སྲིད་གཞུང་གི་བྱ་བའི་སྙན་ཞུ།

——2019ལོའི་ཟླ་1པོའི་ཚེས་27ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

ཧྲིན་ཀྲང་། ལིའུ་ཉིང་།

འཐུས་མི་རྣམ་པ།

ད་ལྟ། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཁྱེད་རྣམ་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་ལྷན་རྒྱས་དང་གྲོས་ཚོགས་ལ་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་བསམ་འཆར་གནང་རོགས་ཞུ།

གཅིག། 2018ལོའི་བྱ་བར་ཕྱིར་ལྟ་བྱེད་པ།

འདས་པའི་ལོ་གཅིག་གི་རིང་ལ། འཕེལ་རྒྱས་ཁོར་ཡུག་ལ་འདུ་ལོང་རྣམ་པར་རྒོད་ཅིང་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་མང་དུ་འཕར་བ་དང། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཞུམ་མེད་ཀྱི་མགོ་ཁྲིད་འོག་ཏུ། བརྟན་རླིང་ངང་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བ་དང།“འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སྐུལ་སྤེལ་ཅི་ནུས་བྱས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏན་ལ་ཕབ་པའི་ལས་འགན་དམིགས་འབེན་སོ་སོ་ཅུང་ལེགས་པོའི་སྒོ་ནས་གྲུབ་སྟེ། སྐབས་གསར་པའི་སྲིད་གཞུང་གིས་མགོ་ལེགས་པོ་རྩོམ་ཐུབ་པ་བྱུང་།

ལོ་འདིའི་ནང་དུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་རླིང་ཡིན་ལ། བརྟན་རླིང་ངང་ཡར་རྒྱས་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར་2865མངོན་འགྱུར་བྱས་ཏེ། 7.2%འཕར་བ་དང། གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་7.3%འཕར། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་འཕར་ཐང་8.6%འཕར། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་6.7%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་10.8%འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་9.2%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་སོ་སོ་སྒོར་ཁྲི་3དང་སྒོར་ཁྲི་1ལས་བརྒལ་བ་དང། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་2.5%ལ་ཚོད་འཛིན་བྱས་ཡོད། “ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་འཆིང་གཤིས་དམིགས་ཚད་ཡོངས་རྫོགས་ཀྱི་སྔོན་དཔག་འགྲོས་རིམ་མངོན་འགྱུར་བྱས་ཤིང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཁེ་ཕན་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད།

ལོ་འདིའི་ནང་དུ། ང་ཚོས་དཀའ་ངལ་འཛེམས་མེད་ངང་ཡར་རྒྱས་བརྩོན་ལེན་བྱས་ཏེ། རྨང་གཞི་འདིང་བ་དང། ཞན་ཆ་གསབ་པ། ཕུགས་སུ་ཕན་པའི་དོན་དག་གལ་ཆེན་སྐོར་ཞིག་བསྒྲུབས་ཡོད་དེ།རྒྱལ་ཁབ་ཀྱི་ནགས་ཚལ་རྩྭ་ཐང་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོར་གྱུར་པའི་རང་བྱུང་སྲུང་སྐྱོང་ས་ཁོངས་ཀྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་བཏང་བ་དང། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་མགོ་བརྩམས། “རྨ་ཆུ་ཟི་ལིང་དུ་འདྲེན་པ”ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཙོ་གནད་ལས་གྲྭའི་གྲས་སུ་བཞག། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་པའི་འཆར་འགོད་ལ་ཆོག་མཆན་ཐོབ། “ལྗང་གློག་ཉིན9”ལ་བསྟུད་མར་བཏོན་པས་འཛམ་གླིང་གི་ཟིན་ཐོ་ཡང་བསྐྱར་གསར་དུ་བསྐྲུན། “མཚོ་སྔོན་གྱི་གློག་ཧའོ་ནན་དུ་འདྲེན་པའི”ཁྱད་མཐོ་གློག་གནོན་ཐད་རྒྱུག་ལས་གྲྭ་ལས་མགོ་བརྩམས་པ་དང། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་རིམ་དབྱེ་བརྟག་བཅོས། ཁྱིམ་ཚང་སྨན་པའི་ཆིངས་བཞག་ཞབས་ཕྱི་བཅས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སྐྱོད་ཀྱིན་ཡོད། དབུལ་ཕོངས་རྫོང་12ཀྱི་དབུལ་ཕོངས་ཞྭ་མོ་འཕུད་པ་དང་། དབུལ་ཕོངས་སྡེ་བ་526དབུལ་ཕོངས་མིང་ཐོ་ནས་འཐེན་པ་དང། དབུལ་ཕོངས་མི་འབོར་ཁྲི་17.6དབུལ་ཕོངས་ལས་སྒྲོལ་ཐུབ་པའི་རེ་བ་ཡོད་དེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སྐྱོད་ཀྱིན་པའི་སྒང་ཡིན།

ལོ་འདིའི་རིང་ལ། ང་ཚོས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་40རིང་གི་ཉམས་མྱོང་རྩ་ཆེན་དག་སྤྱི་བསྡོམས་གཏིང་ཟབ་བྱས་ཤིང། དུས་བསྟུན་མདུན་སྐྱོད་ཀྱིས་“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ལ་ངོས་ཟིན་ཟབ་མོ་བླངས་པ་དང། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་བྱེད་པ་ཡིན་ཞིང། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱ་དགོས་ཀྱི་ཚོར་སྣང་ཤུགས་དྲག་སྐྱེས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་འབད་པས་བསྐྱོད་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གནས་དང། སྤུས་ཀ་ལེགས་པའི་འཚོ་བའི་འདེགས་གནས་དང། མཚོ་སྔོན་སྙིང་སྟོབས་གསར་པ་ངོམ་པའི་ཤུགས་རྒྱག་གནས་སུ་འགྱུར་བར་བྱས་ཏེ། མཚོ་སྔོན་གྱི་ནམ་མཁའ་སྔར་བས་སྔོ་བ་དང་། རི་བོ་སྔར་བས་ལྗང་བ། ཆུ་བོ་སྔར་བས་དྭངས་པ། ཁོར་ཡུག་སྔར་བས་མཛེས་པ་ཞིག་ཏུ་སྒྱུར་གྱིན་ཡོད།

ལོ་གཅིག་གི་བྱ་བར་ཕྱིར་ལྟ་བྱས་ཚེ། གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན་པ་ངང་གིས་རྟོགས། ང་ཚོས་གཙོ་བོ་གཤམ་གསལ་གྱི་བྱ་བ་དག་བསྒྲུབས་པ་ཡིན་ཏེ། གཅིག་ནི་ཐབས་མང་མཉམ་སྤྱོད་བྱས་ཏེ། སྒུལ་ནུས་གསར་རྙིང་མགྱོགས་མྱུར་ངང་བརྗེ་སྒྱུར་བྱས།གསར་གཏོད་ལ་བརྟེན་ནས་སྐུལ་བས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང། གྲུབ་ཚུལ་ལེགས་སྒྱུར་དང་རིམ་སྤར་ལ་སྐུལ་འདེད་བྱས་ཏེ། པེ་ཡ་ཏིས་ལིས་སྒུལ་ཤུགས་གློག་སྨན་གྱི་ལས་སྐབས་དང་པོ་དང་མཚོ་སྔོན་ཟངས་ལས་ཀྱི་མོ་སྣེ་ཟངས་ཏུན་ཁྲི་10སོགས་གཙོ་གནད་ལས་གཞི་ལེགས་འགྲུབ་བྱུང་བ་དང། རྒྱལ་གློག་དངུལ་འཇོག་ཚོགས་པའི་རིགས་Nཅན་གྱི་གློག་སྨན་དང་ཏཱ་མའེ་སོལ་ལས་ཀྱི་མཇུག་རླུང་གིས་ཞཱི་ཐིང་བཟོ་བ་སོགས་གཙོ་གནད་ལས་གཞི་132ཀྱི་ལས་མགོ་གསར་འཛུགས་དང་བསྐྱར་འཛུགས་བྱས། གཙོ་གནད་ལས་རིགས་ནུས་ཕྱོད་ཀྱི་“སྔོན་སྐྱོད་པ”ཞེས་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་མགོ་བརྩམས། ཚྭ་མཚོའི་ཁིལ་འགྱུར་ལིས་རྫས་ཀྱི་ཚྭ་ཞུ་གློག་འབྱེད་ཐབས་ཀྱིས་ལྕགས་རིགས་ལིས་བཟོ་བའི་ཐོན་སྐྱེད་བརྒྱུད་རིམ་ལེགས་པར་སྦྲེལ་ཡོད། ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་ཆས་ཀྱི་ཤོང་ཚད་སྟོང་ཝ་ས་ཡ་12ལས་བརྒལ་ཞིང། དྭངས་གཙང་ནུས་ཁུངས་ཀྱིས་གློག་འདོན་ཚད་50.9%འཕར། གཏེར་ལེན་ཁའི་འོད་དྲོད་གློག་འདོན་ལས་གཞིས་རང་རྒྱལ་དུ་གཞི་ཁྱོན་ཆེན་པོའི་གཞོང་དབྱིབས་འོད་དྲོད་གློག་འདོན་ལག་རྩལ་མེད་པའི་སྟོང་ཆ་གསབ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གོམ་ཁ་བརྟན་པོའི་ངང་སྤེལ་བ་དང། ནོར་གནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས། སྤུས་ཀ་ལེགས་པའི་ཞིང་ལས་ཐོན་རྫས་དང། འཕང་འབྲས། ནོར་གནག། སན་ཝུན་ཉ་སོགས་ཀྱི་ཐོན་ལས་མཉམ་འབྲེལ་བཙུགས། ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམ་འཚོང་ཚོགས་འདུ་སྤེལ་ཞིང། སྲིད་འཛིན་སྡེ་བ་ཡོངས་ལ་ཆེད་ལས་མཉམ་ལས་ཁང་ཡོད་པ་མངོན་འགྱུར་བྱས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ཕབ་སྒྱུར་བྱས་ཕྱོད་56%ལ་སླེབས། ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་རྣམ་པ་རགས་རིམ་གྲུབ་ཡོད་པ་དང། ཡུལ་སྐོར་མི་གྲངས་དང་སྤྱིའི་ཡོང་འབབ་གཉིས་ཀ་20%ཡན་འཕར་བ་དང། ཡུལ་སྐོར་ལ་དོ་སྣང་བྱེད་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད། རྡོ་གཡམ་སོལ་རླུང་ཐོན་ཁུངས་སོགས་ཀྱི་གཙོ་གནད་དངོས་བཤེར་ཁང་3གསར་དུ་བཙུགས་པ་དང། ཚན་རྩལ་གྲུབ་འབྲས་518གསར་དུ་ཐོ་འགོད་བྱས། ཆེད་ཁེ་རེ་ཞུ་བྱས་ཕྱོད་43.7%འཕར་ཡོད། ཚན་རྩལ་ཅན་གྱི་ཁེ་ལས་ཀྱི་ཁ་གྲངས་ལྡབ་འགྱུར་གྱིས་འཕར་བའི་དམིགས་འབེན་དེ་ལོ་གཅིག་སྔ་བསྣུར་གྱིས་མངོན་འགྱུར་བྱས།

གཉིས་ནི་རྩ་ལག་མཉམ་བཅོས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྤྱི་ཁོག་ཇུས་གཞི་སྒྲིག་བཟོ་བྱས། ཀྲུང་གོ་ཚན་རིག་གླིང་དང་མཉམ་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་བཙུགས་པ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེད་དམིགས་འཆར་འགོད་5བཟོས་ནས་ལག་ལེན་དུ་བསྟར་བ་དང། “ཁྱིམ་ཚང་རེར་ལས་རྐང་རེའི”སྐྱེ་ཁམས་བདག་སྐྱོང་པ་ཡོད་པ་མངོན་འགྱུར་བྱས། རིམ་ལྔའི་ཆུ་དཔོན་མཚོ་དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང། སྐྱེ་ཁམས་ཐིག་དམར་དབྱེ་གཅོད་ཇུས་གཞི་ལ་རྒྱལ་ཁབ་ཀྱིས་ལག་རྩལ་ཞིབ་བཤེར་བྱས་ནས་ཆོག་མཆན་ཐོབ། རྫོང་རིམ་པའི་ས་ཞིང་བཀོལ་སྤྱོད་འཆར་འགོད་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་བྱ་བ་ཡོངས་སུ་གྲུབ་པ་དང། རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གཏེར་ལས་དབང་ཆ་ཡོད་ཚད་རྩིས་མེད་དུ་བཏང་ཞིང་། གཙོ་གནད་ཀྱི་སྐྱེ་ཁམས་ལས་གྲྭ་སྣ་ཚོགས་ཏན་ཏིག་གིས་སྤེལ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཆགས་ཚད་2002ལོ་ལས་ལྡབ་34འཕར་བ་དང། གཙོད་དང་དགོ་བའི་ཁ་གྲངས་སྲུང་སྐྱོང་བྱེད་མགོ་རྩོམ་དུས་ལས་ལྡབ་2ཡན་འཕར་བ་དང།རྐྱང་དང་གསའ་དང་ཤྭ་སྐྱ་སོགས་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་ཀྱི་ཁ་གྲངས་བསྐྱར་དུ་འཕར་བཞིན་ཡོད། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེན་པོའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་ཡུལ་དངོས་ཚོགས་འདུ་བསྡུས་ཤིང། ཙོང་ཆུའི་འབབ་ཡུལ་དུ་གཞི་ཁྱོན་ཅན་གྱི་ནགས་ཚལ་འཛུགས་པའི་ཚོད་ལྟ་བྱེད་མགོ་བརྩམས་ཏེ། ནགས་ཚལ་མུའུ་ཁྲི་406བསྐྲུན་པ་དང། ནགས་ཚལ་ཁེབས་ཕྱོད་7.26%ལ་སླེབས།

ཆུ་ངོས་དང་། བརླན་ས། ནགས་རྩྭ་བཅས་འདུས་པའི་སྔོ་ལྗང་བར་སྟོང་གིི་བསྡུར་ཚད་70%ལས་བརྒལ་ཡོད་པས། འབྱམས་ཀླས་པའི་མཐོ་སྒང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང། མི་རིགས་སོ་སོའི་མང་ཚོགས་ཀྱི་ལྗང་མདོག་ཐོབ་སྣང་མཐོར་འདེགས་མངོན་གསལ་བྱུང་ཡོད།

གསུམ་ནི་གནད་དུ་འཁེལ་བར་ཤུགས་བརྒྱབ་སྟེ། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་གྱི་མགོ་ལེགས་པོ་བརྩམས། དངུལ་རྩའི་ཉེན་ཁ་སྔོན་འགོག་གི་ལོ་གསུམ་འགུལ་སྐྱོད་འཆར་གཞི་བཟོས་ནས་ལག་ལེན་དུ་བསྟར་བ་དང། ཧུར་ཐག་གཟབ་ནན་གྱི་སྒོ་ནས་སྲིད་གཞུང་གི་མངོན་མིན་བུ་ལོན་ཉེན་ཁ་གཙང་སེལ་བྱས། མ་དངུལ་སྒོར་དུང་ཕྱུར་160ལྷག་མཐུན་སྦྱོར་དང་བསྡུ་རུབ་བྱས་ནས་གཙོ་གནད་ཁེ་ལས་ཀྱི་བུ་ལོན་འཇལ་སྤྲོད་ཉེན་ཁར་ཁ་གཏད་བཅལ་ཏེ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཚབས་ཆེན་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་། ཁྲོམ་ར་ཅན་གྱིས་བུ་ལོན་མ་རྐང་དུ་བསྒྱུར་བའི་ལས་སྒོ་ཐོག་མ་དངོས་སུ་ལག་བསྟར་བྱས་པ་དང། ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་དངུལ་རྩའི་བུ་ལོན་ཐོག་མ་བདེ་བླག་ངང་འགྲེམ་སྤེལ་བྱས་ཤིང་། ནུས་འདུས་ཐའེ་ལས་ཞེེས་པ་པང་གསུམ་གསར་པར”བཀྲམ་པ་དང། ཀུན་ཕན་དངུལ་རྩའི་ཚོད་ལྟའི་གནས་ལ་གོམ་ཁ་བརྟན་པོར་སྐུལ་འདེད་བྱས། གནད་དུ་འཁེལ་བར་དམིགས་པ་གཏད་ཅིང། ཧྲག་དམག་བསྡུས་ནས་གཡུལ་ལ་ཆས་ཏེ། རིགས་མི་འདྲ་བའི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་114དོན་ཐོག་ཏུ་འཁྱོལ་ཞིང། ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་“2+5+N”ཡི་འགག་གཏོར་སྲིད་ཇུས་མ་ལག་གཏན་ལ་ཕབ་ནས་ལག་ལེན་དུ་བསྟར། “ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་ཡུལ་སྤོར་སྤྱིའི་ལས་གྲྭའི་97%ལེགས་འགྲུབ་བྱས། འོད་ཝོལ་དབུལ་སྐྱོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཤིང།རོང་འབྲོག་པ་ཁྲི་12ཀྱིས་ཡུལ་སྐོར་ལ་བརྟེན་ནས་འཚོ་ཚིས་རག་ཐུབ་པ་བྱུང་སྟེ། ལོ་འཁོར་གྱི་དབུལ་སྒྲོལ་ལས་འགན་ཚད་ལས་བརྒལ་བར་ལེགས་འགྲུབ་བྱུང་། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གྱིས་བཏོན་པའི་གནད་དོན་ཡོ་བསྲང་ལ་མཐའ་གཅིག་ཏུ་དམ་འཛིན་བྱས་ཤིང། ཤར་རྒྱུད་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་བྱེད་པར་ཤུགས་སྣོན་བརྒྱབ་ཅིང། སོལ་ཐབ་ཆུང་བ་རླངས་ཏུན་789དོར། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་སྤུས་ལེགས་ཡིན་པའི་ཉིན་གྲངས་ཀྱི་སྡུར་ཚད་83.4%ལ་སླེབས་པ་དང། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་རིགས་ Ⅳ ཅན་གྱི་ཆུ་རྒྱུ་ཕྱོགས་ཡོངས་ནས་ཚད་ལོངས་པར་གྱུར། ནུས་སྲི་སྙིགས་འཕྲི་ཐད་ནས་ལོ་འཁོར་གྱི་དམིགས་འབེན་ལེགས་འགྲུབ་བྱུང་ཡོད་ལ། རླུང་ཁམས་ཆེན་མོ་དང་ཆུའི་ཁོར་ཡུག་གི་སྤུས་ཚད་གཉིས་ཀ་མཐོར་འདེགས་བྱུང་ཡོད།

བཞི་ནི་རྨང་གཞི་དང་རྩ་བ་བརྟན་བཟོ་བྱས་ཏེ། རྨང་གཞིའི་འཛུགས་སྐྲུན་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ། “ལས་གཞི་བྱུང་ལོའི”བྱེད་སྒོ་ལག་བསྟར་བགྱིས་ཤིང། “སྒོར་དུང་ཕྱུར་ཁྲི་ཅན་གྱི་ལས་གཞི་བརྒྱ་ཕྲག”ཅེས་པའི་ལས་གཞི་གལ་ཆེན་ཇུས་འགོད་དང་གྲབས་གསོག་བྱས་ཡོད།གཙོ་གནད་ལས་གཞི་མགྱོགས་པོར་འགག་གཏོར་བྱེད་པའི་འགུལ་སྐྱོད་སྤེལ་བ་དང། ཟི་ཁྲིན་ལྕགས་ལམ་གྱི་ལམ་ཐིག་ལེགས་སྒྲིག་དང་འཛུགས་སྐྲུན་ཚད་གཞིའི་སྦྲེལ་མཐུད་བྱ་བ་བདེ་བླག་ངང་གྲུབ། མདོ་ལའི་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་གཏོང་གི་ལས་གཉེར་བྱེད་ཀྱིན་ཡོད། གོར་ཏུན་ལྕགས་ལམ་དང།ཟི་ལིང་ནས་སྐུ་འབུམ་གྱི་མྱུར་སྐྱོད་གཞུང་ལམ་རྒྱས་སྐྲུན། རྟ་བོ་ནས་པདྨ་བར་གྱི་གཞུང་ལམ་སོགས་གཙོ་གནད་ལས་གཞི་སྐོར་ཞིག་ལེགས་འགྲུབ་བྱུང་སྟེ། རླངས་འཁོར་ཤར་སྐྱོད་བྱེད་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་8.2ལ་སླེབས་པ་དང། ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་2299ལ་སླེབས་ཤིང། ཞིང་སྡེའི་གཞུང་ལམ་སྤྱི་ལེ་6871དང་དམངས་ཕན་ཟམ་པ་204གསར་སྐྲུན་དང་རྒྱས་སྐྲུན་བྱས། ཟི་ལིང་གི་ཁྱུང་རི་མྱུར་ལམ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་ཏེ། “བགྲོད་བདེ་ཟི་ལིང”གི་ལོ་གསུམ་གྱི་འགག་གཏོར་འགུལ་སྐྱོད་འཆར་གཞི་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་། མཚོ་སྔོན་གྱི་གློག་ཤུགས་ཅང་སུའུ་དང་ཧུའུ་པེ་ལ་བསྐྱལ་བའི་སྒྲོམ་གཞིའི་གྲོས་ཆིངས་བཞག་པ་དང། སྟོང་ཝོལ་750ཅན་གྱི་མཚོ་ལྷོ་གློག་སྐྱེལ་གློག་སྒྱུར་ལས་གྲྭ་འཛུགས་སྐྲུན་བྱེད་མགོ་བརྩམས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང། མ་ཡུར་བྱང་མའི་ལས་སྐབས་གཉིས་པ་དང་ཞིས་ཅི་འགག། ན་རིང་ཆུ་བོའི་ཆུ་བེད་ལྟེ་གནས་སོགས་ཆུ་བེད་ལས་གྲྭ་གལ་ཆེན་དག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས། འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས། ཆུ་འདྲེན་ཁུལ་སྒྱུར་བཀོད། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་སོགས་དམངས་ཚོའི་སྐོར་གྱི་ཆུ་བེད་ལས་གྲྭ་རྒྱུན་མཐུད་ངང་སྐུལ་སྤེལ་བྱས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་300དང་མཛེས་པའི་མཁར་གྲོང་16ལེགས་འགྲུབ་བྱུང་བ་དང། “སྤྱོད་ཁང་གསར་བརྗེའི”ལོ་འཁོར་གྱི་ལས་འགན་ཚད་ལས་བརྒལ་བར་གྲུབ་སྟེ། དེང་གི་མཚོ་སྔོན་ལ། འཕེལ་རྒྱས་ཀྱི་རྨང་གཞི་ལ་སྔར་བས་འགན་སྲུང་ཡོད་པ་དང། ཕྱི་ཕྱོགས་སུ་སྐྱོད་སྟངས་ལ་རིགས་སྣ་མང་ཞིང། དངོས་པོ་ཉོ་བ་དང་དོག་དག་སྒྲུབ་ན་སྟབས་བདེ་ཞིང་ཕན་མཐོ་ཅན་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་ལ་སྔ་ན་མེད་པའི་མདུན་ལམ་རྒྱ་ཆེན་པོ་མངོན་ཡོད།

ལྔ་ནི་གསར་འཛུགས་དང་ངན་འདོར་བྱས་ཏེ། འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ།རྡོ་སོལ་ཐོན་ནུས་ཏུན་ཁྲི་69ཕྱིར་འཐེན་བྱས་པ་དང། ཁེ་ལས་ཀྱི་དཔྱ་ཁྲལ་དང་གླ་རིན་སྒོར་དུང་ཕྱུར་105.3རྩ་ཆག་ཏུ་བཏང། “ལམ་སེང་དུ་སྒྲུབ་པ་དང། དྲ་ཐོག་ནས་སྒྲུབ་པ། ཉེ་ས་རུ་སྒྲུབ་པ། ཐེངས་གཅིག་གིས་སྒྲུབ་པ”ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཤིང་། བཟོ་ཚོང་ཐོ་འགོད་ཐད་ནས་“དཔང་ཡིག་ཞེ་གཅིག་ཆིག་སྒྲིལ”བྱས། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་44དང། ཁེ་ལས་ཆུང་འབྲིང་1010གསར་དུ་འཕར་བ་དང། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་4.6%འཕར། ནོར་སྲིད་སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། ནོར་སྲིད་ཀྱི་གསོག་འབོར་མ་དངུལ་གཙང་སེལ་འགུལ་སྐྱོད་སྤེལ་བ་དང། རྒྱལ་ཁབ་དང་ས་གནས་ཀྱི་དཔྱ་ཁྲལ་སྡུད་གཉེར་སྒྲིག་སྲོལ་བཅོས་སྒྱུར་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བྱས། རྒྱལ་དབང་ཁེ་ལས་ཀྱི་“3+10”ཡི་བཅོས་སྒྱུར་ཚོད་ལྟའི་གནས་རྒྱ་བསྐྱེད་པ་དང། ཞིང་ཆེན་ཁེ་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་ནུས་ཇེ་མཐོར་གཏོང་བའི་བཅོས་སྒྱུར་དཀའ་གནད་སེལ་བའི་ལས་གྲྭ་ཏན་ཏིག་གིས་སྤེལ། རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་གནས་འོས་ཤིང་འཚམ་པར་སྤེལ་བ་དང། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་“སྟོང་ཆ་གསབ་པའི་ལས་གྲྭ”ཧུར་ཐག་གིས་སྤེལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གྱི་ཚོད་ལྟའི་གནས་དང། ཟི་ལིང་གྲོང་ཁྱེར་གྱི་“གཤམ་སྤྲོད་དོ་དམ་ཞབས་ཕྱི་གསུམ”གྱི་བཅོས་སྒྱུར། མཚོ་ཤར་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བཅས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་བརྡ་ཁྱབ་བསྒྲགས་པ་དང། མང་ཡེ་དང་ལིན་ཧུའུ་སྲིད་ཨུ་ཟླ་སྒྲིལ་བྱས་ཏེ་གྲོང་ཁྱེར་བཙུགས། རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་སྐྱེལ་གྱི་དུས་གཏན་མེ་འཁོར་ཐོག་མ་གཏོང་མགོ་ཚུགས་པ་དང་། ཧ་སག་སི་ཐན་གྱི་ཚོང་རྫས་འགྲེམ་ཚོགས་སུ་“མཚོ་སྔོན་ཚོང་རྫས་གྲགས་ཅན་མཚམས་སྦྱོར་བྱེད་སྒོ”དང་ཤང་ཀང་དུ་“མཚོ་སྔོན་ཟོང་འདུས་ཁྲོམ་ཆེན”སྤེལ་ནས། རང་གཉེར་ཐོན་རྫས་ཕྱིར་འདྲེན་བྱས་ཚད་21%འཕར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་ནམ་གྲོང་ཁྱེར་6དང། ཀོང་ཏུང་ཞིང་ཆེན། ཧྲེན་ཀྲེན་གྲོང་ཁྱེར་བཅས་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག། མཚོ་སྔོན་ཚོང་གཏམས་ཚོགས་འདུ་སྐབས་བཅུ་དགུ་བ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པ་བདེ་བླག་ངང་སྤེལ་བ་དང། ས་གདན་འགྲེམ་ཚོགས་སུ་ཞུགས་པའི་ཁེ་ལས་ཀྱི་གཞི་ཁྱོན་ལོ་ཀུན་གྱི་ཡང་རྩེར་སོན་ཞིང་། ཚོང་དང་མ་དངུལ་འདྲེན་འགུགས་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་750ལག་འབྱོར་བྱུང་།

དྲུག་ནི་མཐའ་ཚད་འགབ་སྐྱོར་དང་ཚད་གཞི་ཇེ་མཐོར་བཏང་ནས། དམངས་འཚོའི་བསོད་སྐལ་གོམ་ཁ་བརྟན་པོའི་ངང་གོང་དུ་སྤེལ། སྔར་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བགྱིས་ཏེ། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི་6.2འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་མི་ཐེངས་ཁྲི་113.9གནས་སྤོ་ལས་ཞུགས་བྱས། མཁར་གྲོང་གི་ཐོ་བཀོད་ལས་ཤོར་ཕྱོད་ནི་3%ལ་ཚོད་འཛིན་བྱས་ཡོད་པ་དང། སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཕྱོད་ནི་89.3%ལ་སླེབས། སློབ་གསོ་གོང་དུ་སྤེལ་བ་སྔོན་འགྲོ་བྱས་པས། འགན་བབས་སློབ་གསོའི་བརྟན་ཆགས་ཕྱོད་96.8%ལ་འཕར། སློབ་སྔོན་ལོ་གསུམ་གྱི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཕྱོད་དང་མཐོ་འབྲིང་དུས་སྐབས་ཀྱི་ན་འདྲེས་སློབ་ཞུགས་ཕྱོད་སོ་སོ་བརྒྱ་ཆའི་ཚེག་3.8དང་བརྒྱ་ཆའི་ཚེག་4འཕར་བ་དང། སློབ་ཤོར་ཚོད་འཛིན་དང་སློབ་འབོར་སྲུང་འཛིན་གྱི་བྱ་བ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སྐྱོད་ཀྱིན་ཡོད། པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་སློབ་ཆེན་མཉམ་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང། ཞིང་ཆེན་དང་སློབ་གྲྭས་མཚོ་སྔོན་དགེ་ཐོན་སློབ་ཆེན་མཉམ་སྐྱོང་བྱེད་པའི་མ་དཔེ་སྤེལ་མགོ་བརྩམས་པ་དང། མཚོ་སྔོན་མི་རིགས་སློབ་ཆེན་ལ་འབུམ་རམས་པའི་བསླབ་གནས་སྩོལ་བའི་དབང་ཆ་ཐོབ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཏེ། རྫོང་སུམ་ཆའི་གཉིས་ཡན་གྱི་རང་ས་གནས་སུ་ནད་བརྟག་སྨན་བཅོས་བྱེད་ཕྱོད་80%ཡན་ལ་སླེབས། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་དང་སློབ་གསོར་རྒྱབ་སྐྱོར་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས། དམངས་ཡོངས་སྨན་བཅོས་འགན་བཅོལ་དུ་ཞུགས་པའི་འཆར་གཞི་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་ཇེ་མཐོར་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།

མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་ཁང་པ་ཁྲི3.05སྒྱུར་བཀོད་བྱེད་མགོ་རྩོམ་པ་དང་། སྡོད་ཁང་རྙིང་བའི་གཞིས་ཁུལ་གྱི་ཁང་བ་ཁྲི2ལ་ཕྱོགས་བསྡུས་བཅོས་སྐྱོང་དང། རོང་འབྲོག་པའི་ཁྱིམ་ཚང་གི་ཁང་པ་ཉེན་རྙིང་ཅན་ཁྲི་6སྒྱུར་བཀོད་བྱས། ལོ་མགོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་དམངས་འཚོའི་དོན་དངོས་ལས་གྲྭ་མཐའ་དག་ཁ་དན་ཚིག་ལ་གནས་པར་བསྒྲུབས།ང་ཚོས་རིག་གནས་དང་ལུས་རྩལ་གྱི་ལས་དོན་ལ་མཐོང་ཆེན་ཚད་མཐོ་བྱས་ཏེ། རྒྱལ་སྤྱིའི་འཁྱགས་ལྟིར་རྩལ་མཁས་འགྲན་སྡུར་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བ་དང། རྣམ་གྲངས་12རྒྱལ་ཡོངས་ཀྱི་ལུས་རྩལ་ཐོན་ལས་རྣམ་གྲངས་གཅེས་བཏུས་ཀྱི་མིང་ཐོ་རུ་བདམས་ཡོད། ལུས་རྩལ་ར་བ་ཆེ་གྲས་རྣམས་རིན་མི་ལེན་པའམ་རིན་ཉུང་ལེན་གྱིས་སྒོ་ཕྱེས་པ་དང།ཅི་ཞོ་ཅིན་དང་ཆོས་དབྱངས་སྐྱིད་ཀྱིས་ཡ་གླིང་ལུས་རྩལ་འགྲན་ཚོགས་སྟེང་དུ་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་བླངས། གྲོང་ཁྱེར་གྲོང་གསེབ་ཀྱི་རིག་གནས་གཡུལ་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་པ་དང། རྒྱང་བསྒྲགས་གློག་བརྙན་བརྙན་འཕྲིན་གྱི་མ་ལག་འཛུགས་སྐྱོང་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ། མི་རིགས་ཀྱི་བྲོ་གར་《ཐང་ག》ཞེས་པ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་གློག་བརྙན་《ཐེན་མུའུ》ཞེས་པར་དགའ་བསུ་ཆེན་པོ་ཐོབ། བསྟན་འཛིན་ཉི་མ་དང་སྔོན་བཟའ་ཚེ་རིང་གཡང་དཀར་གཉིས་ལ་《ཀྲུང་གོའི་གྲེ་འགྱུར་སྙན་པོ》དང་《སྐར་འོད་ལམ་ཆེན》ཞེས་པ་ལས་ལོ་འཁོར་བྱ་དགའ་ཨང་དང་པོ་ཐོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། ཡུལ་ཤུལ་ཁུལ་དང་སྡེ་ཚན་12ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་གྱི་མཚན་སྙན་ཐོབ། ཟས་རིགས་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཐོན་སྐྱེད་བདེ་འཇགས་ཀྱི་གནས་ཚུལ་བརྟན་རླིང་ངང་བཟང་ཕྱོགས་སུ་འཕེལ། དུས་རབས་གསར་པའི་བཅོས་སྒྱུར་དམག་སྐྱེད་ལ་ནུས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱས་ཤིང། དམག་དམངས་འོ་ཆུ་བཞིན་འདྲེས་པར་མགྱོགས་མྱུར་ངང་སྐུལ་འདེད་དང། “ཡུལ་དམག+”ཀྱི་འཛུགས་སྐྲུན་མ་དཔེ་གསར་པར་མཉམ་དུ་སྐུལ་འདེད་བཏང་བ་དང། དམག་ཁོངས་ནས་ལོག་པའི་དམག་མིའི་ཞབས་ཕྱི་དང་དོ་དམ་མ་ལག་རགས་རིམ་བཙུགས། བསྡོམས་རྩིས་དང་རྩིས་བཤེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང། བུད་མེད་དང་བྱིས་པ། ན་རྒས་དགེ་རྩ། དབང་པོ་སྐྱོན་ཅན་གྱི་རོགས་སྐྱོབ་སོགས་ཀྱི་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་བཏང། གསར་འགྱུར་དཔེ་སྐྲུན་དང། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན། ཀང་ཨའོ་ཐའེ་བཅས་ཀྱི་བྱ་བ་སྔར་བས་འཕེལ་རྒྱས་སུ་བཏང། ས་ཡོམ་དང་གནམ་གཤིས། ལོ་རྒྱུས་དེབ་ཐེར།ཡིག་ཚགས་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་པ་བླངས་ཡོད།

ང་ཚོས་སྲིད་གཞུང་རང་སྟེང་གི་འཛུགས་སྐྱོང་ལ་དངོས་གནས་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིི་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་“ཕྱིར་ལྟ”བྱས་ནས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་ཞིང་རྔོ་ཐོགས་པ་ཁག་ཐེག་བྱས། ཞིང་ཆེན་སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་ཕལ་ཆེར་ལེགས་འགྲུབ་བྱུང་ཤིང། སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་སྡེབ་སྒྲིག་ལ་ལེགས་སྒྱུར་དང་མཐོར་འདེགས་བཏང་། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་དང་དེའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒོས་སྒྲིག་བཅོས་བྱས་པ་དང། བློ་ཞིབ་མོས་“བསྙེགས་ཏེ་འགྲོ་བ་བཞིའི”དོན་འཁྱོལ་མཐར་ཕྱིན་བྱེད་སྒོ་རྩ་འཛུགས་བྱས། སྲིད་གཞུང་གི་བྱ་བའི་སྒྲིག་སྲོལ་བཟོ་བཅོས་བྱས་ཏེ། ལག་ལེན་གཙིགས་ཆེ་བ་དང། འགན་འཁྲི་ཁུར་ཕོད་པ། བྱས་རྗེས་འཇོག་ནུས་པའི་ཁོར་ཡུག་ངང་ཚུལ་ལེགས་པོ་བསྐྲུན། སྲིད་འཛིན་གྱི་ཚད་ལྡན་ཡིག་ཆ་ཇེ་ཉུང་དུ་ཆེ་ཆེར་བཏང་ཞིང།གཞུང་གསུམ”གྲོན་དངུལ་རྒྱུན་མཐུད་ངང་གཅོག་འཕྲི་བྱས། ཇུས་ཆོད་གལ་ཆེན་མ་བཏོན་གོང་དུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལ་སྙན་ཞུ་འབུལ་བ་དང་ཞིང་ཆེན་སྲིད་གྲོས་ལ་གྲོས་མོལ་བྱེད་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱས། དམངས་འཐུས་ཚོགས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ་དང། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་རྟོགས་སྒོས་དང་ལེན་བྱས་པ་དང། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་གྲོས་འགོ་དང་གྲོས་གཞི་བསྒྲུབ་པར་ལྟ་སྐུལ་བྱས་ཏེ།དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཡོངས་རྫོགས་དུས་ལྟར་བསྒྲུབས་ཚར་ཡོད།

བྲག་རྡོ་ཐིགས་པས་བརྟོལ་བ་དེ། །དུས་ཡུན་ཐུང་ངུར་ག་ལ་འགྲུབ། །རི་བོ་མཐོ་ཞིང་བརྗིད་པ་ཡང།།ཉིན་ཞག་གཅིག་ཏུ་ཆགས་པ་མིན། །ན་ནིང་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་ཡིན། ལོ་ངོོ་40རིང་གི་འབད་བརྩོན་བྱས་རིམ་ལ་ཕྱིར་ལྟ་བྱས་ཚེ། ཞིང་ཆེན་ཡོངས་ཀྱི་ས་གནས་ཐོན་སྐྱེད་བསྡོམས་ཐང་ལྡབ་30.5འཕར་བ་དང། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ལྡབ་154འཕར།གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་ལྡབ་619འཕར། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་སོ་སོར་ལྡབ་158དང་ལྡབ་91འཕར་བ་དང། བཟོ་ལས་འཕར་ཐང་ལྡབ་56འཕར། མཁར་གྲོང་ཅན་དུ་བསྒྱུར་ཕྱོད་བརྒྱ་ཆའི་ཚེག་35.9འཕར་ཏེ། 54.5%ལ་སླེབས།དམངས་སྤྱོད་གནམ་གྲུ་ཐང་ནི་“གཙོ་གཅིག་ཕལ་དྲུག”གི་རྣམ་པར་གྲུབ་པ་དང། མཚོ་བོད་ལྕགས་ལམ་ལེགས་འགྲུབ་བྱུང་སྟེ་མེ་འཁོར་གཏོང་གིན་ཡོད་དེ། མཚོ་སྔོན་མྱུར་སྐྱོད་ལྕགས་ལམ་གྱི་དུས་རབས་སུ་ཞུགས། གྲོང་ཁྱེར་དང་ཁུལ་ཡོངས་སུ་མྱུར་སྐྱོད་གཞུང་ལམ་ཡོད་པ་དང། རྫོང་མཁར་ཀུན་ལ་རིམ་པ་གཉིས་པའི་གཞུང་ལམ་ལས་ཡོད། ཞིང་སྡེའི་གཞུང་ལམ་གྱི་སླེབས་ཐག་མཐོར་འདེགས་ཆེན་པོ་བྱུང།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་མགྱོགས་ཚད་ནི་ལོ་མང་པོར་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་ཞིང་། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རིམ་གྱིས་གྱོ་མོའི་ཁང་པར་བསྡད། འཐུང་ཆུ་གཙང་མ་འཐུང། འབྱོར་འབྲིང་གི་ལམ་དུ་ཞུགས། མཐོ་སྒང་གི་ཡུལ་གྲུ་ཆེན་པོར་གནམ་ས་བླ་འོག་བསྒྱུར་འདྲའི་འཕོ་འགྱུར་གཏོས་ཆེན་པོ་བྱུང་ཡོད། ལག་ལེན་ལས་ར་སྤྲོད་གསལ་བོ་བྱས་པ་ནི། བཅོས་སྒྱུར་སྒོ་འབྱེད་ནི་གོམ་ཞེང་ཆེན་པོས་དུས་རབས་ཀྱི་འགྲོས་སྙེག་པའི་ཐབས་མཆོག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ངེས་བརྒྱུད་ལམ་བུ་དང། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཕན་ནུས་ལྡན་པར་ཐག་གཅོད་པའི་འགག་རྩའི་ཐབས་ཤེས་ཡིན། ང་ཚོས་ངེས་པར་དུ་ཡང་བསྐྱར་གྲ་སྒྲིག་གང་ལེགས་ཀྱིས་ལམ་ལ་ཆས་ཏེ།དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།

འཐུས་མི་རྣམ་པ། ཆོས་ཉིད་དང་བསྟུན་པའི་འཕེལ་རྒྱས་ནི་ད་གཟོད་ཆེས་ལེགས་པའི་འཕེལ་རྒྱས་ཡིན། དུས་ཡུན་རིང་བོ་ནས་བཟུང། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛིན་སྐྱོང་ཅི་ནུས་བགྱིས་ཤིང། རང་བྱུང་ཆོས་ཉིད་ལ་འཚམ་པའི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་དང། དཔལ་འབྱོར་ཆོས་ཉིད་ལ་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་ཆོས་ཉིད་ལ་འཚམ་པའི་འཆམ་མཐུན་དྲང་བདེན་གྱི་འཕེལ་རྒྱས་བཅས་ཀྱི་ལམ་བུ་ལྷོད་གཡེང་མེད་པར་འཚོལ་ཞིབ་བྱས་པ་དང། གནས་བབ་དང་བསྟུན་ནས་འགུལ་ཞིང། འཕེལ་ཕྱོགས་དང་བསྟུན་ནས་བསྒྲུབས་ཏེ། སྐྱེ་ཁམས་སྔོན་འགྲོ་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་པ་དང། ལྗང་མདོག་ཐོན་ལས་ཤུགས་ཆེན་པོས་སྤེལ་ནས།ལྗང་མདོག་ནུས་ཁུངས་དང་ལྗང་མདོག་ཐོན་ལས། ལྗང་མདོག་མཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་བཅས་སྒྲོམ་གཞི་བྱས་པའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཕལ་ཆེར་གྲུབ་ཡོད་ལ། དཔལ་འབྱོར་འཕར་སྣོན་འབྱུང་བར་རྒྱུ་རྐྱེན་གཙོ་བོས་སྐུལ་བ་ནས་རྒྱུ་རྐྱེན་གཙོ་བོ་དང་ནུས་ཕྱོད་མཉམ་འབྲེལ་གྱིས་སྐུལ་བ་དང། རྒྱུ་རྐྱེན་གཙོ་བོ་དང་གསར་གཏོད་ཀྱིས་མཉམ་སྡེབ་ངང་ཤུགས་འདོན་པར་བསྒྱུར་བ་ཐོག་མའི་ཆ་ནས་མངོན་འགྱུར་བྱུང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་དང་། དེ་ལ་བརྟེན་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་མགོ་རྩོམ་པར་དངོས་པོའི་རྨང་གཞི་བཏིངས་ཤིང། ལྗང་མདོག་གི་སྙིང་བོ་བསྩལ་ཡོད། ང་ཚོས་ལོ་རྒྱུས་ཀྱི་བཟོད་སེམས་དང་འཐབ་ཇུས་ཀྱི་གཏན་ཤུགས་སྲུང་འཛིན་བྱས་ཤིང། དམ་བཅའ་འགྱུར་མེད་ཀྱིས་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལག་ལེན་དུ་བསྟར་བ་དང། སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་མཉམ་ཟོན་མཉམ་སྐྱོང་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ་དང། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་མུ་མཐུད་དུ་སྐུལ་འདེད་བྱས་ཤིང། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཀྱི་གདང་རིམ་ཡར་བསྟད་ནས། སྤོབས་པ་ཆེར་བསྐྱེད་ཀྱི་སྒོ་ནས་“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་མཁན་བྱ་རྒྱུ་ཡིན།

འཐུས་མི་རྣམ་པ། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཞུམ་མེད་མགོ་ཁྲིད་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་དམིགས་བསལ་གནང་བ་ལས་ཐོབ་པ་དང།ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་ངང་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་བློ་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འཐབ་བྱས་ཏེ་ཐོབ་པ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་ལྟའི་སྐུལ་གནང་བ་ལས་ཐོབ་པ་དང། རྒྱལ་ཁབ་ཀྱི་པུའུ་ཨུ་དང་མཚོ་སྔོན་རོགས་སྐྱོར་ཞིིང་ཆེན་ནམ་གྲོང་ཁྱེར། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་བཅས་ནས་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བ་ལས་ཐོབ་པ་དང། བསོད་ནམས་དར་རྒྱས་དང་སྐལ་བཟང་སོགས་དུས་རབས་ཀྱི་དཔེ་བཟང་སྐོར་ཞིག་གི་སྙིང་སྟོབས་རྒྱུན་འཛིན་བྱས་པ་ལས་ཐོབ་པ་ཡིན། འདི་ནས། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་དང། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་སྡེ་ཚན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། དེ་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་པུའུ་ཨུ་དང།སྤུན་ཟླ་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར། ཀང་ཨོ་ཐེའི་སྤུན་ཟླ། ཕྱི་སྡོད་རང་མི་སྤུན་ཟླ།རྒྱལ་སྤྱིའི་མཛའ་གྲོགས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།དེ་དང་ཆབས་ཅིག་ཏུ། ང་ཚོས་གསལ་བོར་རྟོགས་པ་ནི། རང་ཞིང་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་སྐབས་ཀྱི་རིམ་པ་ཅུང་དམའ་སར་གནས་ཡོད་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱེད་པར་ད་དུང་དཀའ་གནད་དང་ཉམས་སད་མི་ཉུང་བ་ཞིག་མདུན་དུ་ལྷགས་ཡོད། གཅིག་ནི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་གྱུར་པ་དང། གྲུབ་ཚུལ་སྙོམས་སྒྲིག་གི་ན་ཟུག་འབུར་དུ་ཐོན་ཡོད་ལ། ཁེ་ལས་ཁ་ཤས་ཀྱི་མ་དངུལ་འཇོག་པའི་གདེང་ཚོད་དང་སྒུལ་ཤུགས་མི་འདང་ཞིང། དངོས་གཞིའི་དཔལ་འབྱོར་ཐད་ནས་དཀའ་ངལ་ཅུང་མང་པོར་འཕྲད་ཡོད། གཉིས་ནི་དུས་ཡུན་རིང་པོར་བསགས་པའི་ཉེན་ཁ་དང་རྐྱེན་ངན་ཕྱིར་མངོན་གྱིན་ཡོད་ལ།ཕྱི་རོལ་ནས་ནང་དུ་སྐྱེལ་བའི་ཉེན་ཁ་ཆེ་རུ་ཕྱིན་ཅིིང། ཉེན་ཁ་སྣ་ཚོགས་འགོག་སེལ་གྱི་ལས་འགན་ཤིན་ཏུ་ལྕི། གསུམ་ནི་ཁོར་ཡུག་སྦགས་བཙོག་ཐད་ཀྱི་གནད་དོན་གསར་རྙིང་མཉམ་དུ་གནས་ཡོད་ལ། སྐྱེ་ཁམས་ཀྱི་རིན་ཐང་དང་སྦས་ཤུགས་ད་དུང་སྔོག་འདོན་གང་ལེགས་བྱས་ཐུབ་མེད་པ་དང། ཆུ་ཚད་སྔར་བས་མཐོ་ཞིང་ཚད་གཞི་སྔར་བས་ཞིབ་པའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་འགན་ལྕི་ཞིང་ལམ་ཐག་རིང། བཞི་ནི་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པའི་ལམ་བུ་དོག་ལ། གྲངས་འབོར་དང་སྤུས་ཀ་གཉིས་ཀ་ཚད་ཡོད་ཡིན་པས། དབུལ་སྒྲོལ་འགག་གཏོར་ལ་ད་དུང་ཤུགས་སྣོན་བརྒྱག་དགོས་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་བའི་ཆུ་ཚད་ད་དུང་ཇེ་མཐོར་གཏང་དགོས། ལྔ་ནི་ལས་བྱེད་པས་ལས་ཀ་མི་བསྒྲུབ་པ་དང་འགན་འཁྲི་མི་འཁུར་བའི་གནད་དོན་ད་དུང་གནས་ཡོད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མངོན་སྟངས་གསར་པ་ཆགས་ཡོད་པ་དང། འཐབ་རྩོད་ཀྱི་སྙིང་སྟོབས་ད་དུང་མུ་མཐུད་དུ་སྲེག་བཅད་བརྡར་གསུམ་བྱ་དགོས། ཁྱབ་ཁོངས་ཁ་ཤས་སུ་ཚུལ་མིན་སྤྱོད་པ་དང་རུལ་སུངས་སྣང་ཚུལ་སྔར་བཞིན་སྐབས་རེར་འབྱུང་གིན་ཡོད།

གནད་དོན་ནི་དུས་རབས་ཀྱི་འབོད་སྒྲ་ཡིན་ལ། འཕེལ་རྒྱས་ནི་དུས་རབས་ཀྱི་བླང་བྱ་ཡིན། ང་ཚོས་ངེས་པར་དུ་“བརྟན་སྲུང། སྟོབས་སྐྱེད། མཐོར་འདེགས། ཤར་སྐྱོད།”ཅེས་པའི་ཡིག་བརྒྱད་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། གཏོར་འཛུགས་འབེབས་གསུམ་སྦྲགས་མར་སྤྱོད་པར་གཙིགས་འཛིན་བྱས་ཏེ། ཚོང་གཉེར་མ་གནས་སྣ་ཚོགས་ཅི་ཐུབ་ཀྱིས་ཇེ་དམའ་དང། ཁེ་ལས་ཀྱི་ཁུར་བོ་ནུས་ལྡན་སྒོས་ཇེ་ཡང་དུ་གཏང་དགོས་ཤིང། ཁྱབ་ཁོངས་སོ་སོའི་ཞན་ཆ་གསབ་སྐོང་བྱེད་པར་ཤུགས་སྣོན་བརྒྱབ་ནས། “གསུམ་འདོར་གཅིག་གཅོག་གཅིག་གསབ”ཀྱི་འབྲས་བུ་བརྟན་སྲུང་བྱ་དགོས། འདྲ་མཉམ་དང་སྒོ་འབྱེད་དང་མངོན་གསལ་ཡིན་པའི་ཁྲོམ་རའི་སྒྲིག་སྲོལ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་པར་གཙིགས་འཛིན་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ག་བཀག་རྒྱ་སྣ་ཚོགས་གཏོར་བ་དང། ཕྲ་མཐོང་གཙོ་གཞིའི་སྐྱེ་སྟོབས་ཇེ་དྲག་ཏུ་གཏང་དགོས། ལག་རྩལ་གསར་གཏོད་དང་གཞི་ཁྱོན་ནུས་སྣང་བེད་སྤྱོད་པར་གཙིགས་འཛིན་བྱས་ཏེ། ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང། ཐོན་ལས་ཁྱུ་ཚོགས་གསར་པ་གསོ་སྐྱོང་དང་གོང་སྤེལ་གཏང་དགོས་ཤིང། ཐོན་ལས་སྦྲེལ་རྡང་གི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏང་དགོས།ས་ཁོངས་མཉམ་འབྲེལ་མཉམ་མཐུད་ལ་གཙིགས་འཛིན་བྱས་ཏེ། ཐོན་སྐྱེད་དང་འཁོར་རྒྱུག། བགོ་བཤའ། འཛད་སྤྱོད་བཅས་གེགས་མེད་ཡིན་པ་དང། དངུལ་རྩའི་མ་ལག་གིས་དངོས་གཞིའི་དཔལ་

འབྱོར་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང། ཁྲོམ་ར་དང་ཁེ་ལས། ཐོན་ལས་དང་ལས་ཞུགས། དངུལ་རྩ་དང་དངོས་གཞིའི་དཔལ་འབྱོར་བཅས་བཟང་གཤིས་སུ་འཁོར་སྐྱོད་ཐུབ་པ་བྱ་དགོས། “ཡིག་བརྒྱད་བྱེད་ཕྱོགས”ནི་སྤྱི་ལ་དོ་དམ་བྱེད་པའི་བླང་བྱ་ཡིན་ལ། བདེ་བར་སྐྱོད་ཅིང་ཡུན་དུ་ཕན་པའི་ཐབས་མཆོག་ཀྱང་ཡིན། ང་ཚོས་ལག་ལེན་གྱི་ཁྲོད་ནས་“ཡིག་བརྒྱད་བྱེད་ཕྱོགས”ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང། འཕེལ་རྒྱས་ཀྱི་ཁྲོད་ནས་“ཡིག་བརྒྱད་བྱེད་ཕྱོགས”ཀྱི་ནང་གནས་གཏན་ཚིགས་ཡང་དག་པར་ཁོང་དུ་ཆུད་པ་དགོས་ལ། ཆད་ལྷག་སྤུ་ཙམ་མེད་པར་ཡུལ་བབ་དང་བསྟུན་ནས་“ཡིག་བརྒྱད་བྱེད་ཕྱོགས”ལག་ལེན་དུ་བསྟར་ནས། ཉེན་ཁ་དང་འགྲན་སློང་མཐའ་དག་མདུན་ནས་བསུ་ཞིང། དཀའ་སྤྱད་འབད་འབུངས་དང་ཧུར་བརྩོན་གསར་གཏོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཆོང་སྐྱོད་གསར་པ་ཐོབ་པར་སྐུལ་འདེད་བྱེད་ཐུབ།

གཉིས། 2019ལོའི་བྱ་བ་གཙོ་བོ།

ད་ལོའི་སྲིད་གཞུང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་བཀོད་སྒྲིག་ལྟར། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་བྱེད་ཅིང་། བརྟན་རླིང་ངང་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང། འཕེལ་རྒྱས་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས། ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བཅས་བྱེད་ཅིང། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་དང། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཅི་ཐུབ་བྱས་ཏེ།

འཕར་སྣོན་བརྟན་སྲུང་དང། བཅོས་སྒྱུར་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག། དམངས་འཚོར་གཟིགས་སྐྱོང། ཉེན་ཁ་སྔོན་འགོག། བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་ཞིང། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ། ཕྱི་འཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། དངུལ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ་དང། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་དང། བཅོས་སྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་ཡོང་བར་སྐུལ་འདེད། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་མཇུག་བསྡུ་བར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་ཡིན།

ད་ལོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོའི་ཐད་བཏོན་པའི་གྲོས་གཞི་ནི། ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང་6.5%ནས་7%འཕར་བ་དང།གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་7%ཡས་མས་འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་ཚོང་བསྡོམས་འབོར་8%ཡས་མས་འཕར་བ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་དང་ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང་འགྲོས་མཉམ་གྱིས་འཕར་བ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་རྒྱུན་མཐུད་ངང་དཔལ་འབྱོར་འཕར་ཚད་ལས་མགྱོགས་ཤིང། 8%ལ་སླེབ་པར་བརྩོན་པ། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི་6གསར་དུ་འཕར་བ། རོང་

འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་105ཡུལ་སྤོར་ལས་ཞུགས་བྱེད་པ། མཁར་གྲོང་གི་ཐོ་བཀོད་ལས་ཤོར་ཕྱོད་3.5%ནང་ཚུན་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་80%ཡན་དུ་སྲུང་འཛིན་བྱེད་པ། ཆུའི་སྐྱེ་ཁམས་ཉམས་གསོ་དང་ཆུའི་ཁོར་ཡུག་སྲུང་སྐྱོང། ཆུའི་ཐོན་ཁུངས་དོ་དམ་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་སུ་ཆུ་རྒྱུ་རིགས་ Ⅳ ཅན་སྲུང་འཛིན་བྱེད་པ། ནུས་སྲི་ཐཱན་འཕྲི་དང་སྦགས་དངོས་གཙོ་བོ་ཉུང་འདོར་གྱི་དམིགས་ཚད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་གྱི་ནང་ཚུན་དུ་ཚོད་འཛིན་བྱེད་པ་བཅས་ཡིན། གོང་དུ་བརྗོད་པའི་དམིགས་ཚད་ནང་དུ་སྲུང་འཛིན་བྱ་རྒྱུ་དང་བརྟན་རླིང་ཡོང་རྒྱུ་དང་མཐོར་འདེགས་གཏང་རྒྱུ་ཚང་མ་ཡོད་དེ། འཕྲལ་ཕུགས་གཉིས་ཀྱི་དགོས་མཁོ་དང་སྦས་ཤུགས་ལ་བསམ་བློ་བཏང་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་རྟིང་མ་ལེན་པའི་བླང་བྱ་དང་འཚམ་ཞིང། སྐྱེ་ཁམས་སྲུང་སྐྱོང་དང་སྒྲིག་གཞི་ལེགས་སྒྲིག། དམངས་འཚོ་འཛུགས་སྐྱོང་བཅས་ལའང་བར་སྟོང་བཞག་ཡོད།ད་ལོའི་སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ང་ཚོས་གཤམ་གསལ་གྱི་གནད་འགའ་ཁོང་དུ་ཆུད་པར་བྱ་དགོས། གཅིག་ནི་དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་བྱ་དགོས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་ཕྱོགས་ཡོངས་ནས་བེད་སྤྱོད་ལེགས་པོ་བྱེད་པ་དང།“ངེས་པར་ལྔ”ཡི་ཆོས་ཉིད་རང་བཞིན་གྱི་གོ་རྟོགས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང།བྱ་བར་སྔ་འདང་རྒྱག་པ་དང་སྔོན་དཔོག་ཐུབ་པ་དང་རང་འགུལ་གྱིས་སྒྲུབ་པའི་རང་བཞིན་ཇེ་དྲག་ཏུ་གཏང་དགོས། གཉིས་ནི་བརྟན་རླིང་ཡོང་བའི་བླང་བྱ་ཁོང་དུ་ཆུད་པར་བྱ་དགོས་ཏེ། མཐའ་ཚད་སྲུང་བའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང། གཅིག་གྱུར་གྱིས་མཐུན་སྦྱོར་དང། རིགས་དགར་ནས་བྱེད་ཐབས་སྤྱད་དེ། དཔལ་འབྱོར་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་ཚབས་ཆེན་ལ་ཁ་གཏད་འོས་འཚམ་འཇལ་དགོས་ཤིང། ལས་ཞུགས་སྲུང་བ་དང་ཁེ་ལས་སྲུང་བ། ཁོར་ཡུག་སྲུང་བ། དམངས་འཚོ་སྲུང་བ་བཅས་གཙོར་བཟུང་ནས་ལེགས་པོར་བསྒྲུབས་ཏེ། དཔལ་འབྱོར་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་རྒྱུག་ཐུབ་པ་ཁག་ཐེག་བྱ་དགོས། གསུམ་ནི་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་ཏེ། སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་ནི་འགག་གཏོར་ས་དང། ཐོན་ཁུངས་ནུས་སྲི་ཞིབ་བསྡུས་དང་འཁོར་སྐྱོད་སྒོས་བཀོལ་སྤྱོད་བྱ་རྒྱུ་ནི་འཇུག་པའི་སྒོ་དང། དེང་རབས་དཔལ་ཡོན་གྱི་བླང་བྱར་འཚམ་པའི་ཐོན་སྐྱེད་བྱེད་སྟངས་དང་སྐྱེ་ཁམས་རིག་གནས། འཚོ་བའི་གོམས་གཤིས་བཅས་ཆགས་སུ་འཇུག་རྒྱུ་ནི་ཤུགས་རྒྱག་ས་བཅས་བྱས་ནས། ཐོན་ལས་གྲུབ་ཚུལ་དང་བར་སྟོང་གྲུབ་ཚུལ།ནུས་ཁུངས་གྲུབ་ཚུལ། འཛད་སྤྱོད་གྲུབ་ཚུལ་བཅས་ཀྱི་རིགས་སྒྱུར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱ་དགོས། བཞི་ནི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས་ཏེ། བཅོས་སྒྱུར་གྱི་ཐབས་ཤེས་དང་ཁྲིམས་སྐྱོང་གི་རྣམ་པར་བརྟེན་ནས། ཀུན་གསལ་དང་ནུས་མཐོ་ཡིན་པའི་སྲིད་དོན་ཁོར་ཡུག་དང། སྒོ་འབྱེད་དང་སྟབས་བདེ་ཡིན་པའི་དངུལ་གཏོང་ཁོར་ཡུག། སྐྱེ་སྟོབས་རབ་ཏུ་རྒྱས་པའི་ལས་གཏོད་ཁོར་ཡུག། དྲང་སྙོམས་དྲང་གཞག་ཡིན་པའི་ཁྲིམས་སྐྱོང་ཁོར་ཡུག་བཅས་ཤུགས་ཆེན་པོས་བསྐྲུན་ཏེ། མཚོ་སྔོན་དུ་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བའི་བློ་འགུགས་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏང་དགོས། ལྔ་ནི་མི་དམངས་ཀྱི་ཁེ་ཕན་བླ་ནས་བཀུར་དགོས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་ཅིང། ངེད་ཅག་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གཏོང་བ་དང། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་པའི་གནད་དོན་འབུར་ཐོན་ཅན་དོན་དམ་པར་ཐག་བཅད་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱེད་པའི་སྡོམ་ཤུགས་སྟོབས་ལྡན་ཆིག་སྒྲིལ་བྱ་དགོས། དྲུག་ནི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་རྒྱ་བསྐྱེད་བྱེད་ཅིང། འཐབ་རྩོད་བྱེད་སྤོབས་པ་དང་འཐབ་རྩོད་བྱེད་མཁས་པའི་སྒོ་ནས། ཉེན་ཁའི་ཁྲོད་ནས་གོ་སྐབས་འཚོལ་བ་དང། གོ་སྐབས་རྩོད་ལེན་གྱི་ཁྲོད་ནས་དུས་བསྟུན་ཡར་བརྩོན་བྱེད་པ་དང། དཀའ་གནད་འགག་གཏོར་གྱི་ཁྲོད་ནས་ཕུགས་འདུན་བསྙེགས་སྐྱོད་བྱས་ཏེ། གཏན་ཁེལ་གྱི་དམིགས་འབེན་དག་དགའ་བ་འཕེལ་བའི་མངོན་སུམ་དུ་བསྒྱུར་དགོས།ད་ལོར་གཤམ་གསལ་གྱི་ཕྱོགས་དགུའི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་པོར་བསྒྲུབ་དགོས།(གཅིག) སྟོབས་ཤུགས་ཡོད་དགུས་“འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལེགས་པོར་བཤམ་དགོས། འགལ་བ་གཙོ་བོར་དམིགས་པ་གཏད་ཅིང། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང། གནད་དུ་ཁེལ་བར་སྲིད་ཇུས་བསྟར་ཏེ་ཕན་འབྲས་དངོས་ཐོན་ཡོང་བར་བརྩོན་དགོས།

ཉེན་ཁ་ཆེན་པོ་འགོག་སེལ་བྱ་དགོས། ཀྲུང་དབྱང་གི་དགོངས་དོན་ལ་གོ་རྟོགས་ཟབ་མོ་ལེན་པ་དང། ཐོག་མཐའ་བར་གསུམ་དུ་ཉེན་ཟོན་ཚད་མཐོ་བྱེད་ཅིང། སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་ཞིང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡིན་པ་ཁག་ཐེག་བྱ་དགོས་ཤིང། ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པའི་འགྲོས་རིམ་དང་བྱ་བའི་ཁྱོན་ཡོངས་ལ་ཉེན་ཁ་ཚབས་ཆེན་གྱི་བར་ཆད་ཐེབས་སུ་འཇུག་མི་རུང། རྒྱལ་དབང་ཁེ་ལས་ཀྱི་འཇའ་ཤིང་འདོར་བ་འབུར་ཐོན་སྒོས་ལེགས་པོར་སྒྲུབ་པ་དང་། ཁེ་ལས་ཀྱི་རྒྱུ་ནོར་སྡེབ་སྒྲིག་ལེགས་སྒྱུར་དང། ཐད་ཀར་མ་དངུལ་བསྡུ་རུབ་དང་ལྷག་པར་དུ་རྐང་དབང་གི་མ་དངུལ་བསྡུ་རུབ་ཀྱི་བསྡུར་ཚད་ཇེ་མཐོར་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་ནས་བུ་ལོན་མ་རྐང་དུ་བསྒྱུར་བར་སྐུལ་འདེད་བྱ་དགོས། ས་གནས་དངུལ་རྩའི་ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང། ངན་འགྱུར་རྒྱུ་ནོར་ལ་བསྟུད་མར་མགོ་གནོན་བྱེད་ཅིང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ཡིད་རྟོན་ཤོར་བའི་གནད་དོན་ལ་ཆེད་མིགས་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང། ཁྲིམས་མིན་གྱི་མ་དངུལ་བསྡུ་རུབ་ཉེན་ཁ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།“གཡོ་བ་མེད་པ་དང། ཚོད་འཛིན་རུང་བ། གོ་རིམ་ལྡན་པ། འོས་ཤིང་འཚམ་པ”བཅས་ཀྱི་བླང་བྱ་ལྟར། སྲིད་གཞུང་གི་བུ་ལོན་གཞི་ཁྱོན་གྱི་སྔོན་རྩིས་དང་བཅད་གྲངས་ལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ།བུ་ལོན་ལེན་པའི་ཐབས་ལམ་དང་མ་དངུལ་གྱི་སྤྱོད་སྒོ་ཚད་བཅད་ནན་ཏན་བྱེད་པ་དང། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་རིགས་དབྱེ་ནས་ཐག་གཅོད་གཟབ་ནན་བྱ་དགོས། ས་ཁང་བདག་དབང་སྙོམས་སྒྲིག་བྱེད་པའི་དུས་དང་ཚད་དང་ཕན་ཕྱོད་བཅས་ལ་ཚོད་འཛིན་ལེགས་པོ་བྱས་ཏེ། ཁང་པའི་རིན་གོང་ལ་འཕར་ཆག་ཆེན་པོ་འབྱུང་བ་སྔོན་འགོག་བྱ་དགོས།ལྟོས་མེད་དབུལ་ཕོངས་ཀྱི་མི་འབོར་གཙང་སེལ་བྱ་དགོས། ཀྲུང་དབྱང་གི་དབུལ་སྒྲོལ་འགག་གཏོར་ཆེད་དམིགས་སྐོར་ཞིབ་ལས་མཐོང་བའི་གནད་དོན་དག་ཐེར་ནན་ཏན་བྱ་དགོས། དམིགས་འབེན་དང་ཚད་གཞི་སྲུང་འཛིན་དང། གནད་ཁེལ་གྱི་ཐབས་ཇུས་ལག་བསྟར་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང། ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནད་ཁེལ་དབུལ་སྐྱོར་སྤེལ་བའི་གེགས་རྒྱར་གྱུར་པའི་གནད་དོན་གཙོ་བོ་དང་དཀའ་མོ་དག་ལ་གཟས་ནས། “སྐོར་ཁག་བརྒྱད”དང་“ཆེད་དམིགས་བཅུ”ཡི་ཐད་དུ་རྒྱུན་མཐུད་ངང་ཤུགས་བརྒྱག་དགོས། ཐོན་ལས་ཆེན་པོ་ལྔའི་དབུལ་སྐྱོར་འཆར་གཞི་སྐུལ་སྤེལ་ཅི་ནུས་བགྱིད་པ་དང། ལས་རིགས་ཀྱི་དབུལ་སྐྱོར་དང་དབུལ་ཕོངས་སྡེ་བ་གོང་སྤེལ་གྱི་ལས་གྲྭར་གཅིག་གྱུར་གྱིས་སྐུལ་འདེད་དང། དབུལ་སྒྲོལ་འགག་གཏོར་ཁྲོད་ཀྱི་སྤྱི་ཚོགས་རོགས་སྐྱོར་གྱི་མཐའ་ཚད་འགན་སྲུང་ནུས་པ་འདོན་སྤེལ་བྱེད་ཅིང་། ཡུལ་གཞན་གནས་སྤོར་གྱི་མཇུག་བསྡུ་བའི་བྱ་བ་ལེགས་འགྲུབ་བྱས་ཏེ། ལྷག་ལུས་ཀྱི་དབུལ་ཕོངས་རྫོང་17གྱི་དབུལ་ཕོངས་ཞྭ་མོ་འཕུད་པ་དང་། དབུལ་ཕོངས་སྡེ་བ་170དབུལ་ཕོངས་མིང་ཐོ་ནས་འཐེན་པ་དང། དབུལ་ཕོངས་མི་འབོར་ཁྲི་7.7སྟོང་དབུལ་ཕོངས་ལས་སྒྲོལ་དགོས།ལོ་བཞིའི་རིང་གཅིག་བསྡུས་སྒོས་འགག་གཏོར་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ཁས་བླངས་པ་ཐམས་ཅད་དུས་ལྟར་དོན་ལ་གནས་པ་བྱ་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་སྐྱོར་གྱི་“མར་ལོ”རྐུ་མཁན་དག་ལ་གུ་ཡངས་གཏན་ནས་མི་གཏོང། གྲོང་གསེབ་དར་སྤེལ་དང་དབུལ་སྒྲོལ་འགག་གཏོར་གཉིས་ཕན་ལྡན་སྒོས་མཐུད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མུ་མཐའ་རུ་གནས་པའི་མི་ཚོགས་ཀྱི་ལྟོས་བཅས་དབུལ་ཕོངས་གནད་དོན་ལ་རྒྱུན་མཐུད་ངང་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་དགོས།སྦགས་བཙོག་འགོག་བཅོས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙིགས་འཛིན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ལས་མཐོང་བའི་གནད་དོན་དག་ཐེར་བྱས་པར་མགྱོགས་མྱུར་ངང་སྐུལ་འདེད་དང། ཞིང་ཆེན་རིམ་པའི་ཁོར་སྲུང་ལྟ་སྐུལ་ལམ་ལུགས་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ནས། གནད་དོན་བསྐྱར་འབྱུང་གི་གནས་ཚུལ་གཏན་འགོག་བྱ་དགོས། མཚོན་བྱེད་རང་བཞིན་གྱི་གཡུལ་འཐབ་བརྒྱད་ལ་དམིགས་པ་གཏོད་ཅིང། རླུང་ཁམས་ཆེན་མོ་དང་ཆུ་དང་ས་རྒྱུ་བཅས་ཀྱི་སྦག་བཙོག་འགོག་བཅོས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང། བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་གྱིས་སྦགས་བཙོག་བཙན་བཅོས་བྱ་དགོས། རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་གཏིང་ཟབ་ཏུ་སྤེལ་ནས། རླངས་ཏུན་10དང་དེའི་མན་གྱི་སོལ་ཐབ་སྐོར་ཞིག་མུ་མཐུད་དུ་འདོར་དགོས། ཡུལ་བབ་དང་བསྟུན་ནས་དྭངས་གཙང་ནུས་ཁུངས་ཀྱིས་དྲོད་ལེན་པར་སྐུལ་འདེད་བྱེད་པ་དང། རླངས་འཁོར་གྱི་མཇུག་རླངས་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང། བཟོ་ལས་སྦགས་བཙོག་གི་ཁུངས་མགོའི་འབུད་གཏོང་ཚད་ལོངས་དོ་དམ་གཏིང་ཟབ་ཏུ་སྤེལ་དགོས། འཐུང་ཆུའི་འབྱུང་ཡུལ་ལ་བདག་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང། ཆུ་དང་མཚེའུ་ལ་དོ་དམ་བྱེད་པའི་“རྫོབ་བཞི་གཙང་སེལ”དང་ཆུ་ལམ་དུ་བྱེ་མ་སྔོག་པར་སྒྲིག་བཅོས་བྱེད་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏང་དགོས།མཁར་གྲོང་གི་བཙོག་ཆུ་དྭངས་སེལ་བཟོ་གྲྭའི་སྤུས་འབྲས་ལེགས་གཉེར་ལས་གྲྭ་ལག་བསྟར་བྱས་ཏེ།གྲོང་ཁྱེར་གྱི་དྲི་ངན་རྫོབ་ཆུ་བཅོས་སྐྱོང་འབྲས་བུ་བརྟན་སྲུང་བྱ་དགོས། ས་རྒྱུ་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང། ས་རྒྱུ་སྦགས་བཙོག་གི་དོ་དམ་དང་ཉམས་གསོ་བྱ་བ་དམ་འཛིན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་བཤེར་དང་ལྟ་ཞིབ་ཀྱི་ཁྲིམས་བསྟར་ལམ་ལུགས་ཀྱི་བཅོས་སྒྱུར་ལེགས་འགྲུབ་བྱེད་པ་དང། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཧྲག་དམག་བཙུགས་ཏེ། ཁྲིམས་ཆད་ལྕི་མོ་གཅོད་པ་དང་ཁྲིམས་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་དང་ཆད་གཅོད་བྱ་དགོས།

(གཉིས) སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་ཞིང་བརྟན་པོར་བསྐྲུན་དགོས། སྐྱེ་ཁམས་ཀྱི་གལ་ཆེན་རང་བཞིན་དང་། ཁོར་སྲུང་གི་སྔ་འགོད་རང་བཞིན། བཅོས་སྐྱོང་གི་སྣེ་ཁྲིད་རང་བཞིན་བཅས་འབུར་དུ་དོད་ཅིང་། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འགག་རྩ་འདི་ལ་དམ་པོར་འཇུས་ནས།“ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོང་དང་། སའི་གོ་ལའི་སྲུང་དམག་ལེགས་པོ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་དང། སྐྱེ་ཁམས་དམངས་ཕན་དང་དམངས་འཚོ་བསོད་སྐལ་རྒྱུན་མི་ཆད་པར་རྒྱ་བསྐྱེད་དེ། སྐྱེ་ཁམས་དཔལ་ཡོན་ཐད་ལ་བཀྲག་མདངས་གསར་པ་བསྣན་དགོས།རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་མགོ་བརྩམ་དགོས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་གནས་གཏིང་ཟབ་ཏུ་སྤེལ་བ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཁྱབ་སྤེལ་བྱེད་པ་དང། སྐབས་དང་པོའི་“རྒྱལ་ཁབ་སྤྱི་གླིང་གླེང་སྟེགས”དང་“འཛམ་གླིང་གི་རང་བྱུང་ཤུལ་ནོར་ས་ཁུལ་གླེང་སྟེགས”འཚོག་པའི་གྲ་སྒྲིག་ལེགས་པོ་བྱ་དགོས། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱི་ཁོག་འཆར་འགོད་སྒྲིག་བཟོ་བྱེད་པ་དང། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་བཀོད་སྒྲིག་དང་འཚོལ་ཞིབ་བྱ་དགོས་ལ། གཅིག་གྱུར་བཀོད་སྒྲིག་དང། རིམ་དབྱེ་དོ་དམ། ཁུངས་བགོས་ཚོད་འཛིན་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ནི་གཙོ་གཞི་དང། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་དང། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁོངས་ཀྱི་དོ་དམ་མ་ལག་འཛུགས་སྐྱོང་བྱེད་པ་དང། ཟླ་སྒྲིལ་ལེགས་སྒྱུར་དང་སྒྲིག་སྲོལ་གསར་གཏོད། མ་དངུལ་འགན་སྲུང། ཚན་རིག་དང་མཐུན་པའི་དོ་དམ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་མིག་དཔེ་བཟང་པོ་སྟོན་ཞིང། “རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང། རབ་མཛེས་མཚོ་སྔོན་གྱི་བརྩེ་བ།”ཞེས་པའི་མཛེས་སྡུག་གི་རྣམ་པ་ངོམ་ནས། རང་བྱུང་ཁམས་ལ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་ལྡན་པར་བྱ་དགོས།

སྐྱེ་ཁམས་སྲུང་སྐྱོང་ལས་གྲྭར་སྐུལ་འདེད་བྱ་དགོས། ཁོངས་ཡོངས་མཉམ་སྐྲུན་གྱི་འདུ་ཤེས་འཛུགས་པ་དང། སྐྱེ་ཁམས་ཀྱི་ཐིག་དམར་ཁྱབ་བསྒྲགས་དང་ལག་བསྟར་བྱེད་ཅིང། “ཐིག་གསུམ་ཐོ་གཅིག”གི་དོ་དམ་རྐྱེན་སྲོལ་འཛུགས་པ་དང། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་དཔྱད་འཇོག་ཉེན་ཟོན་མ་ལག་འཐུས་ཚང་དུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་ལས་སྐབས་གཉིས་པ་སོགས་སྐྱེ་ཁམས་ལས་གྲྭ་གཙོ་གནད་དག་ཏན་ཏིག་སྤེལ་བ་དང། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གསུམ་པའི་ལས་གྲྭ་འཆར་འགོད་བྱེད་པའི་བཀོད་པ་སྔ་མོ་ནས་འཐེན་དགོས། མུ་རི་སོགས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་བྱ་བ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་ཚེ་སྲོག་ཕུང་བོ་གཅིག་པ་འདི་ལེགས་པོར་བསྲུང་དགོས། གཞི་ཁྱོན་ཆེན་པོའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྔོ་ལྗང་བར་སྟོང་ཟིན་ཚད་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏང་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་མ་ལག་འཐུས་ཚང་དུ་གཏོང་བ་དང། སྤྱི་ཡོངས་སྲུང་སྐྱོང་ལ་ཤུགས་སྣོན་དང། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང། སྐྱིན་གསབ་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། རང་བྱུང་ཐོན་ཁུངས་ཞིབ་བསྡུས་སྒོས་གསར་སྤེལ་དང་བེད་སྤྱོད་བྱེད་ཅིང་སྐྱེ་ཁམས་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏང་དགོས།

ལྗང་མདོག་གི་ཐོན་སྐྱེད་འཚོ་བ་སྐུལ་སྤེལ་བྱ་དགོས། ལྗང་མདོག་གི་རིན་ཐང་ལྟ་བ་ཤུགས་ཆེན་པོས་སྐུལ་སྤེལ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་ཁྱབ་གདལ་“ལྔ་སྐྱོད”དང། ཁོར་སྲུང་འཆད་ཁྲིད་ཆེན་མོ། ལྗང་མདོག་གསར་སྐྲུན་སོགས་ཀྱི་བྱེད་སྒོ་སྤེལ་དགོས། དྭངས་གཙང་གི་ཐོན་སྐྱེད་དང་ཤིན་ཏུ་ཉུང་བའི་འབུད་གཏོང་སྒྱུར་བཀོད་གཅིག་གྱུར་གྱིས་ལག་བསྟར་བགྱིད་པ་དང། ནུས་སྲི་ཁོར་སྲུང་དང་དྭངས་གཙང་ཐོན་སྐྱེད་ཀྱི་ཐོན་ལས་གསོ་སྐྱོང་དང་དར་སྤེལ་བྱ་དགོས། ཁེ་ལས་ཀྱིས་དྭངས་གཙང་ནུས་ཁུངས་བསྡུ་སྤྱོད་བྱེད་པར་སྐུལ་མ་གཏོང་བ་དང། བཟོ་ལས་སྲ་སྙིགས་དང་སྙིགས་རོ་ཉེན་ཁ་ཅན་སོགས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་ལག་བསྟར་བྱེད་པར་སྐུལ་མ་གཏང་དགོས། སྲ་སྙིགས་རིགས་དབྱེ་ནས་བསྡུ་སྐྱེལ་དང་ཐག་གཅོད་དང་འཁོར་སྐྱོད་བེད་སྤྱོད་བཅས་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་འཛུགས་པ་དང། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་བ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་ཅིང། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་ཐག་གཅོད་པའི་ལས་གཞི་མགྱོགས་མྱུར་ངང་མགོ་རྩོམ་པ་དང། ཞིང་སྡེའི་གད་སྙིགས་གཙང་སེལ་གྱི་ཞན་ཆ་ཤུགས་བཏོན་ནས་གསབ་སྐོང་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་ཞིང་གྲལ་དག་པ་དང་གོ་རིམ་ལྡན་པ་མངོན་འགྱུར་བྱ་དགོས། “ལྗང་མདོག་ཕྲ་ཕུང་ལས་གྲྭ”སྐུལ་སྤེལ་བྱེད་པ་དང།ལྗང་མདོག་བཟོ་བཀོད་གོང་སྤེལ་དང་ལྗང་མདོག་ཕྱོགས་སྐྱོད་སྐུལ་སློང་བྱེད་ཅིང་། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་དུ་གཏང་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་བྱེད་པ་དང། ཧུར་བརྩོན་གྲོན་ཆུང་དང་ལྗང་མདོག་ཐཱན་དམའ། དཔལ་ཡོན་བདེ་ཐང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས། འཛད་སྤྱོད་བྱེད་སྟངས་བཅས་དར་སྤེལ་བྱ་དགོས།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་ཞིང། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན། ང་ཚོས་རང་གི་མིག་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང། རང་གི་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ། མཚོ་སྔོན་གྱི་སྔོ་བསང་གི་མཁའ་དབྱིངས་དང། དྭངས་གཙང་གི་ཆུ་བོ། སྔོ་ལྗང་གི་རི་ཀླུང་བཅས་མཐོ་སྒང་གི་ཡུལ་གྲུ་ཆེན་པོར་གཏན་དུ་གནས་པར་བྱ་དགོས།

(གསུམ) དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ཅིང་། དངོས་གཞིའི་དཔལ་འབྱོར་ལ་དམིགས་པ་གཏད་དེ། གསར་གཏོད་ཀྱི་ལམ་སྣ་ཁྲིད་ནུས་ཇེ་དྲག་ཏུ་གཏོང་བ་དང། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཕྱི་ལས་རིགས་གཏིང་ཟབ་ཏུ་འདྲེས་པར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མཐོར་འདེགས་སུ་གཏང་དགོས།འཁོར་སྐྱོད་དཔལ་འབྱོར་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། རེབ་གསར་པའི་ལག་རྩལ་སྒྱུར་བཀོད་དང་རིམ་སྤར་ལས་གྲྭ་ལག་བསྟར་བགྱི་དགོས། ཟོང་སྦྲེལ་དྲ་བ་དང། སྤྲིན་རྩིས། གཞི་གྲངས་ཆེན་མོ། རྩོལ་བྱུང་རིག་ནུས་སོགས་ལག་རྩལ་མཐོ་གསར་བཀོལ་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་བཞུ། ནུས་ཁུངས་རྫས་འགྱུར་བཟོ་ལས། ཁྱད་ལྡན་ཡང་བའི་བཟོ་ལས། ཨར་ལས་རྒྱུ་ཆ་སོགས་སྲོལ་རྒྱུན་ཐོན་ལས་ལ་སྒྱུར་བཀོད་བྱས་ཤིང་གདང་རིམ་སྤར་ཏེ། ཐོན་ལས་སྦྲེལ་རྡང་ཡོངས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏང་དགོས། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། གློག་རྡུལ་ཆ་འཕྲིན། སྐྱེ་དངོས་སྨན་རྫས། སྒྲིག་ཆས་རྩེ་གྲ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། འཕེལ་རྒྱས་གསར་གཏོད་དང་ནུས་སྲི་གྲོན་སྙུང། མ་གཅོག་ཁེ་འཕར་སོགས་ཀྱི་ཆེད་དམིགས་འགུལ་སྐྱོད་སྤེལ་ནས། ལིས་གློག་དང་འོད་སྐུད། ཞཱི་ཐིང། འོད་ཝོལ་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ། འགྲན་རྩོད་ནུས་པ་སྟོབས་ཆེན་ལྡན་པའི་གསར་གཏོད་ཅན་གྱི་སྣེ་ཁྲིད་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱ་དགོས། རིགས་མི་འདྲ་བའི་བཟོ་ལས་གླིང་ཁུལ་འཁོར་སྐྱོད་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང། སྦྲེལ་རྡང་གསར་སྐྲུན་དང་སྦྲེལ་རྡང་རྒྱུན་བསྲིངས་ཀྱི་ཁེ་ལས་ནང་འདྲེན་བྱེད་ཅིང། ཁེ་ལས་ཀྱི་འབྲེལ་བ་ཆགས་ཚད་དང་མཐུན་འགྱུར་རང་བཞིན་ཇེ་དྲག་ཏུ་བཏང་ནས། དགེ་མཚན་ཅན་གྱི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། ཚད་གཞི་ཅན་གྱི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང། ཚད་གཞི་ལ་ལྡན་པའི་རྨང་གཞིའི་རང་བཞིན་དང། འཐབ་ཇུས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སྐུལ་སྤེལ་བྱེད་པར་ལག་རྩལ་ཐད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། ཀྲུང་དབྱང་ཁེ་ལས་རང་ཞིང་གི་ཞིང་ཆེན་ཁེ་ལས་ཀྱི་ལུགས་སྒྱུར་བསྐྱར་སྒྲིག་དང་གྲུབ་ཚུལ་ལེགས་སྒྲིག་ལ་ཞུགས་པར་སྐུལ་འདེད་བྱ་དགོས། དམག་དམངས་འོ་ཆུ་འདྲེས་འདྲའི་ཁེ་ལས་གསོ་སྐྱོང་ལས་གྲྭ་ལག་བསྟར་བགྱིད་པ་དང། དམག་དམངས་ཉིས་སྤྱོད་ཀྱི་འཁོར་སྟེགས་རྩེ་གྲ་དང་གྲང་ངར་ཆེ་བའི་ས་ཁུལ་གྱི་དམིགས་བསལ་གློག་ཁུངས་སོགས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས།

དྭངས་གཙང་ནུས་ཁུངས་མ་ལག་འཛུགས་སྐྱོང་བྱ་དགོས། “གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་བླང་བྱ་ལག་བསྟར་མཐིལ་ཕྱིན་བྱས་ཏེ། ནུས་ཁུངས་གསར་པ་གཞི་ཁྱོན་ཅན་དུ་གསར་སྤེལ་བྱེད་པ་གཙོ་གནད་དང། དྭངས་གཙང་ནུས་ཁུངས་དཔེ་སྟོན་བེད་སྤྱོད་བྱེད་པ་དམིགས་འབེན་དང།རིག་ནུས་གློག་དྲ་འཛུགས་པ་འགན་སྲུང་བཅས་བྱས་ཏེ། ནུས་ཁུངས་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས། ཆུ་ནུས་ཐོན་ཁུངས་ལེགས་སྒྱུར་དང་གསར་སྤེལ་བྱེད་པ་དང། འོད་ཝོལ་ཕབ་སྒྱུར་བྱེད་ཕྱོད་ཇེ་མཐོར་དང་འོད་དྲོད་ཀྱི་ནུས་གསོག་དུས་ཡུན་ཇེ་རིང་དུ་གཏོང་བ་སོགས་ཀྱི་ལག་རྩལ་གལ་ཆེན་གྱི་འགག་སྒོ་གཏོར་དགོས། རླུང་ནུས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང། ཉིང་རྡུལ་ནུས་པའི་གློག་འདོན་གྱི་དུས་འགོའི་བྱ་བ་སྒྲུབ་མགོ་བརྩམ་དགོས། སྐམ་ཚ་བྲག་རྡོ་དང་གཡམ་རྡོའི་སོལ་རླངས་སོགས་ནུས་ཁུངས་གསར་པའི་འདོན་སྤེལ་དང་བེད་སྤྱོད་དང་ཞིབ་འཇུག་གི་བྱ་བ་ལེགས་པོར་སྒྲུབ་པ་དང། ཆུ་དང་འོད། རླུང།ཉིང་རྡུལ། ཚ་དྲོད་སོགས་ཀྱི་ནུས་ཁུངས་མང་པོ་ཕན་ཚུན་གསབ་རེས་དང་གཅིག་བསྡུས་ལེགས་སྒྱུར་གྱི་དྭངས་གཙང་ནུས་ཁུངས་མ་ལག་འཛུགས་སྐྱོང་བྱ་དགོས། “མཚོ་སྔོན་གྱི་གློག་ཤུགས་ཧོ་ནན་དུ་འདྲེན་པའི”ཁྱད་མཐོ་གློག་གནོན་ཐད་རྒྱུག་ལས་གྲྭར་ཤུགས་ཆེན་པོ་སྐུལ་འདེད་བྱེད་པ་དང། མཚོ་སྔོན་ནས་ཀྲུང་ཧྭ་ཤར་རྒྱུད་ཀྱི་ཁྱད་མཐོ་གློག་གནོན་ཕྱི་སྐྱེལ་བརྒྱུད་ལམ་གྱི་དུས་མགོའི་བྱ་བ་སྒྲུབ་མགོ་བརྩམ་དགོས། གློག་ཤུགས་ཉོ་ཚོང་ཁྲོམ་ར་ཅན་དུ་སྒྱུར་ཚད་ཇེ་མཐོར་གཏོང་བ་དང། རྩོལ་ནུས་ཆ་ཚང་བའི་ཐོན་སྐྱེད་མ་ལག་དང། ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་བའི་འཛད་སྤྱོད་མ་ལག་མགྱོགས་པོར་ཆགས་སུ་བཅུག་སྟེ། མཚོ་སྔོན་གྱི་“གློག་ཤུགས་དམིགས་བསལ་ཁུལ”ཧུར་ཐག་སྒོས་བསྐྲུན་དགོས།གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས། 

ཐོན་ལས་གྲངས་འཛིན་ཅན་དང་། གྲངས་འཛིན་ཐོན་ལས་ཅན་དུ་བསྒྱུར་རྒྱུ་དམིགས་འབེན་བྱས་ཏེ། གྲངས་འཛིན་ཁེ་ལས་གསོ་སྐྱོང་དར་སྤེལ་དང་གྲངས་འཛིན་ཞབས་ཕྱི་གསར་གཏོད་ཐོད་རྒལ། གྲངས་འཛིན་བཟོ་ལས་ཚོད་ལྟའི་གནས་ཀྱི་དཔེ་སྟོན། གྲངས་འཛིན་སྲིད་དོན་ཁྱབ་གདལ་ཉེར་སྤྱོད་སོགས་ལས་གཞི་གལ་ཆེན་སྐོར་ཞིག་ལག་བསྟར་བྱ་དགོས། བཟོ་ལས་སྦྲེལ་དྲ་དང་ཁེ་ལས་“སྤྲིན་སྦྲེལ།” མཐུན་འདྲེས་ཉེར་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་ཚད་ཤིང་ལས་གཞི་དང་དཔེ་སྟོན་ཁེ་ལས་སྐོར་ཞིག་སྐྲུན་པ་དང། རྒྱལ་ཁབ་རིམ་པའི་གཞི་གྲངས་ཆེན་མོའི་གནོད་འགོག་གྲ་སྒྲིག་ལྟེ་གནས་སྐྲུན་པར་ཧུར་བརྩོན་བྱ་དགོས།རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་སྤྲིན་རྩིས་དང་ཁུ་ནུའི་ཉེན་རྟོག་སྤྲིན་རྩིས། ནུས་ཁུངས་གསར་པའི་གཞི་གྲངས་ཆེན་མོའི་གསར་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་པ་དང། འོད་སྐུད་ཁྱིམ་དུ་སྦྲེལ་བའི་གྲུབ་འབྲས་བརྟན་སྲུང་དང་མཐོར་འདེགས་སུ་གཏང་དགོས། རིག་ལྡན་རྒྱང་བསྒྲགས་བརྙན་འཕྲིན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང། 5Gདྲ་རྒྱ་བཀོད་སྒྲིག་འོས་འཚམ་བྱ་དགོས། དྲ་རྒྱའི་འགྲོས་ཚད་ཇེ་མགྱོོགས་དང་གླ་རིན་ཇེ་དམའ་རུ་གཏོང་བར་སྐུལ་འདེད་གཏང་དགོས། འགྲིམ་འགྲུལ་དང། གློག་དྲ། སྨན་བཅོས། ཁོར་སྲུང་སོགས་རྨང་གཞིའི་འཛུགས་སྐྲུན་དང་དམངས་འཚོ་ཁྱབ་ཁོངས་སུ་གྲངས་འཛིན་ལག་རྩལ་གཏིང་ཟབ་ཏུ་སྤྱོད་པར་སྐུལ་འདེད་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་“སྒུལ་བྱེད”དང་སྤུས་ཀ་ལེགས་པའི་འཚོ་བའི་“ཐེག་བྱེད”དང། ཆུ་ཚད་མཐོ་བའི་བཅོས་སྐྱོང་གི་“ཀླད་པ”ལྟ་བུར་བསྐྲུན་དགོས།

ཚན་རྩལ་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏང་དགོས། གསར་གཏོད་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས། ལྗང་མདོག་ལག་རྩལ་གསར་གཏོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང།“གསར་གཏོད་འགག་གཏོར་ཆེན་པོ་བརྒྱའི”ལས་གྲྭ་རྒྱུན་མཐུད་ངང་སྤེལ་བ་དང། ཚན་རྩལ་ཆེད་དམིགས་ལས་གྲྭ་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ཏེ། ཁེ་ལས་ནི་གཙོ་གཞི་ཡིན་ལ། ཐོན་སློབ་ཞིབ་གསུམ་གཏིང་ཟབ་ཏུ་འདྲེས་པ། རྨང་གཞིའི་སྒྲིག་བཀོད་དང་ཞབས་ཕྱི་མ་ལག་འཐུས་སྒོ་ཚང་བ།ཐོན་ཁུངས་སྡེབ་སྒྲིག་གི་ཕན་ནུས་མཐོ་བ། གྲུབ་འབྲས་ཕབ་སྒྱུར་གེགས་མེད་ཡིན་པའི་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་བསྐྲུན་དགོས། མདོ་དབུས་མཐོ་སྒང་ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་ཧུར་ཐག་གིས་འཇུག་དགོས། “ཁུ་ནུའི་མཁས་འཇོན”འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་དང། “གསར་གཏོད་འཇོན་མི་རྩེ་གྲ་སྟོང་ཕྲག་གི་འཆར་གཞི”ལ་སྐུལ་འདེད་བྱེད་པ་དང། “གསར་སྐྲུན་གཉིས”ཀྱི་རྟེན་གཞི་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་བྱ་དགོས། ཚན་ཞིབ་མི་སྣའི་རང་བདག་དབང་ཆ་ཇེ་ཆེར་གཏོང་བ་དང། འཇོན་མི་རྩེ་གྲའི་གཞུང་གཞིས་འཆར་འགོད་བྱས་ནས་བསྐྲུན་དགོས། ལས་སྒྲུབ་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་ནས། སྡོད་ཁང་དང།སྨན་བཅོས། སྤྱི་ཚོགས་འགན་བཅོལ། བུ་ཕྲུག་སློབ་གྲྭ་འགྲིམ་པ་སོགས་ཀྱི་འགན་སྲུང་དང་ཞབས་ཕྱིའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། འཇོན་མི་སྣ་ཚོགས་ལ་རང་གི་འཇོན་ཐང་ངོམ་ཅི་ཐུབ་དང། འཇོན་ཐང་སྤྱད་ནས་སྒྲུབ་ཅི་ཐུབ། བསྒྲུབས་པའི་ལས་ཀ་འགྲུབ་ཅི་ཐུབ་བྱེད་དུ་འཇུག་དགོས།ཤུགས་ཆེན་པོས་ཁེ་ལས་ཀྱི་མ་གནས་ཇེ་དམའ་རུ་གཏང་དགོས། གཞི་ཁྱོན་ཆེན་པོའི་སྒོ་ནས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། ཁོར་སྲུང་དང་མེ་གསོད། ཁྲལ་དོན། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་ཁྲིམས་ལག་བསྟར་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ཀྱི་ཚུལ་མཐུན་མ་གནས་ཇེ་དམའ་རུ་གཏང་དགོས། ཁེ་ལས་ཕྲན་ཆུང་དང་ཚན་རྩལ་ཅན་གྱི་གསར་བཙུགས་ཁེ་ལས་ལ་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཉུང་འཕྲིའམ་རྩ་ཆག་གཏོང་བ་དང། རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་བསྡུར་ཚད་ཇེ་དམའ་རུ་གཏང་དགོས་ལ།དུས་རིམ་རང་བཞིན་གྱི་ལས་ཤོར་དང་ལས་རྨས་ཀྱི་འགན་བཅོལ་གྲོན་དངུལ་སྤྲོད་པའི་བསྡུར་ཚད་ཇེ་དམའ་རུ་གཏང་རྒྱུ་མུ་མཐུད་དུ་ལག་བསྟར་བྱེད་པ་དང། གྲོན་དངུལ་སྤྲོད་སྟངས་བརྟན་འཇགས་ཡོང་བར་བྱ་དགོས། ས་གནས་ཀྱི་གླ་རིན་བསྡུ་བའི་རྣམ་གྲངས་གཙང་སེལ་དང་ཚད་ལྡན་དུ་གཏོང་བ་དང། གླ་རིན་གང་བྱུང་དུ་ལེན་པར་ཞིབ་གཅོད་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བའི་ཕན་ཕྱོད་ཇེ་མཐོར་གཏོང་བ་དང། མྱུར་སྐྱོད་གཞུང་ལམ་དང་གནམ་གྲུ་ཐང། ལྕགས་ལམ་སོགས་ཁེ་ལས་ལ་འབྲེལ་བ་ཡོད་པའི་གླ་རིན་ཇེ་དམའ་རུ་གཏང་དགོས་ལ། དངུལ་རྩའི་ལས་ཁུངས་ཀྱིས་ཡིན་རྟོན་འཕར་སྣོན་བྱེད་ཐབས་ལེགས་སྒྱུར་བྱེད་པར་སྐུལ་མ་བཏང་སྟེ། དམངས་གཉེར་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རུབ་མ་གནས་ཇེ་དམའ་རུ་གཏང་དགོས།

(བཞི) ནུས་ལྡན་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དགོས། མ་དངུལ་གཏོང་འཇོག་གིས་འདོན་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་ཐོན་པའི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞི་རང་བཞིན་གྱི་ནུས་པ་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་བརྟན་རླིང་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་སྟོབས་དང་ལྡན་པ་མཁོ་སྤྲོད་བྱ་དགོས།

འགྲིམ་འགྲུལ་དང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། “ལས་གཞི་བྱུང་ལོའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཞན་ཆ་གསབ་སྐོང་ཇེ་མགྱོགས་སུ་གཏོང་བ་དང་དུས་འགོའི་འགག་སྒོ་གཏོར་བ། ཞིབ་བཤེར་མཆན་འགོད་ཀྱི་འགག་བརྟོལ་བ་བཅས་“ལས་གྲྭ་ཆེན་པོ་གསུམ”ལག་བསྟར་བགྱིད་པ་དང། “སྒོར་དུང་ཕྱུར་ཁྲིའི་ལས་གཞི་བརྒྱ་ཕྲག”གི་ལས་གྲྭ་གལ་ཆེན་དང་དུས་མགོའི་ལས་གཞི་གལ་ཆེན་310མགྱོགས་མྱུར་ངང་སྐུལ་སྤེལ་བྱས་ཏེ། མ་དངུལ་གཏོང་འཇོག་གི་ཕན་ལྡན་རང་བཞིན་དང་གནད་ཁེལ་རང་བཞིན་ཇེ་མཐོར་གཏོང་བར་འབད་དགོས། གོར་ཏུན་ལྕགས་ལམ་དང་གོར་ཁོར་ལྕགས་ལམ། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་ས་བར་གྱི་ནུས་བསྐྱེད་སྒྱུར་བཀོད་ལས་གྲྭ་ལེགས་འགྲུབ་བྱེད་པ་དང་། ཟི་ཁྲིན་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པ། ཡུལ་ཤུལ་གནམ་གྲུ་ཐང་རྒྱས་སྐྲུན། མཚོ་སྔོན་པོ་གནམ་གྲུ་ཐང་བཅས་ཀྱི་ལས་མགོ་བརྩམ་དགོས། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གློག་ཤུགས་ཅན་དུ་བསྒྱུར་བའི་དུས་མགོའི་བྱ་བར་སྐུལ་འདེད་གཏོང་བ་དང་། ཟི་ལིང་ནས་ན་གོར་མོ་བར་གྱི་མྱུར་སྐྱོད་ལྕགས་ལམ་གྱི་དུས་མགོའི་ཞིབ་འཇུག་སྤེལ་མགོ་རྩོམ་པ་དང་། དུར་ལམ་རྫོང་སོགས་ཀྱི་གོ་ཉིས་ཆོད་ཀྱི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་མགོ་རྩོམ་པར་འབད་དགོས། “ཤར་རྒྱུད་དྲ་ལྟར་ཆགས་པ། ནུབ་རྒྱུད་བདེ་ཞིང་མྱུར་བ། ལྷོ་རྒྱུད་ཤར་བསྐྱོད་ཐུབ་པ། ཞིང་ཆེན་ཕན་ཚུན་སྦྲེལ་བའི”གཞུང་ལམ་དྲ་བ་བསྐྲུན་པར་དམིགས་ཏེ། རྒྱ་ཏིག་ནས་ནུབ་མཚོ་ནས་ཁྲ་ཧན་ནོའི་བར་དང་སྤེན་མདོ་ཉག་ག་ནས་འཇུ་ལག་རྫོང་གི་བར་སོགས་ཀྱི་མྱུར་སྐྱོད་གཞུང་ལམ་གཙོ་བོ་འཛུགས་སྐྲུན་བྱེད་པ་དང། ཡོའུ་ཧྲ་ཧྲན་ནས་མཚོ་ཞིན་ས་མཚམས་དང་རྨ་ལྷོ་སོག་རྫོང་ནས་འུར་ཧ་སི་ཟམ་པའི་མཚོ་ཀན་ས་མཚམས་སོགས་ཀྱི་ཞིང་ཆེན་བར་གྱི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་དང། ན་གོར་མོ་ནས་མང་ཡེའི་གནས་རྙིང་དང་། ཕན་ཕོ་ནས་འཇུ་ལག་ཆུ་བོ་བར་སོགས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་རིམ་སྤར་སྒྱུར་བཀོད་ཀྱི་ལས་གཞི་ལག་བསྟར་བྱ་དགོས། བགྲོད་བདེ་ཟི་ལིང་རིམ་སྤར་མ་ལག་བསྟར་བྱེད་མགོ་རྩོམ་པ་དང།བདེ་སྐྱིད་ལྡན་པའི་ཟི་ལིང་གི་ལྗང་མདོག་འགྲིམ་འགྲུལ་བསྐྲུན་དགོས། ཟི་ལིང་གནམ་གྲུ་ཐང་གི་རྒྱལ་སྤྱིི་རྒྱལ་ནང་གི་གནས་ངེས་དང་མཁའ་འགྲུལ་བྱེད་ཀྱིན་པའི་གནམ་གྲུ་ཐང་གི་འཆར་འགོད་བཀོད་པར་ཞིབ་འཇུག་གཏིང་ཟབ་བྱེད་ཅིང། བར་སྣང་དམའ་སའི་སྒོ་འབྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། ལམ་ཐག་ཐུང་བའི་སྐྱེལ་འདྲེན་དང་མི་མེད་གནམ་གྲུའི་སྡེབ་སྐྱེལ་སོགས་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས།ཆུའི་མཁོ་འདོན་བདེ་འཇགས་དང་། ཆུ་ལོག་སྔོན་འགོག་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་སྲོག་ཤིང་དུ་གྱུར་པའི་ཆུའི་བདེ་འཇགས་འགན་སྲུང་མ་ལག་མགྱོགས་མྱུར་ངང་འཛུགས་དགོས།ནུས་ཤུགས་ཡོད་དགུས་“རྨ་ཆུ་ཟི་ལིང་དུ་འདྲེན་པའི”དུས་འགོའི་བྱ་བར་སྐུལ་འདེད་བཏང་ནས།ལོ་འདིའི་ནང་དུ་ལས་མགོ་རྩོམ་ཐབས་བྱ་དགོས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་མ་ཡུར་བྱང་མའི་ལས་སྐབས་གཉིས་པ་སོགས་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང། གསེར་ཆེན་གཤོང་ས་དང་དེའི་མཐའ་སྐོར་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ཞིབ་འཇུག་ལ་སྐུལ་འདེད་དང། པཎ་ཆེན་ཤངས་སྡེའི་ཆུ་མཛོད་དང་ཆུ་འདྲེན་ཁུལ། ཚྭ་འདམ་གཤོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་ལས་སྐབས་དང་པོ་སོགས་ཀྱི་ལས་གྲྭའི་དུས་མགོའི་བྱ་བར་སྐུལ་འདེད་གཏོང་བ་དང། འབྲི་ཆུ་ཚྭ་འདམ་དུ་འདྲེན་པའི་ལས་གྲྭར་ཞིབ་འཇུག་གཏིང་ཟབ་བྱ་དགོས།

བཟོ་ལས་ཐད་མ་དངུལ་གཏོང་ཚད་ཇེ་ཆེར་གཏང་དགོས། ལྗང་ནུས་མཉམ་སྦྲེལ་གྱི་ལས་སྟེགས་དང། ཚྭ་མཚོ་སྡེ་ཚོགས་ཀྱི་ཅཱ་ལུད་ཏུན་ས་ཡ་5ཡི་སྦས་ཤུགས་སྔོག་འདོན་དང་ནུས་བསྐྱེད་སྒྱུར་བཀོད།“2+3”གྱི་ཐཱན་སྐྱུར་ལིས། ཏུན་འབུམ་ཚོ་6གི་ཞཱི་ཐིང། ཤ་རུ་ཧ་མུའུ་ནིག་ཁོབ་གཏེར་ཁ་སྔོག་འདེམས་སོགས་གཙོ་གནད་ཐོན་ལས་ལས་གཞི་སྐོར་ཞིག་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། པི་ཡ་ཏིས་ལས་སྐབས་གཉིས་པའི་སྒུལ་ཤུགས་ཅི་ཝ་ཆུ་ཚོད་14ཅན་གྱི་གློག་སྨན་དང། མཚོ་ཤར་གྱི་སྒུལ་ཤུགས་ཅི་ཝ་ཆུ་ཚོད་8ཅན་གྱི་ལིས་གློག་སྨན་དང་བར་སྐྱི་ཤོག་བུའི་ལས་གཞི་སོགས་ཕྱོགས་ཡོངས་ནས་ལས་མགོ་རྩོམ་པ་དང། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས། གཙོ་གནད་ལས་གཞིའི་འཛུགས་སྐྲུན་དངོས་འབེབས་ཐུབ་པ་ཁག་ཐེག་བྱ་དགོས། གླིང་ཁུལ་ཀྱི་ཚོང་འགུགས་གཡུལ་སའི་ནུས་པ་དང། འགྲེམས་ཚོགས་ཀྱི་ཚོང་འགུགས་ལས་སྟེགས་ནུས་པ། སྦྲེལ་རྡང་གི་ཚོང་འགུགས་སྐུལ་ཁྲིད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ཆིངས་བཞག་མ་དངུལ་ལག་འབྱོར་བྱུང་ཕྱོད་ཇེ་མཐོར་གཏོང་བ་དང། དམངས་ཁྲོད་མ་རྩར་ལས་གཞི་འོས་སྦྱོར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཤིང། མ་དངུལ་གཏོང་འཇོག་བྱེད་ཚད་རྒྱུན་མཐུད་ངང་ཇེ་མང་དུ་བཏང་ནས། གཙོ་གནད་ལས་གཞིའི་མ་དངུལ་དངོས་འབེབས་ཐུབ་པ་ཁག་ཐེག་བྱ་དགོས། ཁོར་ཡུག་ལེགས་པོ་སྐྲུན་པ་དང། རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་པར་ཤུགས་སྣོན་པ། འཛུགས་སྐྲུན་འགྲོས་རིམ་ཇེ་མགྱོགས་སུ་གཏོང་བ། མྱུར་དུ་ཐོན་སྐྱེད་ཚད་ལོངས་བྱེད་པ་དང། ཐོན་སྐྱེད་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས། གཙོ་གནད་ལས་གཞིའི་ཐོན་སྐྱེད་དངོས་འབེབས་ཐུབ་པ་འགན་སྲུང་བྱ་དགོས།དེང་རབས་ཀྱི་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་སུ་གཏང་དགོས། ལག་རྩལ་ཞབས་ཕྱི་དང་གསར་འཆར་ཇུས་འགོད། མཁོ་སྤྲོད་སྦྲེལ་རྡང་གི་ཟོང་སྐྱེལ། མི་ཤུགས་ཐོན་ཁུངས་ཀྱི་གསོ་སྦྱོང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཧུར་ཐག་གིས་གོང་དུ་སྤེལ་བར་སྐུལ་འདེད་བྱེད་པ་དང། སློབ་གསོ་གསོ་སྦྱོང་དང། བདེ་ཐང་རྒན་གསོ། རིག་གནས་ཡུལ་སྐོར། ཁྱིམ་ལས་ཞབས་ཕྱི་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས། སྤུས་ལེགས་འཛད་སྤྱོད་ཀྱི་གདང་རིམ་ཡར་སྤར་དང་ཕན་འབྲས་འཕར་སྣོན་གྱིི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང། “ས་གནས་ཁྱད་ལྡན་ཟས་རིགས་འགྲན་ཚོགས་དང་ཟི་ལིང་ཞིམ་ཟས་དུས་ཆེན”མུ་མཐུད་དུ་ལེགས་པོར་གཉེར་བ་དང། “འཛད་སྤྱོད་ཚོང་སྐུལ་ཟླ་བ”དང་“ཟོང་ཉོ་དུས་ཆེན”སོགས་བྱེད་སྒོ་སྟར་མ་རྩ་འཛུགས་དང་སྒྲུབ་གཉེར་བྱེད་ཅིང། མཚོ་སྔོན་གྱི་ཚོང་རྟགས་རྙིང་པ་དང་ཁྱད་ལྡན་ཚོང་རྟགས་གསར་པ་བསྐྲུན་པ་དང། འཛད་སྤྱོད་ཀྱི་འཕར་གནས་གསར་པ་གསོ་སྐྱོང་བྱ་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་སྨན་གྱིས་བདེ་ཐང་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང། མཐོ་སྒང་གི་བདེ་གསོ་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས། གློག་རྡུལ་ཚོང་དོན་ཞིང་སྡེར་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་དང། ཨ་ལི་པ་པའི་རྒྱལ་སྤྱིའི་ས་ཚིགས་སོགས་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཕྱིའི་ཐོན་ཁུངས་ཧུར་ཐག་གིས་ནང་འདྲེན་བྱེད་པ་དང། མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་པའི་སྙན་ཞུ་མགྱོགས་པོར་ཕུལ་ནས། གློག་རྡུལ་ཚོང་དོན་སྤྱོད་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང། ཞིང་ཆེན་ནང་ཁུལ་གྱི་ཐོན་རྫས་དྲ་ཐོག་གི་ཕྱིར་འཚོང་དངུལ་འབོར་ཇེ་མང་དུ་གཏང་དགོས།

རིག་གནས་ཡུལ་སྐོར་ཐོན་ལས་དར་ཞིང་རྒྱས་པར་བརྩོན་དགོས། རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། རིག་གནས་ཀྱི་རྩ་ལམ་ལ་རྒྱུས་ལོན་དང། རིག་གནས་ཀྱི་བརྗོད་སྙིང་བཙོ་སྦྱངས་བྱས་ཏེ། ཁུ་ནུའི་རིག་གནས་དང་རྨ་ཙོང་རིག་གནས་སོགས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྣམ་པར་ངོམ་ཞིང་ཁྱབ་སྤེལ་བྱེད་པ་དང། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་དགོས། མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་70འཁོར་བའི་རིག་རྩལ་གསར་རྩོམ་ལས་གྲྭ་ལག་བསྟར་བྱེད་པ་དང། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་མཚོ་སྔོན་གྱི་སྙིང་སྟོབས་གསར་པ་མཚོན་པའི་བརྩམས་ཆོས་སྤུས་ལེགས་སྐོར་ཞིག་སྤེལ་དགོས། རིག་གནས་ཡུལ་སྐོར་དུས་ཆེན་ལེགས་པོར་སྤེལ་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་བེད་སྤྱོད་ལེགས་པོ་བྱེད་ཅིང།“མཚོ་སྔོན་ཚེམ་དྲུབ”ཀྱི་ཚོང་རྟགས་བཞེངས་སྐྲུན་དང་མཐོར་འདེགས་སུ་གཏང་དགོས། མཚོ་སྔོན་གྱི་སྒེའུ་ཁུང་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་། ཡ་རྫིའི་ཟ་ལར་ཆུ་ཡུལ་གྲོང་རྡལ་སོགས་རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་འདྲེས་པའི་ལས་གཞིར་སྐུལ་འདེད་བཏང་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་སྤུས་ཀ་ལེགས་པའི་ལམ་ཐིག་དངམཛེས་ལྗོངས་ཁུལ་སྐོར་ཞིག་བསྐྲུན་དགོས། ཉམས་ལེན་མྱོང་ཚོར་ཇེ་ཟབ་ཏུ་གཏང་རྒྱུ་དམིགས་འབེན་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང། ཁྲིད་སྟོན་རང་བཞིན་གྱི་སྲིད་ཇུས་ཐབས་བཀོད་གཏན་ལ་ཕབ་སྟེ། དམངས་སྲོལ་ཡུལ་སྐོར་དང། གངས་འཁྱགས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། ཁྱད་ལྡན་རིག་གནས་ཡུལ་སྐོར། ལུས་རྩལ་སྦྱོང་བརྡར་ཡུལ་སྐོར་སོགས་བརྗོད་གཞི་གཙོ་བོ་ཡིན་ལ་ཕྱོགས་བསྡུས་རང་བཞིན་དྲག་པོ་ལྡན་པའི་དགུན་དཔྱིད་ཡུལ་སྐོར་ཐོན་རྫས་སྤེལ་དགོས། རིག་ལྡན་ཡུལ་སྐོར་གསར་སྐྲུན་བྱེད་པ་དང། སྒེར་འཁོར་ཡུལ་སྐོར་གྱི་སྒར་ས་དང་ཡུལ་སྐོར་སྤྱོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང། རྒྱལ་ཁབ་ཀྱི་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི། སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་བཅས་མགྱོགས་མྱུར་ངང་གསར་སྐྲུན་བྱ་དགོས།

(ལྔ) གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས། ཐོན་ལས་ནི་དར་ཞིང་རྒྱས་པ་དང། སྐྱེ་ཁམས་ནི་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ནི་དཔལ་ཡོན་ལྡན་པ།བཅོས་སྐྱོང་ལ་ཕན་ནུས་ཐོན་པ། འཚོ་བ་ནི་འབྱོར་ཕྱུག་ལྡན་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། གྲོང་གསེབ་དར་སྤེལ་འཐབ་ཇུས་འཆར་འགོད་ལག་བསྟར་བྱེད་པ་དང། “ཤང་བརྒྱ་སྡེ་སྟོང”གི་དཔེ་སྟོན་ལས་གྲྭ་མགོ་རྩོམ་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འགུལ་སྐྱོད་འཆར་གཞི་ཆེན་པོ་བཅུ་ལག་ལེན་དུ་བསྟར་ཞིང་། གྲོང་གསེབ་དར་སྤེལ་གྱིས་དབུལ་སྒྲོལ་འགག་གཏོར་ལ་སྣེ་ཁྲིད་པ་དང། “ཞིང་གསུམ”རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བརྟན་སྲུང་དང་གོང་སྤེལ་བྱ་དགོས།

ཁོངས་ཡོངས་སུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་གསར་སྐྲུན་བྱ་དགོས། ཐོན་རྫས་བཟང་ངན་ཁྲོམ་རས་ཤེས་ཞེས་པ་ལྟར། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ། ཚོང་རྟགས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང། ཞིང་ཕྱུགས་ཉ་ལས་བཅས་ཀྱི་སྦྲེལ་རྡང་ཐམས་ཅད་ཚད་ལྡན་ལྗང་མདོག་ཡིན་པའི་ཐོན་སྐྱེད་ལག་ལེན་དུ་བསྟར་བ་དང། ལུད་རྫས་དང་ཞིང་སྨན་ཉུང་སྤྱོད་དམ་ཐ་ན་རྦད་དེ་མི་སྤྱོད་པའི་བྱ་བའི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་དགོས། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་རྟགས་ངོས་འཛིན་དང་ཚད་ལྡན་འདེབས་གསོ་སྤེལ་གསུམ་ཁྱབ་སྤེལ་བྱེད་པ་དང།ནོར་གནག་དང་འབྲོག་ལུག་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་སྤུས་ཚད་ཁུངས་འདེད་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་གནས་ཧུར་ཐག་གིས་སྤེལ་དགོས། ནོར་གནག་དང་ནས་སོགས་ཀྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་ཚད་གཞི་རུ་མཐོར་འདེགས་དང། ཁྱད་ལྡན་དྲོད་འཛིན་ཐོན་རྫས་ཀྱི་འཁྱགས་སྦྲེལ་ཟོང་སྐྱེལ་མ་ལག་འཛུགས་སྐྲུན་བྱེད་པ་དང། སྤུས་ཀ་འགན་སྲུང་ཐུབ་ཅིང་ཁྲོམ་རའི་ངག་བསྟོད་ཐོབ་པའི་“མཚོ་སྔོན་རྟགས་ཅན”གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཁག་ཅིག་བསྐྲུན་ཏེ། འཛད་སྤྱོད་པར་བློ་བདེ་ཞིང་སེམས་ཁྲལ་མེད་པ་བྱ་དགོས། ཞིང་ལས་གཞི་ཁྱོན་འོས་འཚམ་ལྡན་པར་བདག་གཉེར་བྱེད་པར་གོམ་ཁ་བརྟན་པོར་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཞོག་ཁོག་སོགས་ཐོན་ལས་ཅན་གྱི་ལས་སྣོན་ཁེ་ལས་ནང་འདྲེན་བྱས་ཏེ། ཐོན་ལས་དང་པོ་གཉིས་པ་གསུམ་པ་མཐུན་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཧྥེ་གླིང་ཕག་ནད་ལ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ་དང། བྱ་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་རླིང་ཡོང་བ་བྱ་དགོས།

ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལ་སྒྲིག་བཅོས་བྱེད་པའི་འགུལ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང། “ཐོན་སྐྱེད་སྟོབས་ཆེན་ཐོན་ལས་མཛེས། སྐྱེ་ཁམས་ཁྱད་འཕགས་ཁོར་ཡུག་མཛེས། འཚོ་བ་དགའ་སྐྱིད་ཁྱིམ་གཞིས་མཛེས”ཞེས་པར་དམིགས་ནས། སྡེ་བ་དང་འབྲོག་པའི་གཞིས་གནས་1000གི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལས་གཞི་ལག་བསྟར་བྱ་དགོས། གད་སྙིགས་དང་ཆུ་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་དུས་དང་ཁག་བགོས་ནས་སྐུལ་འདེད་བྱེད་པ་དང། གཉེར་སྐྱོང་དང་དོ་དམ་སྲུང་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། “ལེགས་བཞིའི་སྡེ་ལམ”འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང། ཞིང་སྡེའི་གཞུང་ལམ་སྤྱི་ལེ་4000དང་། དམངས་ཕན་ཟམ་པ་150གསར་སྐྲུན་ནམ་རྒྱས་སྐྲུན་བྱ་དགོས། “སྤྱིལ་ཁང”གི་གནད་དོན་རྦད་དེ་སྒྲིག་བཅོས་བྱ་དགོས། “སྤྱོད་ཁང་གསར་བརྗེའི་”ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཏན་ཏིག་ངང་སྤེལ་ནས། “སྤྱོད་ཁང་གསར་བརྗེ”དེ་སྤུས་ཀ་ལེགས་པའིི་འཚོ་བ་གསར་སྐྲུན་གྱི་འཆང་བཟུང་གལ་ཆེན་དུ་འགྱུར་དགོས། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་ཁྲི་1.5ཡིི་ཉེན་ཁང་སྒྱུར་བཀོད་དང་རོང་འབྲོག་པའི་ཁྱིམ་ཚང་ཁྲི་3གྱི་སྡོད་གནས་ཆ་རྐྱེན་ལེགས་བཅོས་ལས་གྲྭ་ལག་བསྟར་བྱ་དགོས། རོང་འབྲོག་པ་མང་ཚོགས་ཡོངས་ཁྱབ་ཏུ་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང། མི་བུ་སོ་སོས་གཙང་སྦྲ་བྱེད་ཅིང། ཁྱིམ་ཚང་སོ་སོས་གཙང་དག་བཟོ་བ། སྡེ་བ་སོ་སོ་གྲལ་དག་ཡིན་པར་བྱས་ཏེ། བཙོག་ཟིང་ཞན་གསུམ་བཅོས་སྐྱོང་བྱེད་པའི་མི་དམངས་གཡུལ་འཐབ་ཅིག་བཤམ་དགོས།

ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི་“དབང་གསུམ་ལོགས་འཛུགས”ལམ་ལུགས་ལག་བསྟར་བྱས་ཏེ། ཞིང་ལས་བདག་གཉེར་མ་ལག་གསར་པ་འཛུགས་སྐྱོང་བྱེད་པ་དང། ས་ཞིང་གི་བདག་དབང་གཏན་འཁེལ་བྱས་པའི་གྲུབ་འབྲས་བེད་སྤྱོད་པར་སྐུལ་འདེད་བཏང་སྟེ། ས་ཞིང་གི་ཐོན་ཕྱོད་དང་ངལ་རྩོལ་ཐོན་སྐྱེད་ལས་ཕྱོད། ཐོན་ཁུངས་སྤྱོད་ཕྱོད་བཅས་ཏག་ཏིག་གིས་ཇེ་མཐོར་གཏང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང། “ས་ཞིང་གསུམ”གྱི་བཅོས་སྒྱུར་ཚོད་ལྟའི་གནས་དམ་འཛིན་བྱེད་ཅིང། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་“སྟོང་ཆ་གསབ་པའི”ལས་གྲྭར་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། ཞིང་སྡེའི་དངུལ་རྩའི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་ལ་སྐུལ་འདེད་དང།དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཞིས་ལས་ཐོན་རྫས་ཀྱི་རིགས་སྣ་དང་ཁྱབ་ཁེབས་ས་ཁོངས་རྒྱ་བསྐྱེད་དེ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་འཕར་བ་དང། རོང་འབྲོག་པའི་ཡོང་འབབ་འཕར་བར་སྡོངས་གྲོགས་བྱ་དགོས།

(དྲུག) ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། སྤྱི་ཁོག་འཆར་འགོད་དང་མཐུན་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང། བར་སྟོང་དང་ས་ཁོངས་ལ་གཅིག་གྱུར་འཆར་འགོད་དང། འཕྲལ་ཕུགས་གཉིས་ལ་གཅིག་ལྕོགས་ཀྱིས་བསམ་བློ་བཏང་ནས། མཐུན་སྦྱོར་ངང་མཉམ་འགུལ་དང་ཕན་ཚུན་ལ་སྐུལ་འདེད་བྱེད་པའི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་ཅི་ཐུབ་ཀྱིས་འཛུགས་སྐྱོང་བྱ་དགོས།

ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཁྱེར་མུ་ཁྱུད་འཛུགས་སྐྲུན་བྱ་དགོས། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད་ལས་མཚོ་སྔོན་གྱི་ལག་བསྟར་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོང་ཁྱེར་གྱི་བར་སྟོང་བཀོད་པ་ལེགས་སྒྱུར་དང་། མཉམ་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱག་དགོས། “ཟི་ལིང་ཆེན་པོའི”འཕེལ་རྒྱས་རྣམ་པ་འཛུགས་སྐྱོང་བྱས་ཏེ། ཟི་ལིང་གི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང། ཕུལ་བྱུང་སྟོབས་ལྡན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་ཅིང། མདོ་པའི་མཁར་གསར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང། ཙོང་ཁ་རྫོང་བསྒྱུར་ནས་ཆུས་འཛུགས་པར་སྐུལ་འདེད་བྱེད་ཅིང། ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་དབྱིབས་གྲོང་ཁྱེར་བསྐྲུན་ནས། བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱ་དགོས། སྔོན་ལ་རྩི་ཤིང་འདེབས་འཛུགས་དང་རྗེས་སུ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འདུ་ཤེས་བཅངས་ནས། མཚོ་ཤར་གྱི་གྲོང་ཁྱེར་རྩོལ་ནུས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང། ཐོན་ལས་དང་མི་འབོར་བསྡུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རྨ་ཙོང་ཁུལ་གསར་འཛུགས་སྐྲུན་དང་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་ཅིང། གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་སྟེ།ཞིང་ཆེན་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་བ་བསྐྲུན་པར་འབད་དགོས། ཟི་ལིང་དང་མཚོ་ཤར་གཉིས་འཕེལ་རྒྱས་འཆར་འགོད་དང་ཕྱོགས་བསྡུས་འགྲིམ་འགྲུལ། ཆུའི་ཐོན་ཁུངས་བེད་སྤྱོད། ནུས་ཁུངས་དང་འཕྲིན་སྐྱེལ། སྐྱེ་ཁམས་སྲུང་སྐྱོང། དངུལ་རྩའི་ཞབས་ཕྱི། གཞི་རྩའི་སྤྱི་པའི་ཞབས་ཕྱི་སོགས་ཀྱི་ཐད་ནས་གཞི་གཅིག་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང། གྲོང་ཁྱེར་གཅིག་པའི་ཕན་ནུས་དང་སྤྱི་ཡོངས་དགེ་མཚན་མགྱོགས་པོར་ཆགས་སུ་བཅུག་ནས། སྟོབས་ཤུགས་ཡོད་དགུས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་ཐུབ་པའི་ལྟེ་བའི་འཕར་སྣེ་བསྐྲུན་དགོས།

ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྱུར་བྱ་དགོས། རྒྱལ་ཁབ་ཀྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་གསར་པ་འཛུགས་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཡོངས་ཀྱི་ས་ཁོངས་འཕེལ་རྒྱས་མ་ལག་ནང་མགྱོགས་པོར་འདྲེས་སུ་འཇུག་པ་དང་། ས་ཁུལ་སོ་སོའི་ལྟོས་བཅས་དགེ་མཚན་འདོན་སྤེལ་བྱས་ཏེ། “ལྟེ་བ་གཉིས་འཁོར་མདའ་གཅིག་བཙན་ས་གཅིག”གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། ཞིང་ཆེན་ས་ཁོངས་ཀྱི་བར་སྟོང་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། “སྲོལ་མང་མཉམ་འདྲེས”ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་ཀྱིས་འཆར་འགོད་གཞན་དག་ལ་མཛུབ་སྟོན་དང་འཆིང་གཅུན་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏང་དགོས། མཚོ་ནུབ་མགྱོགས་མྱུར་ངང་གོང་སྤེལ་དང་རིགས་སྒྱུར་བྱེད་པར་རྒྱབ་སྐྱོར་དང་། མཚོ་སྐོར་ས་ཁུལ་ཁྱད་ལྡན་ཅན་དང་མཁར་གྲོང་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་“གཙང་བོའི་འབྱུང་ཡུལ”སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཧུར་ཐག་གིས་ཞིབ་འཇུག་བྱས་ནཔས་རྨ་ཆུ་འབབ་ཡུལ་གྱི་འཕེལ་རྒྱས་ཁྲོད་དུ་འདྲེས་པར་སྐུལ་འདེད་བྱེད་པ་དང། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་རྨ་ཆུའི་སྐྱེ་ཁམས་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱེད་མགོ་བརྩམ་དགོས། “རྨ་ཆུ་ཟི་ལིང་དུ་འདྲེན་པའི”ལས་གྲྭའི་ལག་བསྟར་བགྱིད་པའི་ལོ་རྒྱུས་གོ་སྐབས་དམ་འཛིན་ལ་བརྟེན་ནས།

ཙོང་ཆུའི་སྐྱེ་ཁམས་དཔལ་འབྱོར་རྒྱུད་ཧུར་ཐག་གིས་བསྐྲུན་ནས། ཙོང་ཆུའི་འབབ་ཡུལ་དུ་ངོ་མཚར་སྟོང་ལྡན་གྱི་“མཐོ་སྒང་ལྡེབས་རིས”བསྐྲུན་དགོས།མཁར་གྲོང་ཅན་གསར་པ་སྐུལ་སྤེལ་བྱ་དགོས། མཁར་གྲོང་འཕེལ་རྒྱས་དང་ཐོན་ལས་འདེགས་སྐྱོར་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང། ན་གོར་མོ་དང་གཏེར་ལེན་ཁ། ཡུལ་ཤུལ། མང་ཡེ་སོགས་ཀྱི་ས་ཁོངས་རང་བཞིན་གྱི་གྲོང་ཁྱེར་རྩོལ་ནུས་འཐུས་ཚང་དུ་གཏང་དགོས་ལ། ཁུལ་སྲིད་གཞུང་ཆགས་གནས་ཀྱི་རྫོང་བསྒྱུར་ནས་གྲོང་ཁྱེར་འཛུགས་པར་སྐུལ་འདེད་བཏང་སྟེ། རྫོང་མཁར་གྱི་ཐེག་ཤུགས་ཇེ་ཆེར་གཏང་དགོས། ཁྱད་ལྡན་གྲོང་རྡལ་ཆུང་ངུ་གོ་རིམ་ལྡན་པར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཅིང་། མཛེས་པའི་མཁར་གྲོང་10དང་མཐོ་སྒང་གི་མཛེས་པའི་གྲོང་གསེབ་300གསར་དུ་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་བྱ་བའི་གྲོས་ཚོགས་འཚོག་པའི་གྲ་སྒྲིག་བྱེད་པ་དང། གྲངས་འཛིན་དང། རིག་ནུས། ལྗང་མདོག། མི་ཆོས་བཅས་ཀྱི་མཁར་གྲོང་འཛུགས་བྱ་དགོས། “གྲོང་ཁྱེར་གྱི་གསོ་གཉིས”ཚོད་ལྟའི་གནས་མུ་མཐུད་དུ་སྤེལ་དགོས་ལ། སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང། འགྲིལ་འགྲུལ་འགག་གནས་གཙོ་བོ་སྒྱུར་བཀོད་བྱེད་ཅིང། “རླངས་འཁོར་འཇོག་དཀའ་བའི”གནད་དོན་ཇེ་ཉུང་དུ་གཏང་དགོས། སྤྱིལ་ཁང་ཁུལ་དུ་ཁང་པ་ཁྲི་1སྒྱུར་བཀོད་དང་སྡེ་ཁུལ་རྙིང་གྲས་སུ་ཁང་པ་ཁྲི་3ལ་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པ་ལག་ལེན་དུ་བསྟར་དགོས། སྡོད་ཁང་གྲབས་གསོག་མ་དངུལ་གཅིག་སྡུད་བྱེད་ངོས་རྒྱ་བསྐྱེད་པའི་བྱ་བར་ཤུགས་སྣོན་རྒྱག་པ་དང། ཐབས་ལམ་མང་པོ་བརྒྱུད་ནས་དཀའ་ངལ་ཡོད་པའི་མི་ཚོགས་དང་མཁར་གྲོང་སྡོད་དམངས་གསར་པའི་གཞི་རྩའི་སྡོད་གནས་ཆ་རྐྱེན་ལེགས་བཅོས་དང་འགན་སྲུང་བྱ་དགོས། གྲོང་ཁྱེར་དུ་ཐེམ་ཐོ་འགོད་པའི་ཚད་བཀག་སྔར་བས་ཇེ་ལྷོད་དང། སྡོད་དཔང་གི་སྤྱི་པའི་ཞབས་ཕྱིའི་རྣམ་གྲངས་ཇེ་མང་དུ་གཏང་དགོས།

(བདུན) བཅོས་སྒྱུར་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། སྔར་བས་སྟོབས་ཤུགས་ལྡན་པའི་བྱེད་ཐབས་ཀྱིས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང། སྔར་བས་ཧུར་ཐག་ཡིན་པའི་རྣམ་འགྱུར་ཀྱིས་“རྒྱུད་གཅིག་ལམ་གཅིག”ནང་འདྲེས་པར་བྱས་ཏེ། ལྗང་མདོག་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་སྩོལ་དགོས། སྐྱེ་སྟོབས་སྤེལ་དགོས། སྦས་ཤུགས་སྔོག་དགོས།“གཤམ་སྤྲོད་དོ་དམ་ཞབས་ཕྱི”གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། “དཔང་འཕྲི་དམངས་ཕན་”འགུལ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྲིད་དོན་ཆ་འཕྲིན་མཉམ་སྦྲེལ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང། དྲ་གཅིག་ཀུན་སྒྲུབ་དང་དོན་གཅིག་གཙང་སྒྲུབ་ཀྱི་སྲིད་དོན་ཞབས་ཕྱི་མ་ལག་བཙུགས་ནས། ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས་དྲ་ཐོག་ནས་དངོས་པོ་ཉོ་བ་བཞིན་ཧ་ཅང་སྟབས་བདེ་ཡིན་པ་བྱ་དགོས།“དཔང་མང་ཆིག་སྒྲིལ་”དང་“ལག་ཁྱེར་རེག་རྗེས་དཔང་ཡིག་འཕྲི་བ”ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང། “ཞུགས་ཆོག་ཀྱང་གཉེར་མི་ཆོག་པའི”གནད་དོན་ཐག་གཅོད་ནུས་ལྡན་བྱ་དགོས། ཁྲོམ་ར་གཙང་སྒྱུར་གྱི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བགྱིད་པ་དང། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ཏན་ཏིག་གིས་ཇེ་དྲག་ཏུ་གཏང་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་པ་དང། སྐུལ་བསྟོད་དང་ཆད་གཅོད་བསླབ་འདོམས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཁྲོམ་རའི་གཙོ་གཞིའི་འཕེལ་རྒྱས་ཡར་སྐུལ་ལོའི་བྱེད་སྒོ་སྤེལ་བ་དང། ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དམིགས་ཚད་འཐུས་སྒོ་ཚང་བར་འཛུགས་པ་དང། ཁྲོམ་རར་ཞུགས་འཐུས་ཀྱི་ངན་ཕྱོགས་གསལ་ཐོའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་དང་འཐུས་ཚང་དུ་གཏོང་བ་དང། ཁེ་ལས་གཉེར་མགོ་རྩོམ་ཡུན་སྔར་བས་ཇེ་ཐུང་དུ་བཏང་སྟེ། རིགས་མི་འདྲ་བའི་ཁྲོམ་རའི་གཙོ་གཞི་སོ་སོ་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན་དགོས།གཙོ་གནད་ཁག་གི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱ་དགོས། རྒྱལ་དབང་མ་རྩས་ཀུང་སིར་མ་དངུལ་འཇོག་པ་དང་གཉེར་སྐྱོང་བྱེད་པ། ལས་འཛིན་པའི་ལྷན་ཚོགས་ཀྱི་འགན་དབང་དོན་འཁྱོལ་བྱེད་པ་བཅས་ཀྱི་བཅོས་སྒྱུར་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་བ་དང། རྒྱལ་དབང་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་གཅུན་པར་ཤུགས་སྣོན་རྒྱག་པ་དང། དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞི་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་ལ་ཧུར་ཐག་གི་སྐུལ་འདེད་བྱ་དགོས། ནོར་སྲིད་ཀྱི་ལས་ཕྱོད་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྔོན་རྩིས་གཏོང་སྤྲོད་བྱེད་པའི་འགྲོས་རིམ་ཇེ་མགྱོགས་སུ་གཏོང་བ་དང། སྤྱི་པའི་ནོར་སྲིད་འགྲོ་སོང་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་གསར་པ་བེད་སྤྱོད་ལེགས་པོ་བྱ་དགོས། ཁྲིམས་འཛིན་སྒྲིག་སྲོལ་ཀྱི་ཕྱོགས་བསྡུས་ལེ་ལག་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། “གཉེར་ཁྲལ་འཕར་སྒྱུར”སོགས་ཁྲལ་དོན་བཅོས་སྒྱུར་གྱི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱ་དགོས། རང་བྱུང་སོལ་རླངས་དང་གློག་ཤུགས། མཁར་གྲོང་གི་ཆུ་མཁོ་སྤྲོད། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་རིན་གོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས།གཞུང་སྤྱོད་རླངས་འཁོར་དང་ནགས་ལས། མཁོ་ཚོང་ཁང་སོགས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་དྲུག་གི་སྲིད་ཇུས་ཐབས་བཀོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེ་བྲག་གི་ཐབས་བཀོད་འཐུས་ཚང་དུ་གཏང་དགོས། ཁྲོམ་རར་ཞུགས་འཐུས་ཆ་རྐྱེན་སྔར་བས་ལྷོད་པ་དང་། དྲང་གཞག་གིས་འགྲན་རྩོད་བྱེད་པའི་ཁོར་ཡུག་བསྐྲུན་ནས།“ཤེལ་གྱི་སྒོ་དང། ལྡེམ་པའི་སྒོ། འཁོར་བའི་སྒོ”ཡི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱ་དགོས། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟའི་གནས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང། ཁེ་ལས་ཕྲན་ཆུང་གི་མ་དངུལ་བསྡུ་རུབ་དང་འགན་ལེན་བྱེད་པའི་མ་གནས་ཇེ་ཉུང་དུ་གཏོང་བའི་བྱ་དགའི་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ཉེན་ཁ་གསབ་འཇལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། “རྨང་གཉིས་མཉམ་འགུལ”ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་བྱེད་སྒོ་ཟབ་སྤེལ་བྱས་ནས། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་“མཐའ་མཇུག་གི་སྤྱི་ལེ་གཅིག”གེགས་མེད་དུ་བཟོ་དགོས། ཁེ་ལས་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང། ཁེ་ལས་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱས་ཏེ། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱ་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། ཁོངས་ཞུགས་ཁེ་ལས་རྣམས་ཀྱིས་མཉམ་དུ་འཕེལ་རྒྱས་བརྩོན་གཉེར་བྱེད་པར་སྐུལ་ཁྲིད་བྱ་དགོས། 2019ལོའི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུའི་གྲོས་ཚོགས་དང་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་དབུ་ཚོགས་ནུས་ཤུགས་ཡོད་དགུས་སྒྲུབ་གཉེར་ལེགས་པོ་བྱས་ཏེ། ཁྲོམ་རའི་གཙོ་གཞི་འཕེལ་རྒྱས་སུ་གཏོང་བར་ལས་སྟེགས་གསར་གཏོད་དང་གོ་སྐབས་གསར་སྐྲུན་བྱས་ནས། དམངས་གཉེར་ཁེ་ལས་སྔར་བས་མང་པོས་མཚོ་སྔོན་དུ་མ་དངུལ་གཏོང་འཇོག་དང་ལས་རིགས་དར་སྤེལ། ཁྲོམ་ར་རྒྱ་བསྐྱེད་དུ་ཡོང་བར་འགུགས་དགོས། ང་ཚོས་ཤུགས་བཏོན་ནས་བློ་ཉེ་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པ་དང། དམངས་གཉེར་དཔལ་འབྱོར་ལ་རོགས་རམ་བྱས་ཏེ་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་དང། མདུན་སྐྱོད་ཁྲོད་ཀྱི་གནད་དོན། འཚར་ལོངས་ཁྲོད་ཀྱི་སེམས་ཁྲལ་བཅས་ཐག་གཅོད་བྱས་ཏེ། ཐུན་མོང་ལ་དབང་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཐུན་མོང་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཆར་པ་ཆུ་གྲོགས་སུ་འགྱུར་བར་སྐུལ་འདེད་བྱ་དགོས།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དུ་འདྲེས་སུ་འཇུག་དགོས། རྒྱལ་སྤྱི་རྒྱལ་ནང་གི་ཐོན་ཁུངས་རིགས་གཉིས་དང། ཁྲོམ་ར་རིགས་གཉིས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། སྐམ་སའི་དབུས་ཁུལ་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་དགོས། ཀྲུང་ཕཱ་དང་། བྷང་ཀྲུང་ཧིན་འབར་གྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང། བར་སྣང་དང། སྐམ་ས། དྲ་ཐོག། ནུས་ཁུངས་བཅས་ཀྱི་དར་གོས་ཚོང་ལམ་སྟེ་“ལམ་བཞིའི”མཉམ་ལས་ལ་སྐུལ་འདེད་བྱེད་པ་དང། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སོགས་ཀྱི་སྒོ་འབྱེད་སྟེགས་བུ་བསྐྲུན་དགོས། གློག་ཤུགས་དང་འོད་ཝོལ། མདོག་ལྡན་ལྕགས་རིགས་སོགས་ཀྱི་ཁེ་ལས་“ཕྱི་རུ་བསྐྱོད”ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤེལ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ་དང། ཞིང་ཆེན་ནང་ཁུལ་གྱི་རྐང་འཛིན་ཁེ་ལས་ཕྱི་རྒྱལ་དུ་སོང་ནས་ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ས་གདན་དང་མི་རིགས་རྒྱན་གོས་སོགས་སྲོལ་རྒྱུན་གྱི་ཐོན་རྫས་དགེ་མཚན་ཅན་ཕྱིར་གཏོང་ཚད་བརྟན་རླིང་ཡོང་བར་བྱེད་པ་དང། འཕང་འབྲས་དང་སྣེའུ་འབྲུ། སྐམས་ཤ་ལུག་ཤ། ཆུ་འཁྱག་ཉ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚད་རྒྱ་བསྐྱེད་བྱ་དགོས། ཕྱི་ནང་གཉིས་ཀ་མཉམ་འཛིན་རྒྱུན་འཁྱོངས་བྱེད་ཅིང། ཧུར་ཐག་དང་རང་འགུལ་སྒོས་འབྲི་ཆུའི་དཔལ་འབྱོར་རྒྱུད་ལ་འདྲེས་སུ་འཇུག་པ་དང། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་དག་ལ་འབྲེལ་འདྲིས་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་སྔར་བས་ཆེན་པོ་ཐོབ་པར་བརྩོན་དགོས། དྭངས་གཙང་ནུས་ཁུངས་གླེང་སྟེགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམ་སྟོན་ཚོགས་འདུ་སྐབས་དང་པོ་འཚོག་རྒྱུ་ཧུར་ཐག་གིས་གྲ་སྒྲིག་བྱེད་པ་དང། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་གི་མཚོ་སྔོན་གྱི་འཕེལ་རྒྱས་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམས་སྟོན་དང་།“རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན”ཞེས་པའི་འགྲེམས་སྟོན། ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ཡོངས་སུ་འོས་སྦྱོར་བྱེད་སྒོ་བཅས་ལེགས་པར་སྤེལ་བ་དང། མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སོགས་འགྲེམས་ཚོགས་དང་འགྲན་བསྡུར་རྒྱལ་སྤྱིའི་ཅན་དང་ཁྲོམ་ར་ཅན་དུ་བསྒྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་ནམ་གྲོང་ཁྱེར་དྲུག་དང། ཀོང་ཏུང་ཞིང་ཆེན། ཧྲེན་ཀྲེན་གྲོང་ཁྱེར་བཅས་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་བྱེད་པའི་བྱ་བ་ཀུན་མུ་མཐུད་སྐས་རིམ་གསར་པ་ཞིག་ཏུ་འཛེགས་པར་སྐུལ་འདེད་གཏང་དགོས།

(བརྒྱད) དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་དགོས། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཅིང་ཆེེས་ཐད་ཀར་དང་ཆེས་མངོན་སུམ་དུ་སྣང་བའི་ཁེ་ཕན་གྱི་གནད་དོན་ནས་མགོ་བརྩམས་ཤིང། མིའི་ཐད་ལ་མ་དངུལ་གཏོང་འཇོག་དང་དམངས་འཚོར་བདེ་སྐྱིད་སྐྲུན་པའི་འཐབ་ཇུས་གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ། གང་ནུས་ཅི་ལྕོགས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐག་གཅོད་བྱ་དགོས།

ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏང་དགོས། ལས་ཞུགས་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་དང་ཁེ་ལས་དང་ལས་ཞུགས་བཅས་“ལས་གསུམ་མཉམ་འགུལལ་སྐུལ་འདེད་བྱེད་པ་དང། སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་གླ་རྒྱག་ཞིང་པ། དམག་ཁོངས་ནས་ལོག་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་བསྒྲུབས་ཏེ། ལས་ཞུགས་གཅིག་ཀྱང་བྱས་མེད་པའི་ཁྱིམ་ཚང་ལ་འགུལ་རྣམ་གྱིས་ལས་ཞུགས་ཡོད་པ་ཁག་ཐེག་བྱ་དགོས། ལས་ཡོང་འབབ་མཐོར་འདེགས་འགུལ་སྤྱོད་ལག་བསྟར་བྱས་ཏེ། སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དམིགས་ཟུར་བསྣན་གཅོག་འཕྲི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་འཕར་སྣོན་དང་རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་གཏན་འཁེལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། “འཐེན་ཐུག་དཔལ་འབྱོར”སོགས་ཁྱད་ལྡན་ངལ་ལས་ཀྱི་ཚོང་རྟགས་རྒྱུན་མི་ཆད་པར་སྐྱེད་སྲིང་བྱེད་པ་དང། “དབྱར་རྩྭ་དགུན་འབུའི་དཔལ་འབྱོར”སོགས་ཁྱད་ལྡན་གདོད་སྐྱེས་ཀྱི་ཐོན་ལས་མུ་མཐུད་དུ་དར་རྒྱས་སུ་གཏང་དགོས། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་གསབ་དངུལ་སྲིད་ཇུས་དོན་འཁྱོལ་དང། གླ་རྒྱག་ཞིང་པའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྐྱོང་དང། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ནགས་ཚལ་བདག་དབང་སྒྲིག་ཡོད་ཀྱིས་འཁོར་རྒྱུག་བྱེད་པར་སྣེ་སྟོན་བཅས་བྱས་ཏེ། ཐབས་ལམ་སྣ་མང་ནས་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་དགོས།ཤུགས་བཏོན་ནས་སློབ་གསོ་ལེགས་པོར་བསྒྲུབ་དགོས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་2035ལག་བསྟར་བྱེད་མགོ་བརྩམས་ཏེ། སྤྱོད་བཟང་འཛུགས་སྐྱོང་དང་མི་གཞི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང། དགེ་རྒན་དཔུང་སྡེའི་རྨང་གཞིའི་ནུས་པ་ཇེ་དྲག་ཏུ་བཏང་ནས། སློབ་གསོ་དེང་རབས་ཅན་སྤུས་ཚན་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས། ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་པ་གཙོ་གནད་དུ་བཟུང་སྟེ། བུ་བཅོལ་ཁང་28སྒྱུར་སྐྲུན་དང་རྒྱས་སྐྲུན་བྱེད་པ་དང་། བསླབ་གནས་4000གསར་དུ་བསྣན་དགོས། སློབ་ཤོར་ཚོད་འཛིན་དང་སློབ་གྲངས་བརྟན་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། འགན་བབས་སློབ་གསོའི་ཐད་དུ་གྲོང་གསེབ་ཉམ་ཐག་པ་དང་།མཁར་གྲོང་འཚང་ཁ་ཆེ་བ། འཛིན་གྲྭར་མི་གྲངས་མང་བ་སོགས་ཀྱི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱ་དགོས། མཐོ་རིམ་སློབ་འབྲིང་གི་སློབ་གསོ་མགྱོགས་མྱུར་ངང་ཁྱབ་གདལ་ཏུ་བཏང་སྟེ། མི་གྲངས་ཁྲི་5ཡན་གྱི་རྫོང་ཀུན་ལ་མཐོ་འབྲིང་དཀྱུས་མ་ཡོད་པ་མངོན་འགྱུར་བྱ་དགོས། ཞིང་ཆེན་ཕྱི་ནང་གི་སློབ་གསོའི་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ཏེ། ཡུལ་གཞན་དུ་འཛིན་གྲྭ་འཛུགས་པའི་གཞི་ཁྱོན་ཇེ་ཆེར་གཏང་དགོས། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བརྟན་རླིང་ངང་བཅོས་སྒྱུར་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བསླབ་ཕྱིའི་ཁུར་པོ་ཏན་ཏིག་གིས་ཇེ་ཡང་དུ་གཏང་དགོས། ལས་རིགས་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་དང་ཟླ་སྒྲིལ་བྱས་ཏེ། མཐོ་རིམ་ལས་རིགས་སློབ་གྲྭ་སྒྱུར་སྐྲུན་དང་རྒྱས་སྐྲུན་བྱེད་པར་སྒྲིག་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང། མཐོ་རིམ་སློབ་གླིང་ཁུལ་འཛུགས་པའི་འཆར་གཞི་འགོད་པ་དང། ཚན་རྩལ་རིགས་ཀྱི་དངོས་གཞིའི་སློབ་ཆེན་གཅིག་གསར་དུ་འཛུགས་པའི་བཀོད་པ་འཐེན་དགོས།

བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། “བདེ་ཐང་མཚོ་སྔོན་2030”ཞེས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་སྒོས་སྐུལ་སྤེལ་བྱེད་པ་དང། “སྨན་གསུམ་མཉམ་འགུལ”གྱི་བཅོས་སྒྱུར་སྒྲིལ་ཤུགས་དང་སྡེབ་རྩེག་ཕན་ནུས་ཇེ་དྲག་ཏུ་གཏང་དགོས། “དྲ་སྦྲེལ་སྨན་བཅོས་བདེ་ཐང”ལ་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ། རྒྱང་བསྟེན་སྨན་བཅོས་སོགས་བདེ་ཐང་ཞབས་ཕྱིའི་མ་དཔེ་གསར་པ་བསྐྲུན་པར་ཤུགས་བརྒྱག་དགོས། སྨན་བཅོས་འཕྲོད་བསྟེན་གྱི་བྱ་བའི་ལྟེ་བ་དང་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཉིས་ཀ་འོག་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང། ཁུངས་དཀོན་པའི་སྨན་དང། རིན་དམའ་བའི་སྨན། སྐྲན་འགོག་པའི་སྨན། བྱིས་པར་སྤྱོད་པའི་སྨན་བཅས་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་པ་དང། མང་ཚོགས་ཀྱི་སྨན་བཅོས་འགྲོ་སོང་མཐོ་བ་དང། སྨན་པར་བསྟེན་དཀའ་བ། སྨན་ཁང་ཐག་རིང་བ་སོགས་ཀྱི་གནད་དོན་ཐབས་མང་མཉམ་སྤྱོད་ཀྱིས་ཐག་གཅོད་བྱ་དགོས། དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལ་རྒྱུན་མཐུད་ངང་ལེགས་པོ་བཤམ་དགོས། གཞི་རིམ་གྱི་སྤྱི་པའི་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་ལ་ལ་ཤུགས་སྣོན་རྒྱག་པ་དང། དམངས་ཡོངས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱེད་པའི་

འགུལ་སྐྱོད་རྒྱ་ཆེར་སྤེལ་ནས། རྩལ་འགྲན་ལུས་སྦྱོང་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས།སྤྱི་ཚོགས་འགན་སྲུང་དྲ་བ་ཞིབ་ཚགས་བཟོ་དགོས། གཞི་རྩ་བརྟན་སྲུང་དང། ཞན་ཆ་ཁ་གསབ།མཐའ་ཚད་འགབ་སྐྱོར་བཅས་རྒྱུན་འཁྱོངས་བྱས་ཏེ། དམངས་ཡོངས་འགན་བཅོལ་དུ་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་འགུལ་རྣམ་གྱིས་སྤར་བའི་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་དང། ཚོང་ལས་སྨན་བཅོས་འགན་བཅོལ་དང་ཁེ་ལས་ཀྱི་ལོ་ཕོགས་འཕེལ་རྒྱས་སུ་གཏོང་བར་བསྟོད་སྐུལ་བྱས་ཏེ། རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་འབོར་དང་མཁར་གྲོང་གི་དབུལ་ཕོངས་མང་ཚོགས་ལ་སྨན་བཅོས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཕྱི་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་དང། རོང་འབྲོག་ཁུལ་དུ་ལོ་ལོན་ཁེར་འདུག་གི་རྒན་གསོ་ཞབས་ཕྱིའི་སྤྱི་ཕན་ལས་གནས་ཀྱི་ཚོད་ལྟའི་གནས་སྤེལ་བར་འཚོལ་ཞིབ་བྱས་ཏེ། ལོ་ལོན་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བར་བྱ་དགོས། ཁྱིམ་ལུས་བྱིས་པར་དོ་ཁུར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་སྡུག་ཏུ་ལྷུང་བའི་བྱིས་པར་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བྱིས་པ་རྣམས་དགའ་སྤྲོའི་ངང་འཚར་ལོངས་འབྱུང་བར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་དང་གཟིགས་སྐྱོང་སོགས་ཀྱི་འགན་སྲུང་ཚད་གཞི་གོམ་ཁ་བརྟན་པོར་ཇེ་མཐོར་དང། དབང་པོ་སྐྱོན་ཅན་ལ་དོ་ཁུར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། མཐིལ་སྐྱོར་བྱ་བ་ཏན་ཏིག་གིས་བསྒྲུབས་ཏེ། སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་དྲོད་སྐྱིད་འཁོལ་ཞིང། དམངས་འཚོའི་བདེ་སྐྱིད་ནི་སྔར་བས་ཚོར་སྣང་ཐུབ་པ་བྱ་དགོས།

དམངས་ཀྱིས་རེ་འབོད་བྱས་ན། སྲིད་གཞུང་གིས་ངེས་པར་ཨ་ལན་སྤྲོད་དགོས། ན་ནིང་གི་ལོ་མཇུག་ཏུ། ང་ཚོས་“སྒོ་ཕྱེ་ནས་དམངས་འཚོ་གཉེར་བ”ཡིན་ཏེ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་མངོན་གསལ་དུ་2019ལོའི་དམངས་འཚོར་དོན་དངོས་སྒྲུབ་པའི་ལས་གཞི་འཚོལ་བསྡུ་བྱས་ལ། སྲིད་གཞུང་གིས་“ཟས་སྡེབ་པ”དེ་མང་ཚོགས་ཀྱིས་“ཟས་འདེམས་པ”རུ་བསྒྱུར་ཅིང། གྲོས་འགོ་389བསྡུ་ལེན་བྱས་པའི་ཁྲོད་ནས། ཉི་འོད་སྐྱེད་སྲིང་དང་། བདེ་སྐྱིད་རྒན་གསོ། ཉམ་ཐག་རོགས་སྐྱོར། མཛེས་པའི་ཁྱིམ་གཞིས་སོགས་ཕྱོགས་10ཡི་དམངས་འཚོའི་དོན་དངོས་བསལ་འདེམས་བྱས་ནས་གཏན་ལ་ཕབ།ང་ཚོས་འདི་དག་འཆང་བཟུང་བྱས་ནས་རེ་རེ་བཞིན་དོན་འཁྱོལ་ལེགས་པོ་བྱས་ཏེ། དམངས་འཚོའི་བྱ་བ་དེ་དོན་ངོ་མས་དམངས་ཀྱི་འདོད་བློར་བསྟུན་པ་དང། དམངས་ཀྱི་གནས་ཚུལ་ལ་མཐུན་པ། དམངས་ཀྱི་དཀའ་སྡུག་སེལ་ཐུབ་པའི་“དམངས་འདོད་ལས་གྲྭ”ཞིག་ཏུ་ངེས་པ་དོན་གྱིས་བསྒྲུབ་དགོས།

(དགུ) སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཚིགས་མཚམས་སུ་སྔོན་འགོག་དང་། ཐོལ་བྱུང་ཅན་སྔོན་འགོག། མི་མངོན་པ་སྔོན་འགོག་བཅས་ནི་མིག་གིས་ལྟ་ས་བྱེད་ཅིང།མཉམ་སྐྲུན་མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ནས། ཆབ་སྲིད་བདེ་འཇགས་དང། སྤྱི་ཚོགས་བདེ་འགོད། མི་དམངས་བདེ་ལྡན་ཡོང་བར་སྐུལ་འདེད་བྱ་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་དགོས། “བརྒྱད་སྐྱོད”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་རྫོང་བསྐྲུན་པར་ཤུགས་ཆེན་པོ་བརྒྱག་དགོས། མེས་རྒྱལ་གྱི་ལྟ་བ་དང། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་ཟབ་སྤེལ་བྱས་ཏེ། “མོས་སེམས་ལྔ”རྒྱུན་མི་ཆད་པར་ཇེ་དྲག་ཏུ་དང། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་པ་ཡིན་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏང་དགོས། “འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཆང་བ་དང། མི་རིགས་སོ་སོའི་བར་ཕན་ཚུན་གྱི་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་དུ་སྤུན་ཟླ་བཞིན་དུ་བརྩེ་དུང་ཟབ་ཅིང་ཕན་ཚུན་ལ་སོ་སྲུང་རོགས་རེས་ཐུབ་པ་བྱ་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ། ཆོས་ལུགས་སོ་སོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་བསྟུན་པར་སྣེ་སྟོན་ཧུར་ཐག་བྱ་དགོས།སྤྱི་ཚོགས་སྔར་བས་འཆམ་མཐུན་དང་དྲང་བདེན་ཡོང་བར་བསྐུལ་དགོས། ལག་སྔ་རྩོད་ཀྱིས་ཆབ་སྲིད་དང། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཚན་རྩལ། སྤྱི་ཚོགས། ཕྱི་རོལ་ཁོར་ཡུག། ཏང་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་གྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་དགོས། རྡུང་འགོག་མཉམ་སྤེལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་དུ་སྤེལ་ནས། སྤྱི་ཚོགས་ཀྱི་བརྟན་འཇགས་ཏན་ཏིག་གིས་སྲུང་སྐྱོང་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང། བསམ་བློའི་སློབ་གསོ་དང་ཀུན་སྤྱོད་བསླབ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་སུ་སྤྱོད་བཟང་དང་དྲང་བདེན་

དར་བར་བྱ་དགོས། ལངས་གཟུགས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་འགོག་འཛིན་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། “ཧྥེང་ཆའོ་ཉམས་མྱོང”རང་ཡུལ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏིང་ཟབ་བྱེད་ཅིང། བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་“པད་མའི་ཉམས་མྱོང”དང་“ཡུལ་ཤུལ་གྱི་ཉམས་མྱོང”ཁྱབ་གདལ་དུ་བཏང་ནས་ཉེ་བར་སྤྱོད་པ་དང། མི་རེ་རེར་འགན་འཁྲི་ཡོད་ཅིང་མི་རེ་རེས་འགན་འཁྲི་སྒྲུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཕུང་བོ་གཅིག་པ་བསྐྲུན་ནས། མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ་འགན་སྲུང་བྱ་དགོས།

འཚུབ་ཟློག་འགན་སྲུང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ་དང། དབང་ཆ་དང་འགན་འཁྲི་མཐུན་པ། དབང་ཟིལ་དང་ཕན་ནུས་ཆེ་བའི་འཚུབ་ཟློག་དོ་དམ་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང། འཚུབ་ཟློག་འཁྲབ་སྦྱོང་དང་མྱུར་སྐྱོབ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས་ལ། འཚུབ་ཟློག་གི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང། དོན་རྐྱེན་དང་གནོད་འཚེ་སྔོན་འགོག་དང་འཚུབ་ཟློག་བྱེད་པའི་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་སུ་གཏོང་བ་དང། ཉེན་མེད་ཐོན་སྐྱེད་གྱི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ནན་མོ་བྱས་ཏེ། དོན་རྐྱེན་ཚབས་ཆེན་རིགས་མི་འདྲ་བ་འབྱུང་བར་མཐའ་གཅིག་ཏུ་སྔོན་ཟོན་དང་གཏན་འགོག་བྱ་དགོས།དེ་དང་ཆབས་ཅིག་ཏུ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་བ་ལེགས་པོར་སྒྲུབ་དགོས་པ་དང། “ལྔ་ཚན་བཅུ་བཞི་བའི”འཆར་འགོད་སྒྲིག་བཟོ་བྱེད་མགོ་བརྩམ་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང། ཟས་རིགས་དང་སྨན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏང་དགོས། དམག་ཁོངས་ནས་ལོག་པའི་དམག་མིའི་ལས་དོན་དང་དམངས་ཡོངས་རྒྱལ་སྲུང་སློབ་གསོ། རྒྱལ་སྲུང་སྐུལ་སློང། གཉིས་བཀུར་གཟིགས་སྐྱོང་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་སྒྲུབ་པ་དང། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་བརྟན་སྲུང་དང་སྐུལ་སྤེལ་གཏང་དགོས། ཁྲིམས་ལྟར་ལོ་རྒྱུས་འབྲི་ཚུལ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་དང་ལོ་གསལ་མེ་ལོང་གཉིས་ཀ་ཚང་བའི་དམིགས་འབེན་ཕལ་ཆེར་ལེགས་འགྲུབ་བྱེད་ཅིང་། ས་གནས་ལོ་རྒྱུས་ཀྱི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བ་རིམ་གྱིས་མངོན་འགྱུར་བྱ་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། གནམ་གཤིས་དང་ས་ཡོམ། ཕྱི་དོན་དང་ཀང་ཨའོ་ཐའེ་སོགས་ཀྱི་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས།

གསུམ། སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

ད་ལོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། གོམ་པ་རེར་རྐང་རྗེས་རེ་བཞག་སྟེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཆེད། ང་ཚོས་ཡིད་ཆེས་བརྟན་པོའི་སྒོ་ནས་རྒྱུན་ཆད་མེད་པར་འབད་བརྩོན་དང་། དཀའ་བ་ཁྱད་བསད་ཀྱི་སྒོ་ནས་རང་ནུས་སྦྱོར་བརྡར་བྱས་ཏེ།བྱང་ཚད་མཐོ་བའི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པ་དང། སྲིད་གཞུང་གི་སྲིད་སྐྱོང་ནུས་པ་དང་ཞབས་ཕྱིའི་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་བློ་བདེ་ཞིང་མི་དམངས་མང་ཚོགས་ཡིད་ཚིམ་པའི་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་འབད་དགོས།

ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་བྱེད་ཅིང་གོ་བ་གཏིང་ཟབ་པ་བླངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང།“ཡིད་ཆེས་བཞི”གཡོ་བ་མེད་པར་བྱེད་ཅིང། “སྲུང་སྐྱོང་གཉིས་”ལེགས་པོར་བསྒྲུབ་དགོས། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བར་མཚོ་སྔོན་འདུ་ཤེས་མཐའ་གཅིག་ཏུ་འཛིན་དགོས། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་གནང་བར་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང། སྲིད་གཞུང་མ་ལག་གི་ཏང་འཛུགས་སྐྱོང་ལ་སྔར་ཤུགས་སྣོན་བརྒྱག་དགོས། “ནན་གསུམ་རྣལ་གསུམ”གྱི་བླང་བྱ་ལག་ལེན་ནན་ཏན་བྱེད་པ་དང། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ནམ་ཡང་ལྷོད་པ་མེད་པར་དག་ཐེར་བྱེད་ཅིང། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཉེན་ཁ་འགོག་ཟོན་བྱེད་པ་དང་བརྟན་རླིང་ངང་ཡར་རྒྱས་ལ་བརྩོན་པ། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས།

མགོ་ཁྲིད་ནས་“འཚོ་བ་འཁོས་ཆུང”རོལ་དགོས། དཀའ་སྤྱད་འབད་བརྩོན་གྱི་སྤྱོད་བཟང་དར་སྤེལ་བྱས་ཏེ། “གཞུང་གསུམ”གྲོན་དངུལ་གྱི་སྔོན་རྩིས་ལ་ཚོད་འཛིན་གཟབ་ནན་བྱེད་པ་དང།ཕན་ཆུང་ཕན་མེད་ཀྱི་འགྲོ་སོང་དག་མེད་པར་གཏང་དགོས། གཙོ་གནད་ཅན་དང་འགྱུར་མེད་ཅན་གྱི་འགྲོ་སོང་ལས་གཞན། ཁྱབ་ཁོངས་གཞན་དག་གི་འགྲོ་སོང་སྤྱིར་བཏང་ཅན་ཚང་མ་གཅོག་འཕྲི་བྱེད་པའི་ཁྱབ་ཁོངས་སུ་བསྡུས་ཏེ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་5%ལས་མི་ཉུང་བའི་བསྡུར་ཚད་ལྟར་གཅིག་གྱུར་གྱིས་གཅོག་འཕྲི་བྱ་དགོས། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྒུལ་མེད་མ་དངུལ་དག་མུ་མཐུད་དུ་ཧུར་པོ་བཏང་ནས་བཀོལ་སྤྱོད་ལེགས་པོ་བྱ་དགོས། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། གྲོན་ཆུང་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྲིད་གཞུང་གིས་འཚོ་བ་འཁོས་ཆུང་རོལ་ནས་མི་དམངས་ལ་འཚོ་བ་འཁོས་ལེགས་བསྐྲུན་དགོས།

བྱ་བའི་སྤྱོད་ཚུལ་བསྒྱུར་དགོས། “སྲིད་ཇུས་དོན་འཁྱོལ་བྱེད་ལོའི”བྱེད་སྒོ་སྤེལ་བ་དང།འཁུར་ཕོད་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང། སྐུལ་ལྕག་འདེབས་པ་དང་འགན་འཁྲི་རྩད་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། དངོས་འཚོལ་བདེན་གཉེར་གྱིས་བཅོས་སྒྱུར་དམ་འཛིན་དང། གོ་སྐབས་རྩོད་ལེན་གྱིས་འཕེལ་རྒྱས་འཆར་འགོད་བྱས་ཏེ། “གཟེར་མ་འདེབས་པའི”སྙིང་སྟོབས་ཀྱིས་བྱ་བ་མཐའ་དག་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། “གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལོའི”བྱེད་སྒོ་སྤེལ་བ་དང། “ཡིག་ཆ་རི་རབ་སྤུང་སྤུང་དང་ཚོགས་འདུ་རྒྱ་མཚོ་སྐྱིལ་སྐྱིལ”ལ་ཤུགས་ཆེན་པོས་དག་ཐེར་བྱ་དགོས་ལ། ལྟ་སྐུལ་དང་ལྟ་ཞིབ་དང་དཔྱད་ཞིབ་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་གཅོག་འཕྲི་དང་ཚད་ལྡན་དུ་གཏོང་བ་དང། “རྗེས་ཤུལ”བཏོད་དྲགས་པ་སོགས་ཀྱི་གནད་དོན་དངོས་གནས་ཡོ་བསྲང་བྱས་ཏེ། གཞི་རིམ་གྱི་དུས་ཚོད་སྔར་བས་མང་པོ་དོན་དངོས་སྒྲུབ་པ་དང་དོན་འཁྱོལ་བྱེད་པའི་ཐད་ལ་གཏོང་དུ་འཇུག་དགོས།

སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་གྱི་མཇུག་སྐྱོང་བའི་བྱ་བ་ལེགས་པོར་སྒྲུབ་པ་དང། ནང་ཁུལ་གྱི་འགན་འཁྲི་དང་ལས་སྒོ་ཟླ་སྒྲིལ་བྱེད་པར་ཤུགས་སྣོན་པ་དང། འགན་ནུས་སྦྲེལ་མཐུད་དང་མི་སྣ་མཐུན་འདྲེས་ཡོང་བར་སྐུལ་འདེད་བྱེད་ཅིང། ལེགས་སྒྱུར་དང་མཉམ་སྒྲུབ་དང་ཕན་མཐོ་ཡིན་པའི་སྒྲིག་གཞིའི་འགན་ནུས་མ་ལག་འཛུགས་སྐྱོང་བྱས་ཏེ། ནུས་ཕྱོད་མཐོ་བའི་སྲིད་གཞུང་བསྐྲུན་དགོས། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་ཀྱི་བཅོས་སྒྱུར་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། རྫོང་རིམ་པའི་ལས་ཁུངས་ཀྱི་“གཅིག་གིས་མང་སྒྲུབ”དང་“མང་པོས་གཅིག་སྒྲུབ”ལ་རྒྱབ་སྐྱོར་བྱེད་ཅིང། དབང་ཆའི་“ལུས་ཕྲ་བ”དང། ཞབས་ཕྱིའི་“ཁམས་བདེ་བ”ཆགས་པར་སྐུལ་འདེད་བྱས་ཏེ། ཁུ་བསྡུས་ཕན་མཐོ་ཡིན་པའི་གཞི་རིམ་དོ་དམ་སྒྲིག་སྲོལ་འཛུགས་པར་འབད་དགོས།

ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱ་དགོས། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ཀྱི་བྱེད་སྒོ་སྤེལ་དགོས། གཙོ་གནད་ཁྱབ་ཁོངས་སུ་སྲིད་གཞུང་གིས་ཁྲིམས་འཛུགས་པར་ཤུགས་སྣོན་རྒྱག་པ་དང། གཟབ་ནན་དང་། ཚད་ལྡན། དྲང་གཞག། དཔལ་ཡོན་ལྡན་པའི་སྒོ་ནས་ཁྲིམས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་གྱི་བླང་བྱ་དེ་སྲིད་གཞུང་གི་བྱ་བའི་ཐོག་མཐའ་ཀུན་ཏུ་སྟར་ལ་བརྒྱུ་དགོས། ཁྲིམས་སྐྱོང་གི་དབང་ཟིལ་སྲུང་སྐྱོང་དང། གྲོས་མོལ་གྱི་དམངས་གཙོ་སྐུལ་སྤེལ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་རྟོགས་སྒོས་དང་ལེན་བྱེད་པ་དང། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་ཅིང། གླེང་ཕྱོགས་གནས་ཚུལ་ལ་དུས་ཐོག་ཏུ་སྣེ་ཁྲིད་དང་ལན་གློན་ལེགས་པོ་བྱས་ཏེ། སྲིད་གཞུང་གི་སྤྱི་རྟོན་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས།

སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་ནན་ཏན་བྱེད་པ་དང།སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་བྱ་བ་ཏན་ཏིག་གིས་སྤེལ་དགོས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལས་གནས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང། མང་ཚོགས་ཀྱི་གམ་དུ་བྱུང་བའི་སྤྱོད་ཚུལ་ཐ་ཤལ་དང་རུལ་སུངས་གནད་དོན་ལ་ཆད་པ་གཅོད་ཤུགས་ཇེ་ཆེར་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགག་གཏོར་གྱི་གཡུལ་འཐབ་དང་ཡུན་རིང་གི་གཡུལ་འཐབ་ལེགས་པོར་བཤམ་དགོས།

འཐུས་མི་རྣམ་པ། རླབས་ཆེ་བའི་ཕུགས་འདུན་ནི་ནུས་རྩལ་ཡོད་དགུ་སྤྲུགས་ནས་བསྒྲུབ་དགོས་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུའི་ཞུམ་མེད་ཀྱི་མགོ་ཁྲིད་འོག་ཏུ། དམིགས་འབེན་གཟས་ནས་བརྩོན་པ་བསྐྱེད་ཅིང་། ཕུ་ཐུང་བརྫེས་ནས་ལས་ལ་གཞོལ་ཏེ།རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་ཕུགས་འདུན་ལས་མཚོ་སྔོན་གྱི་ལེའུ་འབྲི་བཞེངས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས། 

 2019 ལོའི་ཟླ 1 ཚེས 26 ཉིན་ལ་པར་ཏུ་བཏབས་པ།