐེག་བྱས། བསྡོམས་པས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱེད་དགོས་པར་སྤོ་སྐྱེལ་བྱས་པའི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི87དང་མི118ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པ་དང་། མི84ལ་འཛིན་བཟུང་གཏན་འཁེལ་བྱས་པ། གྱོད་གཞི99དང་མི138(ཞིབ་དཔྱོད་ལས་ཁུངས་ཀྱི་རང་ཞིབ་སྡེ་ཁག་གི་ཁོངས་གཏོགས་འབྲེལ་བ་མ་བསྒྱུར་གོང་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པའི་གྱོད་གཞི35དང་མི56འདུས་ཡོད)གཞུང་གཏུག་བྱས།

གཏུག་བཤེར་ལམ་ལུགས་ཀྱི་བཅོས་སྒྱུར་ལ་ཏན་ཏིག་གིས་སྐུལ་སྤེལ་བཏང་། འཛིན་བཟུང་ཞིབ་བཤེར་དང་ཞུ་གཏུག་ཞིབ་བཤེར་བྱེད་པའི་དཔང་རྟགས་ཚད་གཞི་ཅན་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་མ་བྱས་པའི་སྔོན་གྱི་གཙོ་ཁྲིད་དང་འཚག་བྱེད་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་། དཔང་རྟགས་ཀྱི་ཁྲིམས་གཅོད་སྒྲིག་ལམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཁྲིམས་འགལ་གྱི་དཔང་རྟགས་ཕྱིར་འཐེན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ནག་ཉེས་སུ་མ་གྱུར་པའམ་དཔང་རྟགས་ཁུངས་བཙན་མེད་པའི་མི628ལ་འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་མི392ཞུ་གཏུག་མ་བྱས། ཁྲིམས་རྩོད་པའི་ཐུག་འཕྲད་དབང་ཆ་དང་ཡིག་རིགས་ལྟ་བཤེར་དབང་ཆ། བརྟག་དཔྱད་དཔང་ལེན་དབང་ཆ་བཅས་འགན་སྲུང་གང་ལེགས་བྱས་ཏེ། དག་སེལ་དང་དྲ་ཐོག་ཁ་ཆད་བསྒོ་བའི་ལས་ཚབ་དོན་དག374དང་ལེན་བྱས་པ་དང་། གློག་རྡུལ་ཡིག་ཁུག18066བཟོས་ཤིང་། ངོ་གཏུག་ཏུ་ཡོང་བའི་ཁྲིམས་རྩོད་པ་སྣེ་ལེན་བྱས་པའི་མི་ཐེངས1007ཡོད།

ཞིབ་དཔྱོད་ཐད་ཀྱི་བཅོས་སྒྱུར་སྣ་ཚོགས་ལ་གཏིང་ཟབ་ཏུ་སྐུལ་སྤེལ་བཏང་། ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་ཐོག་དྲ་ཐོག་ལྟ་སྐུལ་ཚོད་འཛིན་དང་གྱོད་གཞི་དཔྱད་བཤེར། ཁྲིམས་འཛིན་ཡིག་ཚགས་དོ་དམ། ཁྲིམས་འཛིན་སྤུས་ཚད་དཔྱད་ཞིབ་གདེང་འཇོག་སོགས་དངོས་སྣང་ཅན་གྱི་གྱོད་གཞི་དོ་དམ་རྐྱེན་སྲོལ་བཙུགས་ཏེ། བསྡོམས་པས་གྱོད་གཞི10142དང་ལེན་དང་ཞིབ་བཤེར་བྱས། གྱོད་གཞིའི་ཆ་འཕྲིན་མངོན་གསལ་དུ་འདྲི་རྩད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན9946དང་མཇུག་འགྲིལ་རང་བཞིན་གྱི་བཅའ་ཁྲིམས་ཡིག་རིགས3996། གྱོད་གཞི་གལ་ཆེན་གྱི་ཆ་འཕྲིན1672བཅས་ཁྱབ་སྒྲོག་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི12309ཞིབ་དཔྱོད་ཞབས་ཕྱི་ལྟེ་གནས་ཀྱི་དངོས་གཟུགས་ཚོམས་ཆེན་གཅིག་གྱུར་གྱིས་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱས་ཏེ། མང་ཚོགས་ལ“ས་ཚིགས་གཅིག་གི་རྣམ་པའི”ཞབས་ཕྱི་མཁོ་སྤྲོད་བྱས། མྱུལ་ཞིབ་ལྟ་སྐུལ་དང་གཞུང་གཏུག ཉེས་དོན་ལག་བསྟར་ཞིབ་དཔྱོད། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་གཞི་གྲངས་ཆེན་མོ་སོགས་ཤེས་རིག་སྟེགས་བུའི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་སྤེལ་བཏང་།

དྲུག ཞིབ་དཔྱོད་དཔུང་སྡེའི་འཛུགས་སྐྱོང་དང་གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་བསྣན།

ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱེད་པའི་བླང་བྱ་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་འཛུགས་སྐྱོང་དམ་འཛིན་བྱེད་པར་བརྟེན་ནས་དཔུང་སྡེའི་འཛུགས་སྐྱོང་སྐུལ་ཁྲིད་བྱེད་པ་དང་ལས་སྒོ་སྤེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱས་པ་དང་། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ཇེ་བརྟན་དུ་བཏང་།

ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་ཆེན་མོ་དང་གསོ་སྦྱོང་ཆེན་མོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་རྩ་འཛུགས་བྱས་ཤིང་། “སློབ་གཉིས་བྱེད་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་སྤེལ་བཏང་བ་དང་། “ཆབ་སྲིད་ལ་དང་དོད་བྱེད་པ་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། འཕེལ་རྒྱས་དོན་གཉེར་བྱེད་པ། རང་བརྩོན་ལ་དོ་སྣང་བྱེད་པའི” སློབ་སྦྱོང་དང་བརྟག་ཞིབ། ལག་ལེན་བཅས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ནས་ཁྱབ་སྤེལ་བྱས་ཤིང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔོན་གྲལ་དུ་བཞག་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་དོན་འཁྱོལ་ནན་མོ་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིབ་དཔྱོད་དཔུང་སྡེའི་ཆབ་སྲིད་འཛུགས་སྐྱོང་ལ་གཏིང་ཟབ་ཏུ་སྐུལ་སྤེལ་བཏང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་མུ་མཐུད་དུ་ཤུགས་བསྣན།

དཔུང་སྡེའི་བྱང་ཚད་དང་འཇོན་ཐང་གསོ་སྐྱོང་བྱེད་ཤུགས་དངོས་གནས་ཇེ་ཆེར་བཏང་། དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག་གཞི་རྒྱ་ཆེན་མོ་དང་དངོས་གཞི་ཅན་གྱི་སློབ་གསོ་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་ཞིང་། “དངོས་འཐབ+དངོས་སྒྲུབ”ཀྱི་མི་སྣ་ཚང་མའི་གསོ་སྦྱོང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། སློབ་ཁྲིད་དང་སློབ་སྦྱོང་། ཞིབ་འཇུག སྦྱོང་བརྡར། དངོས་འཐབ་བཅས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་བཏང་། ལོ་ན་མ་སོན་པའི་མིའི་ཐད་ཀྱི་ཞིབ་དཔྱོད་དང་ཉེས་དོན་ལག་བསྟར་གྱི་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ལས་དོན་སོགས་ཆེད་དོན་ལས་སྒོ་གསོ་སྦྱོང་སྐབས18སྤེལ་བ་དང་མི་ཐེངས4243ལ་གསོ་སྦྱོང་བྱས། གསར་དུ་བཟོ་བཅོས་བྱས་པའི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཆེད་དོན་སློབ་སྦྱོང་གསོ་སྦྱོང་སྤེལ་བར་རྩ་འཛུགས་བྱས། “ཞིབ་དཔྱོད་དོགས་འདྲི་ལན་འདེབས་དྲ་བ”ཤར་གཏོང་ཐུབ་པ་དང་བེད་སྤྱོད་བྱས་ནས་ལས་སྒོ་འདྲི་རྩད་དང་བརྗེ་རེས་དྲ་བའི་སྟེགས་བུ་བསྐྲུན་ཡོད། སྐད་གཉིས་གཏུག་བཤེར་གྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་སྐད་འཇོན་ཐང་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས།

སྐོར་གཟིགས་དང་དག་ཐེར་ལེགས་བཅོས་བྱ་བ་ཏན་ཏིག་གིས་ལེགས་འཛིན་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་སྐོར་གཟིགས་རང་རྟོགས་ཀྱིས་དང་ལེན་བྱས་པ་དང་། སྐོར་གཟིགས་ ཁྲོད་བཏོན་པའི་གནད་དོན་གཟབ་ནན་སྒོས་ལྟ་སྟངས་བཟུང་ཞིང་། བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱས་ནས་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱ་བ་དམ་འཛིན་བྱས་ཏེ། སྐོར་གཟིགས་བྱེད་པའི་ཁྲོད་བཏོན་པའི་གནད་དོན་ཚང་མ་དག་ཐེར་ལེགས་བཅོས་བྱས། སྐོར་གཟིགས་སྐོར་ཞིབ་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་ཞིབ་དཔྱོད་ཁང་ལ་སྐོར་གཟིགས་བྱས་པ་དང་། མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་ཞིབ་དཔྱོད་ཁང་ལ་སྐོར་གཟིགས་བྱེད་པར“ཕྱི་མིག་ལྟ་བའི”བྱ་བ་སྤེལ་བ། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་གིས་མངའ་ཁུལ་གྱི་གཞི་རིམ་ཞིབ་དཔྱོད་ཁང་ལ་སྐོར་ཞིབ་བྱ་བ་སྤེལ་བར་མཛུབ་སྟོན་བྱས།

གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་སྤེལ་བཏང་། གཞི་རིམ་བྱ་བའི་ཐད་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་བྱ་བའི་གཙོ་གནད་གཤམ་རིམ་དུ་སྒྱུར་བ་དང་ཞིབ་དཔྱོད་སྟོབས་ཤུགས་གཤམ་རིམ་དུ་འཇོག་པར་སྐུལ་འདེད་བཏང་བ་དང་། སྔར་ལས་མང་བའི་ཞིབ་དཔྱོད་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་གཞི་རིམ་དུ་བཞག་ནས། གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་བསྟུད་མར་ཇེ་དྲག་ཏུ་བཏང་། པེ་ཅིན་དང་། ཧྲང་ཧའེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་ཞིང་གི་ཁུལ་དྲུག་གི་བོད་ཁུལ་ཞིབ་དཔྱོད་ལས་ཁུངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་འདྲིས་མཐུན་སྦྱོར་ལ་བསྟུད་མར་ཤུགས་བསྣན་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཕན་འབྲས་བསྟུད་མར་ཇེ་ལེགས་སུ་སོང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཞིབ་དཔྱོད་ཁང་དང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཞིབ་དཔྱོད་ཁང་སོ་སོར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་ཁང”དང“ཐུན་མོང་གི་བྱས་རྗེས་རིམ་པ་དང་པོ”གནང་བ་དང་། ལས་བྱེད་ཉེན་རྟོག་པ2སོ་སོར“རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན” དང“མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ”གནང་ཡོད།

བདུན། རང་རྟོགས་ཀྱིས་ལྟ་སྐུལ་དང་དུ་བླངས་ནས་ཞིབ་དཔྱོད་དབང་ཆ་ཀུན་གསལ་གྱི་འོག་ཏུ་ཚད་དང་མཐུན་པར་འཁོར་རྒྱུག་བྱེད་དུ་བཅུག

ལོ་གཅིག་གི་རིང་ལ། ང་ཚོས་སྔར་ལས་རང་རྟོགས་ལྡན་པའི་སྒོ་ནས་ལྟ་སྐུལ་དང་ལེན་བྱས་པ་དང་། རིམ་པ་གཅིག་མཚུངས་ཀྱི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བྱ་བ་སྒྲུབ་ཚུལ་ཞུ་འབུལ་བྱས་ཤིང་། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ནན་ཏན་གྱིས་དོན་འཁྱོལ་བྱས་ནས། ཞིབ་དཔྱོད་བྱ་བར་རྒྱུན་མི་ཆད་པར་ཤུགས་སྣོན་དང་ལེགས་བཅོས་བྱས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གཉིས་ལ་འབྲེལ་གཏུག་དམ་ཟབ་བྱས་ཐོག་ནན་ཏན་སྒོས་འཐུས་མིའི་གྲོས་གཞི་བསྒྲུབས་པ་དང་། འཐུས་མི་དང་ཨུ་ཡོན་གདན་དྲངས་ནས་ཞིབ་དཔྱོད་བྱ་བར་གཟིགས་ཞིབ་བྱས་ཏེ། འཐུས་མི་དང་ཨུ་ཡོན་གྱིས་ཞིབ་དཔྱོད་བྱ་བར་ལྟ་སྐུལ་བྱེད་པར་མཐུན་རྐྱེན་བསྐྲུན། སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཆེར་དང་ལེན་བྱས་ཤིང་། ཞིབ་དཔྱོད་ལས་དོན་མངོན་བསྒྲགས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་ཞིང་། མི་དམངས་ལྟ་སྐུལ་པ་དང་ཆེད་བསྐོས་ཞིབ་དཔྱོད་པའི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས། སྨྱན་བྱད་དང་འབྲེལ་མཐུད་འབྲེལ་གཏུག་བྱེད་པར་ཤུགས་བསྣན་པ་དང་། གླེང་ཕྱོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཞིབ་བཤེར་དང་ལན་བསློགས་ནས། རང་རྟོགས་ཀྱིས་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱས། ཞིབ་དཔྱོད་ཀྱི“པོད་ཕྲན་དང་འཕྲིན་ཕྲན། སྤྱོད་སྣེ”བཅས་ཀྱི་མཉམ་འགུལ་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། སྨྱན་བྱད་ཀྱི་དུས་རབས་གསར་བའི་ཞིབ་དཔྱོད་བྱ་བའི་མཉམ་འདྲེས་བྱེད་ནུས་དང་ཀུན་གྱི་ཡིད་ཆེས་ཚད་ཇེ་དྲག་ཏུ་བཏང་། དམག་དཔུང་དང་ས་གནས་བར་གྱི་ཞིབ་དཔྱོད་རོགས་ལས་ལ་ཤུགས་བསྣན་པ་དང་། དམག་དམངས་མཉམ་འདྲེས་ངང་འཕེལ་བར་རང་འགུལ་གྱིས་ཞབས་འདེགས་དང་རྒྱལ་སྲུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ནས། དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས།

འཐུས་མི་རྣམ་པ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ཐོབ་པ་ནི་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པར་མགོ་ཁྲིད་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནུས་ལྡན་གྱིས་ལྟ་སྐུལ་བྱས་པ། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས། འཐུས་མི་རྣམ་པ་དང་དེ་མིན་སྲིད་གྲོས་ཨུ་ཡོན། སྤྱི་ཚོགས་ལས་རིགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱས་པའི་འབྲས་བུ་ཡིན། འདིར་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

དུས་མཚུངས་སུ། ང་ཚོས་ཀྱང་ངོས་འཛིན་གསལ་བོ་བྱས་པ་སྟེ། རང་ཞིང་གི་ཞིབ་དཔྱོད་བྱ་བའི་ཐད་ད་དུང་མི་འདང་ས་མང་པོ་གནས་ཡོད་པ་དང་། དཀའ་ངལ་དང་འགྲན་སློང་མི་ཉུང་བ་མདུན་དུ་ལྷགས་ཡོད། གཅིག་ནི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་སྒྱུར་བ་དེ་མཚོ་སྔོན་ནས་བྱེ་བྲག་གིས་མངོན་པར་ཞིབ་འཇུག་དང་རྒྱུས་ལོན་བྱས་པ་མི་འདང་བ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་སྔར་ལས་ལྷག་པར་ཇེ་ཆེ་རུ་གཏོང་དགོས། གཉིས་ནི་ཞིབ་དཔྱོད་བྱ་བ་འཕེལ་བ་དོ་མཉམ་མིན་པའི་གནད་དོན་ཅུང་འབུར་ཐོན་ཡིན་པ་དང་། ཁྲིམས་འཛིན་ཚད་ལྡན་མིན་པའི“གཅོང་གནད” ད་དུང་ཡོངས་སུ་རྩ་མེད་དུ་གཏོང་མི་ཐུབ། གསུམ་ནི་གཞི་རིམ་གྱི་རྨང་གཞིའི་བྱ་བར་ཞན་ཆ་ངེས་ཅན་ཞིག་ཡོད་པ་དང་། ཞིབ་དཔྱོད་འཇོན་མི་གྲབས་གསོག་བྱེད་ཚད་མི་འདང་བ། ཆ་རྐྱེན་ཞན་པའི་ས་ཁུལ་དུ་ཞིབ་དཔྱོད་ལས་ཁུངས་ཀྱི་འཇོན་མི་ནང་དུ་འདྲེན་དཀའ་བ་དང་འཇོན་མི་སྡོད་དུ་འཇུག་དཀའ་བའི་གནད་དོན་སྔར་བཞིན་གནས་ཡོད། བཞི་ནི་ཞིབ་དཔྱོད་བྱ་བ་དང་དེང་རབས་ཚན་རྩལ་མཉམ་འདྲེས་བྱེད་ཚད་མི་འདང་བ་ཡིན། གནད་དོན་དང་དཀའ་ངལ་འདི་དག་ལ་དམིགས་ནས་ང་ཚོས་བྱེད་ཐབས་དངོས་བེད་སྤྱད་ནས་འབད་བརྩོན་གྱིས་ཐག་གཅོད་བྱ་དགོས།

2019ལོའི་ཞིབ་དཔྱོད་བྱ་བའི་སྐོར།

2019ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྤྱིའི་རིག་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག “ཆབ་སྲིད་ལ་དང་དོད་བྱེད་པ་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། འཕེལ་རྒྱས་དོན་གཉེར་བྱེད་པ། རང་བརྩོན་ལ་དོ་སྣང་བྱེད་པ” བཅས་དུས་རབས་གསར་བའི་ཞིབ་དཔྱོད་བྱ་བའི་སྤྱིའི་བླང་བྱ་ནན་ཏན་སྒོས་ལག་ལེན་བྱེད་པ་དང་། “དོན་འཁྱོལ་དང་བརྟན་འགྲོ། མཐོར་འདེགས”བཅས་ཀྱི་ཞིབ་དཔྱོད་བྱ་བའི་སྤྱིའི་ནང་དོན་ལྟེ་བ་ནན་ཏན་སྒོས་ལག་ལེན་དུ་བསྟར་བ། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཏན་ཏིག་གིས་སྐུལ་སྤེལ་གཏོང་ཞིང་། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་ཞིབ་དཔྱོད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་རྒྱུར་གཡོ་འགུལ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཐོག་ཤེས་རིག་གི་ཞིབ་དཔྱོད་ལས་དོན་གོང་སྤེལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མཁོ་སྤྲོད་བྱ་དགོས།

གཅིག དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱས་ནས་ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་སྲུང་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཞིབ་དཔྱོད་བྱ་བ་སྤྱི་འདོམས་བྱས་ཐོག ཏང་གི་མགོ་ཁྲིད་གཙང་བཙན་དེ་ཞིབ་དཔྱོད་བྱ་བའི་ཕྱོགས་སོ་སོར་ལག་ལེན་བསྟར་བ་རྒྱུན་འཁྱོངས་བྱེད་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྐོར་གྱི་སྲོལ་ཡིག》ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་དུ་བསྟར་ཞིང་། “འདུ་ཤེས་བཞི” སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི” ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” བློ་ཐག་རྦད་ཆོད་ཀྱིས་འགྲུབ་པར་བྱེད་ཅིང་། ཏང་ཨུ་ལ་དོན་ཚན་གལ་ཆེན་དགོངས་སྐོར་དང་ཞུ་འབུལ་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱ་དགོས།

གཉིས། སྲ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ལ་བསམ་བློ་བཏང་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་དང་ཆུ་ཚད་དངོས་གནས་ཇེ་མཐོར་གཏང་དགོས། རང་རྟོགས་ཀྱིས་ཁྱོན་ཡོངས་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་ཁྱོན་ཡོངས་འགན་སྲུང་བྱས་ནས། ཞབས་འདེགས་ཞུ་བའི་ཕན་འབྲས་ཤུགས་ཡོད་རྒུས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཐོག སིམ་འཛུལ་ལ་ངོ་རྒོལ་བྱེད་པ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ལོག་ཆོས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ཏན་ཏིག་གིས་སྐུལ་སྤེལ་གཏོང་བ། གཡེམ་འཆལ་དང་རྒྱན་འགྱེད། དུག་རྫས། ནག་ཚོགས་གཏུམ་སྤྱོད། མགོ་སྐོར་བསླུ་བྲིད་སོགས་ཀྱི་ཉེས་བསགས་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པར་རང་འགུལ་གྱིས་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས་ཐོག་ཉེས་བསགས་ལ་རྡུང་རྡེག་གཏོང་བ་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱ་དགོས་ལ། ཉེན་ཁ་སེལ་བ་དང་འཕེལ་རྒྱས་ལའང་སྐུལ་འདེད་གཏང་དགོས། འདྲ་མཉམ་ཀྱིས་སྲུང་སྐྱོང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག་ཁེ་ལས་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། དམངས་འཚོ་ཐད་ཀྱི་ཞིབ་དཔྱོད་དང་ལོ་ན་མ་སོན་པའི་མིའི་ཐད་ཀྱི་ཞིབ་དཔྱོད་ལ་ཤུགས་སྣོན་པ་དང་། “ཧྥེང་ཆའོ་ཡི་ཉམས་མྱོང”ལྡན་པའི་མཚོ་སྔོན་གྱི་ཞིབ་དཔྱོད་རྣམ་པ་ཧུར་ཐག་གིས་ཆགས་པར་བྱ་དགོས།

གསུམ། གསར་གཏོད་གསར་སྐྲུན་གྱིས་འཕེལ་རྒྱས་དོན་གཉེར་བྱས་ནས་ཞིབ་དཔྱོད་བྱ་བའི་སྤུས་ཀ་མུ་མཐུད་དུ་ལེགས་པོར་གཏང་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས། གསར་དུ་བཟོ་བཅོས་བྱས་པའི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིབ་དཔྱོད་ལྟ་སྐུལ་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་དོ་མཉམ་གང་ལེགས་ཀྱིས་འཕེལ་བར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོར་ཕན་ཁེ་ཐོབ་པ་དང་ཕྱོགས་མང་པོར་ཕན་ཁེ་ཐོབ་པ། ཐུན་མོང་ལ་ཕན་ཁེ་ཐོབ་པར་མངོན་འགྱུར་བྱ་དགོས། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་དང་ལས་གནས་ཐོག་གི་ཉེས་བསགས་ཀྱི་ཞིབ་དཔྱོད་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། གཏུག་བཤེར་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་སྤེལ་བཏང་ནས། གཏུག་བཤེར་དང་མྱུལ་ཞིབ་དང་། གཏུག་བཤེར་དང་ཞིབ་བཤེར། གཏུག་བཤེར་དང་དག་འབུད་བཅས་ཀྱི་འབྲེལ་བ་ཆགས་པར་བྱ་དགོས། བཅའ་ཁྲིམས་ཀྱིས་བསྩལ་བའི་འཛིན་བཟུང་ཆོག་མཆན་འགོད་པ་དང་ཞུ་གཏུག རྒོལ་གཏུག ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་། ཞིབ་དཔྱོད་གྲོས་གཞི་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཁྲིམས་འཛིན་སྤུས་ཚད་དང་ལྟ་སྐུལ་སྤུས་ཀ་ཇེ་མཐོར་གཏང་དགོས། མིའི་ཐོབ་ཐང་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལོག་རྫུན་འཆུག་གསུམ་གྱི་གྱོད་གཞི་འབྱུང་བར་ནུས་ཡོད་ཀྱིས་དོགས་ཟོན་བྱས་ཏེ། འབད་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་དུ་གཞུག་དགོས།

བཞི། ཕྱི་ནང་མཉམ་སྦྱོང་གིས་རང་བརྩོན་ལ་དོ་སྣང་བྱས་ནས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་ཟབ་སྤེལ་བྱས་ཐོག“སྤུས་ལེགས་རྒྱན་བཟོའི”བྱ་བ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང་། སྒྲིག་ཁོངས་དོ་དམ་དང་གྱོད་གཞི་ཐག་གཅོད་རུ་ཚོགས། གྱོད་གཞིར་ལྟ་སྐུལ་དོ་དམ། གྲུབ་འབྲས་དང་ལས་ཕྱོད་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དབང་འགན་གསལ་པོ་དང་སྐུལ་ལྕག་ནུས་ལྡན། གཅུན་སྡོམ་ཤུགས་ལྡན་བཅས་ཀྱི་ཞིབ་དཔྱོད་དབང་ཆ་འཁོར་རྒྱུག་རྐྱེན་སྲོལ་གསར་བ་གཟུགས་དགོས། ཆེད་ལས་འཇོན་ཐང་དང་ཆེད་ལས་སྙིང་སྟོབས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དང་། “ཞིབ་དཔྱོད་ལན་འདེབས་དྲ་བ”བེད་སྤྱོད་གང་ལེགས་བྱས་ཏེ་གྱོད་གཞི་ཐག་གཅོད་སྤུས་ཚད་དང་ལས་ཕྱོད་རྒྱུན་མི་ཆད་པར་མཐོ་རུ་གཏང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་སྤེལ་གཏང་དགོས། སྔར་ལས་ཚད་གཞི་ནན་མོ་ཡིས་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐོར་གཟིགས་བྱས་ནས་དག་ཐེར་ལེགས་བཅོས་བྱེད་ཐད་ཀྱི“རྗེས་མཐུད་རྩོམ་ཡིག་ཕྱེད་ཀ”ནན་ཏན་སྒོས་ལེགས་འབྲི་བྱ་དགོས། ཤེས་རིག་ཞིབ་དཔྱོད་ལས་དོན་འཛུགས་སྐྲུན་མགྱོགས་པོར་སྐུལ་སྤེལ་གཏོང་བ་དང་། དེང་རབས་ཚན་རྩལ་དང་ཞིབ་དཔྱོད་ལས་སྒོ་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།

འཐུས་མི་རྣམ་པ། ལོ་གསར་བའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་སྣ་ཚོགས་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་། སྙིང་རུས་ཆེན་པོས་མདུན་དུ་བསྐྱོད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྷག་བསམ་གྱིས་ལག་བསྟར་བྱེད་པ། དུས་རབས་གསར་བར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱས་ཏེ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་གཞག་ཅིང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བསུ་མ་བྱ་དགོས།